ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དཔལ་འབྱོར་སྤྱི་ཚོགས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་པའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ལན་ཆ་བཟང་པོ་བྱུང་ཡོད། རིགས་གཅིག་མཁས་པ་དང་རིག་གནས་པ། ལས་བྱེད་མང་ཚོགས་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་དོན་གཞིར་བཟུང་། རྩོད་སྒྲུབ་ཀྱི་བསམ་བློ་གཏོང་སྟངས་ཐོག་ནས་གོང་འཕེལ་གྱི་དུས་མཚམས་གསར་པའི་གོ་སྐབས་གསར་པ་དང་འགྲན་རྩོད་གསར་པར་ལྟ་བ་བརྒྱུད། སྤུས་ཚད་སྔར་བས་མཐོ་བ་དང་། ནུས་འབྲས་སྔར་བས་ཆེ་བ། སྔར་བས་དྲང་བདེན། སྔར་བས་རྒྱུན་མཐུད། སྔར་བས་བདེ་འཇགས་བཅས་ཀྱི་གོང་འཕེལ་མངོན་འགྱུར་ཐུབ་པ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།
བློ་ཁོག་ཆེན་པོས་གསར་གཏོད་བྱེད། ཉམས་ཉེན་གོ་སྐབས་ལ་བསྒྱུར་མཁས་པོ་བྱེད་ཅེས་པ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུའི་ཐོག གོང་འཕེལ་གྱི་དུས་མཚམས་གསར་པར་སླེབས་སྐབས། རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་དེས་གོ་སྐབས་གསར་པ་རབ་དང་རིམ་པ་བཏོད་ཡོད་ལ། འགྲན་རྩོད་གསར་པ་ཡང་རབ་དང་རིམ་པ་འཕྲད་ཡོད་པས། ཉམས་ཉེན་དང་གོ་སྐབས་མཉམ་གནས་དང་། ཉམས་ཉེན་ཁྲོད་གོ་སྐབས་གནས་པ། ཉམས་ཉེན་གོ་སྐབས་སུ་བསྒྱུར་ཆོག་པ་བཅས་ཡིན་ཞེས་ནན་སྟོན་གནང་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ལ་ཚོགས་ཞུགས་རིགས་གཅིག་མཁས་པའི་ཁྲོད་ཚད་མཐོའི་ལན་ཆ་བྱུང་ཡོད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་ཁང་གི་འགོ་འཛིན་ཝང་ཁྲང་ལིན་གྱིས། ད་ལོ་ནི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་བྱ་རྒྱུར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ལོ་ཞིག་ཡིན་ལ། རྒྱང་སྐྱོད་གསར་པ་འགོ་འཛུགས་ལ་ཉེ་བའི་འགག་རྩའི་ལོ་ཞིག་ཀྱང་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགག་རྩའི་དུས་མཚམས་འདིར་གནང་བའི་གལ་ཆེའི་བརྡར་གཅོད་ལ་དམིགས་བསལ་རང་བཞིན་དང་མཛུབ་སྟོན་རང་བཞིན་ཧ་ཅང་ཆེན་པོ་ལྡན་ཡོད་ཅེས་གསུངས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སླད་ཕྱིན་དུས་སྐབས་ཤིག་རིང་། ང་ཚོས་རྙོག་འཛིང་ཆེ་བའི་ཕྱི་ཕྱོགས་ཁོར་ཡུག་ལ་ཁ་གཏད་གཅོག་དགོས་པས། ངེས་པར་དུ་ཉེན་ཁ་དང་འགྲན་རྩོད་གསར་པ་རབ་དང་རིམ་པར་ཁ་གཏད་གཅོག་པའི་གྲ་སྒྲིག་ལེགས་པོ་བྱེད་དགོས་ཞེས་བསྟན་གནང་ཡོད།
བཞུགས་མོལ་ཚོགས་འདུར་ཞུགས་པའི་ཆིང་ཧྭ་སློབ་ཆེན་རྒྱལ་ཁབ་དངུལ་རྩ་ཞིབ་འཇུག་ཁང་གི་འགོ་འཛིན་ཀྲུའུ་མིན་གྱིས། ངས་བལྟས་ན་སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་ཁ་ཕྱོགས་ཧ་ཅང་གསལ་པོ་ཞིག་བསྟན་གནང་འདུག་སྟེ། ང་ཚོས་གོ་སྐབས་མཐོང་དགོས་པ་དང་། བློ་ཁོག་ཆེན་པོས་གསར་གཏོད་དང་སྒོ་འབྱེད་བྱས་པ་བརྒྱུད་ཉེན་ཁ་གོ་སྐབས་སུ་བསྒྱུར་དགོས་ཞེས་གསུངས་ཡོད།
སྤྱི་ལོ ༢༠༠༨ ལོར་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་ཐོན་པ་ནས་བཟུང་། རང་རྒྱལ་གྱི་དཔལ་འབྱོར་དེ་ཉིད་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོས་གཙོ་བོ་བྱེད་པའི་ཕྱོགས་སུ་འགྱུར་ལྡོག་ཕྱིན་ཡོད། ད་ལོ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོས་གཙོ་གཟུགས་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱི་གཉིས་ཀར་འཁོར་རྒྱུག་ཐུབ་པའི་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་ཆགས་པ་བྱེད་དགོས་ཞེས་ཐེངས་མང་བཏོན་གནང་ཡོད། བཞུགས་མོལ་ཚོགས་འདུའི་ཐོག ཁོང་གིས། རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་ཤར་གཏོང་ཐུབ་རྒྱུས་གཙོ་བོ་བྱས་ནས་གོང་འཕེལ་གྱི་གནས་སྟངས་གསར་པ་གཏོད་དགོས་ཞེས་ནན་སྟོན་གནང་ཡོད།
ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་ཨན་ཐའེ་དཔལ་འབྱོར་དང་དོ་དམ་སློབ་གླིང་གི་དམིགས་བསལ་གདན་ཞུས་དགེ་རྒན་ཆེ་མོ་བ་ལུའུ་མིང་ནི་བཞུགས་མོལ་ཚོགས་འདུའི་ཐོག་གཏམ་བཤད་གནང་མཁན་རིགས་གཅིག་མཁས་ཅན་གྱི་གྲས་ཡིན། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅིའི་བཀོད་སྒྲིག་དང་བླང་བྱ་རབ་དང་རིམ་པར་གཞིགས་ན། ཀྲུང་གོའི་དཔལ་འབྱོར་དེ་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་དུས་མཚམས་གསར་པར་སླེབས་རྒྱུ་ཡིན་པའི་ངོས་འཛིན་གནང་བ་རེད།
མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་སྒྱུར་བཅོས་བྱེད་པའི་འཐབ་ཇུས་ཀྱི་ཁ་ཕྱོགས་འདི་རྒྱུན་འཁྱོངས་བྱེད་པ་དང་། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ཀྱི་གཞི་གནས་འདི་དམ་པོར་བཟུང་དགོས། རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་ཤར་གཏོང་ཐུབ་རྒྱུ་གཙོ་བོར་བྱས་ནས་གོང་འཕེལ་གྱི་རྣམ་པ་གསར་པ་གཏོད་དགོས་ཞེས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་ལ་ས་གནས་ཁག་ཏུ་དེ་མཚུངས་ཀྱི་ལན་ཆ་བཟང་པོ་བྱུང་ཡོད།
རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཨན་ཧུའེ་ཞིང་ཆེན་ཁྲལ་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཅེ་ཧྲེང་གིས། ཁྲལ་བསྡུའི་གཞི་གྲངས་ཆེན་པོའི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་མཁོ་སྤྲོད་སྦྲེལ་ཐག་གི་སྦྲེལ་མཐུད་ལས་སྟེགས་བེད་སྤྱོད་བྱས་ཏེ། དུས་ཐོག་ཏུ་ཁེ་ལས་ལ་འོས་ཤིང་འཚམ་པའི་མཁོ་སྤྲོད་ཚོང་པའམ་ཉོ་སྒྲུབ་ཚོང་པའི་ཆ་འཕྲིན་མཁོ་འདོན་བྱེད་པ་དང་། ཐོན་ལས་གོང་འོག་དང་ཐོན་འཚོང་སྦྲེལ་མཐུད་ཐུབ་རྒྱུར་ཁྲིད་སྟོན་གནད་ལ་འཁེལ་བ་བྱེད་པ། དུས་མཚུངས་སུ། ང་ཚོས་ཕྱིར་གཏོང་ཁྲལ་སློག་ཞབས་ཞུ་སྔར་བས་ལེགས་སུ་བཏང་ནས། ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཀྱི་མ་དངུལ་གྱི་གནོན་ཤུགས་ཆུང་དུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
ཅང་ཞི་ཀན་ཀྲའུ་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ནི་རྒྱལ་ཡོངས་ཀྱི་གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་གྱི་བཙུགས་སྔ་བའི་རྒྱལ་ཁབ་རིམ་པའི་གསར་སྤེལ་ཁུལ་ཞིག་རེད། གསར་སྤེལ་ཁུལ་ནོར་སྲིད་ཅུས་ཀྱི་ལས་དོན་པ་ཐང་ཡུས་ཀྱིས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱིས་ས་གནས་དེ་གའི་གློག་རྡུལ་ཆ་འཕྲིན་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་གོང་འཕེལ་བཏང་ནས་རྒྱལ་ནང་གི་ཁྲོམ་རའི་དགོས་མཁོ་སྐོང་རྒྱུ་ཡིན་པ་སྔར་བས་ཁ་གསལ་དུ་ཕྱིན་ཡོད་ཅེས་གསུངས་ཡོད།
ཧྲན་ཏུང་ནི་རྨ་ཆུ་རྒྱུག་ཁོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུའི་དཔལ་འབྱོར་འགག་སྒོ་ཡིན་ཞིང་། རྨ་ཆུ་རྒྱུག་ཁོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུའི་ཞིང་ཆེན་གྱི་ལྟེ་གནས་དང་རང་སྐྱོང་ལྗོངས་ཀྱི་ལྟེ་གནས་གྲོང་ཁྱེར་གྱིས་ཐུན་མོང་ཐོག་མཉམ་ལས་གྲོས་འགོ་བཏོན་ནས། སྐམ་མཚོ་མཁའ་གསུམ་དང་ལྕགས་ལམ་སོགས་འགག་གནད་མང་པོར་གཅིག་གྱུར་འཆར་འགོད་བྱས་ནས། མི་དང་། རྒྱུ་ནོར། དངོས་པོ་སོགས་རྒྱུ་རྐྱེན་གཙོ་བོའི་འཁོར་རྒྱུག་ལ་སྐུལ་འདེད་གཏོང་བཞིན་ཡོད། ཧྲན་ཏུང་ཞིང་ཆེན་གྲུ་ཁ་ཚོགས་པའི་འགན་འཁུར་བ་ལི་ཧྥེང་ལི་ཡིས། སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ལྟར་དེ་བས་ལེགས་པའི་མཁོ་སྤྲོད་སྦྲེལ་ཐག་མ་ལག་ཅིག་བསྐྲུན་རྒྱུ་ཡིན་ཞེས་གསུངས་ཡོད།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་དཔལ་འབྱོར་སྤྱི་ཚོགས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་པའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་། ཞི་ཅིན་ཕིང་ནས་འབྲུབ་འགོག་ཉེན་སེལ་བློ་མཐུན་ཚོར་འཚམས་འདྲི་གནང་། ཞི་ཅིན་ཕིང་གིས་ཧོ་ཧྥེ་རུ་རྟོག་ཞིབ་དང་བརྟག་ཞིབ་གནང་བ། ཞི་ཅིན་ཕིང་གིས་གྲོས་ཚོཊ་གལ་ཆེན་འདི་འཚོགས་པར་ཕྱག་ཡིག་བསྐུར་གནང་བ།