ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་ ༧༥ འཁོར་བར་དྲན་གསོ་ཞུ་བ་དང་། ལྗར་འགོག་དམག་འཁྲུག་གི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་པེ་ཅིང་དུ་འཚོགས་པ། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་མཛད་སྒོར་ཕེབས་པ།
ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ་དང་། ཞི་བདེར་གཅེས་སྤྲས་ཀྱིས་འབྱུང་འགྱུར་གཏོད་དགོས། སྤྱི་ཟླ ༩ པའི་ཚེས ༣ ཉིན་གྱི་སྔ་དྲོ། ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་ ༧༥ འཁོར་བར་དྲན་གསོ་ཞུ་བ་དང་ལྗར་འགོག་དམག་འཁྲུག་ནང་སྐུ་གཤེགས་པའི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་དེ་ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དྲན་གསོ་ཁང་དུ་འཚོགས་པ་རེད། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་ལས་རིགས་ཁག་གི་འཐུས་མི་དང་མཉམ་དུ་མཛད་སྒོར་ཞུགས་པ་རེད།
པེ་ཅིང་ནུབ་འདབས་ཀྱི་ལུའུ་ཀོའུ་ཟམ་པའི་འགྲམ་གྱི་ཝན་ཕིང་གནའ་གྲོང་ནང་དུ་གནས་པའི་ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་གི་དྲན་གསོ་ཁང་ནི་རྔམ་བརྗིད་ལྡན་པ་ཞིག་ཡོད། དྲན་གསོ་ཁང་མདུན་གྱི་ཐང་ཆེན་ཐོག་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དང་། རང་བཙན་རང་དབང་གི་བྱས་རྗེས་གཟེངས་རྟགས་ཀྱི་འཇིམ་རྐོས་དེ་ཧ་ཅང་མངོན་གསལ་དོད། དྲན་གསོ་ཁང་གི་སྒོ་ཆེན་སྟེང་དུ་ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་ ༧༥ འཁོར་བར་དྲན་གསོ་ཞུ་ཞེས་པའི་འཕྲེད་འགེལ་སྦྱར་ཡིག་བཀལ་ཡོད། སྒོ་ཆེན་གྱི་གཡས་གཡོན་གཉིས་སུ་རྔམ་བརྗིད་ལྡན་པའི་དམག་རིགས་གསུམ་གྱི་གཟབ་སྦྲེང་རུ་དམག་གིས་མེ་མདའ་བཟུང་ནས་ཀྲོང་ངེར་ལངས་ཡོད།
ཆུ་ཚོད ༩ དང་སྐར་མ ༥༧ ཐོག་ཞི་ཅིན་ཕིང་དང་ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་དེ་གར་ཕེབས་ཡོད་པ་རེད། ཞི་ཅིན་ཕིང་སོགས་ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་གི་དྲན་གསོ་ཁང་མདུན་གྱི་སྟེགས་བུའི་ཐོག་གུས་སྟབས་ཀྱིས་བཞེངས་ཡོད། ལྗར་འགོག་དམག་འཁྲུག་ནང་ཞུགས་མྱོང་བའི་འཐབ་འཛིང་པ་རྒན་གྲས་དང་ལྗར་འགོག་དམག་འཁྲུག་གི་དམག་དཔོན་གྱི་གཉེན་ཉེའི་འཐུས་མི། ལྗར་འགོག་དམག་འཁྲུག་ནང་སྐུ་གཤེགས་པའི་སྔོན་གཤེགས་དཔའ་བོའི་ནང་མིའི་འཐུས་མི། ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཆེད་བྱས་རྗེས་བཞག་པའི་རྒྱལ་སྤྱིའི་གྲོགས་པོའི་ནང་མིའི་འཐུས་མི། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་གི་འཐུས་མི་དང་རྒྱལ་སའི་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི་བཅས་དྲན་གསོ་ཁང་ལ་ཁ་ཕྱོགས་ནས་གུས་སྟབས་ཀྱིས་བཞེངས་ཡོད།
ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད། ལྗར་འགོག་དམག་འཁྲུག་གི་འཐབ་འཛིང་པ་རྒན་གྲས་དང་བློ་མཐུན་རྒན་གྲས། རྒྱལ་སའི་ལས་རིགས་ཁག་གི་མང་ཚོགས་བཅས་སོ་སོས་ཕུལ་བའི་མེ་ཏོག་སི་ར ༧ ཚང་མ་གྲལ་བསྒྲིགས་ཏེ་དྲན་གསོ་ཁང་མདུན་གྱི་སྟེགས་བུའི་སྟེང་དུ་བཞག་ཡོད། མེ་ཏོག་སི་རའི་ཐོག་བཅིངས་པའི་དར་གོས་དམར་པོའི་ཐོག་ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་ནང་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོ་རྣམས་དུས་ནམ་ཡང་མི་ནུབ་པར་གནས་ཞེས་བྲིས་ཡོད།
ཆུ་ཚོད་བཅུ་པ་ཏག་ཏག་ལ་ལྗར་འགོག་དམག་འཁྲུག་ནང་སྐུ་གཤེགས་པའི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་འགོ་ཚུགས་ཡོད།
ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དཔུང་རོལ་ཆ་ཚོགས་པས་རྔམ་བརྗིད་ལྡན་པའི་བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས་དཀྲོལ་གཏོང་གནང་བ་དང་། ཚོགས་ར་ཡོངས་ཀྱིས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་ཡོད་པ་རེད། རྔམ་བརྗིད་ལྡན་པའི་རོལ་དབྱངས་ཀྱི་འགྱུར་ཁུག་ལུའུ་ཀའུ་ཟམ་པའི་འདབས་སུ་གྲགས་དུས། མི་རྣམས་ཀྱི་དྲན་ཤེས་ཀྲུང་ཧྭ་བུ་ཕྲུག་གིས་དགྲ་ལ་མཉམ་སྡང་དང་། རྒྱལ་ཁབ་ཀྱི་དཀའ་སྡུག་མཉམ་སེལ་བྱེད་པའི་དམག་འཁྲུག་གི་ལོ་ཟླར་ཁྲིད་པ་དང་། ཀྲུང་ཧྭ་མི་རིགས་ཀྱིས་དཔའ་ངར་ཞུམ་མེད་ངང་ལྗར་འགོག་དམག་འཐབ་བྱས་པའི་སྙིང་སྟོབས་ལ་ཕྱིར་དྲན་བྱས་ཡོད།
རྒྱལ་གླུ་བླངས་ཚར་རྗེས། ཚོགས་ར་ཡོངས་ཀྱིས་ཀྲོང་ངེར་ཁུ་སིམ་མེར་ལངས་ནས་ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་ཁྲོད་དུ་སྐུ་གཤེགས་པའི་སྔོན་གཤེགས་དཔའ་བོར་ངག་བསྡམས་ནས་མྱ་ངན་ཞུས་ཡོད་པ་རེད།
མྱ་ངན་ཞུས་གྲུབ་རྗེས། དམག་དཔུང་རོལ་ཆ་རུ་ཁག་གིས་མེ་ཏོག་འབུལ་བའི་གླུ་གཞས་དཀྲོལ་གཏོང་གནང་བ་དང་། གུས་ལུགས་དམག་མི ༡༤ ཡིས་མེ་ཏོག་སི་ར ༧ བཏེགས་ནས་ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་གི་དྲན་གསོ་ཁང་དུ་དལ་པོར་ཕེབས་ཏེ་མེ་ཏོག་སི་ར་ཀྲུང་ཧྭ་མི་རིགས་ཀྱིས་མཐུན་སྒྲིལ་ཆེན་པོའི་ངང་ལྗར་འགོག་དམག་འཐབ་བྱས་པའི་ལོ་རྒྱུས་ཀྱི་མཚོན་རྟགས་སུ་གྱུར་བའི་འབུར་རྐོས་གྱང་གི་མདུན་དུ་ཕུལ་ཡོད།
ཞི་ཅིན་ཕིང་སོགས་ག་ལེར་ཐེམ་སྐས་བརྒྱུད་དྲན་གསོ་ཁང་གི་ཚོམས་ཆེན་དུ་ཕེབས་ཏེ་མེ་ཏོག་ལ་གཟིགས་ཡོད་པ་རེད། དམར་མདངས་རྒྱས་པའི་ལཱ་སྒྲོན་དང་། བཀྲག་མདངས་འཚེར་བའི་སྣ་མའི་མེ་ཏོག ལོ་འདབ་རྒྱས་པའི་ལུག་མཉེ་མེ་ཏོག་བཅས་ལས་ལྗར་འགོག་དམག་འཁྲུག་ཁྲོད་དུ་སྐུ་གཤེགས་པའི་སྔོན་གཤེགས་དཔའ་བོར་ཡིད་སྐྱོ་བའི་དྲན་གསོ་དང་བླ་ན་མེད་པའི་གུས་བཏུད་ཞུས་པ་མཚོན་ཡོད།
ཞི་ཅིན་ཕིང་གིས་མདུན་དུ་ཕེབས་ནས། མེ་ཏོག་སྟེང་གི་གོས་དར་གྲལ་འགྲིག་པོ་བཟོས་གནང་ཡོད།
དེ་རྗེས། དེ་མིན་གྱི་འགོ་ཁྲིད་བློ་མཐུན་དང་ལས་རིགས་ཁག་གི་འཐུས་མིས་གོ་རིམ་བཞིན་དྲན་གསོ་ཁང་གི་ཚོམས་ཆེན་དུ་ཕེབས་ནས་མེ་ཏོག་ཕུལ་ཡོད།
ཚའེ་ཆི་ཡིས་མཛད་སྒོ་གཙོ་སྐྱོང་གནང་ཡོད། ཏིང་ཞུའེ་ཞང་དང་། ཞུས་ཆི་ལེའང་། ཀྲང་ཡིའུ་ཞ། ཁྲེན་ཞི། ཧོང་ཁུན་མིང་། ཀྲང་ཁྲུན་ཞན། ཤའོ་ཅེ། མ་པིའོ། དེ་བཞིན་ལི་ཙུའོ་ཁྲེང་དང་། མིའོ་ཧྭ། ཀྲང་ཧྲེང་རྨིན་སོགས་མཛད་སྒོར་ཞུགས་ཡོད།
ཀྲུང་དབྱང་གི་ཏང་སྲིད་དམག་དམངས་བཞིའི་འབྲེལ་ཡོད་ཚན་པ་དང་། པེ་ཅིང་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་མི་སྣ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་འཐུས་མི་ཡང་མཛད་སྒོར་ཞུགས་ཡོད་པ་རེད།།