སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སེར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་ ༧༥ འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་རྒྱ་ཆེའི་ལས་བྱེད་མང་ཚོགས་ཁྲོད་ལན་ཆ་བཟང་པོ་བྱུང་བ་དང་། ཚང་མས། དུས་རབས་གསར་པར་རླབས་ཆེའི་ལྗར་འགོག་དམག་འཁྲུག་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སེར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་ ༧༥ འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུངས་བཤད་ལ་རྒྱ་ཆེའི་ལས་བྱེད་མང་ཚོགས་ཁྲོད་ལན་ཆ་བཟང་པོ་བྱུང་བ་དང་། ཚང་མས། ལོ་རྒྱུས་སེམས་ལ་བརྟན་པོར་ངེས་པ་དང་། སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ། ཞི་བདེར་གཅེས་འཛིན་བྱེད་པ། འབྱུང་འགྱུར་གསར་གཏོད་བྱེད་པ་བཅས་བྱས་ཏེ། དུས་རབས་གསར་པར་རླབས་ཆེའི་ལྗར་འགོག་དམག་འཁྲུག་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་ནང་། ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་ནི་ཉེ་རབས་ཚུན་ཀྲུང་གོའི་མི་དམངས་ཀྱིས་ཕྱི་ཕྱོགས་དགྲ་བོའི་བཙན་འཛུལ་ལ་འགོག་རྒོལ་བྱེད་པའི་དུས་ཚོད་རིང་ཤོས་དང་གཞི་ཁྱོན་ཆེ་ཤོས། བློས་གཏོང་མང་ཤོས་བཅས་ཀྱི་མི་རིགས་བཅིངས་འགྲོལ་འཐབ་རྩོད་ཅིག་ཡིན་ལ། ཐེངས་དང་པོ་རྦད་དེ་རྒྱལ་ཁ་ཐོབ་པའི་མི་རིགས་བཅིངས་འགྲོལ་འཐབ་རྩོད་ཅིག་ཀྱང་ཡིན། རླབས་ཆེའི་རྒྱལ་ཁ་དེ་དུས་ནམ་ཡང་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དེབ་ཐེར་ཐོག་བཀོད་ཡོད་ལ། མིའི་རིགས་ཀྱི་དྲང་བདེན་བྱ་བཞག་ལོ་རྒྱུས་དེབ་ཐེར་ཐོག་བཀོད་ཡོད་ཅེས་ནན་གསུངས་གནང་ཡོད།
ཆུང་ཡ་ཙུང་ཏུའེ་ཡི་འཐབ་འཛིང་པ་རྒན་གྲས། ལྗར་འགོག་དམག་འཁྲུག་གི་དམག་མི་རྒན་གྲས་ལེང་ཝུན་ཡེའུ་ཡིས། ལྗར་འགོག་དམག་འཁྲུག་གི་སྐབས་སུ་རང་སྲོག་བློས་བཏང་བའི་གསར་བརྗེའི་སྔོན་གཤེགས་དཔའ་བོ་བརྗེད་མི་རུང་བ་དང་། ཁོ་ཚོས་ཚེ་སྲོག་བློས་བཏང་ནས་ཐོབ་པའི་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་བརྗེད་མི་རུང་། ལྗར་འགོག་དམག་འཁྲུག་གི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས་ཞེས་གསུངས།
ད་ལོ་ལོ་དགུང་ལོ ༨༨ ལ་སླེབས་པའི་ལྗར་འགོག་དམག་འཁྲུག་གི་དམག་མི་རྒན་གྲས་ཀྲུའུ་ལི་ཡིས། ང་རང་གི་མྱོང་ཚོར་ཟབ་ཤོས་ནི། ཀྲུང་གོ་གུང་ཁྲན་ཏང་མེད་ན་ལྗར་འགོག་དམག་འཁྲུག་ལ་རྒྱལ་ཁ་ལེན་མི་ཐུབ་པ་དང་། ཀྲུང་གོ་གུང་ཁྲན་ཏང་ནི་མི་རིགས་ཡོངས་ཀྱི་ལྗར་འགོག་དམག་འཁྲུག་གི་འགག་རྩ་ཡིན། ངས་གཞོན་ནུ་ཚོར་ང་ཚོས་ངེས་པར་དུ་ལོ་རྒྱུས་སེམས་ལ་བརྟན་པོར་ངེས་ནས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་དགོས་ཞེས་ཤོད་འདོད་ཅེས་གསུངས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། དཀའ་སྤྱད་ཚད་མེད་ཀྱི་ལྗར་འགོག་དམག་འཁྲུག་ཁྲོད་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་རྒྱལ་ཁབ་གནས་པ་དང་། མི་རིགས་བསྐྱར་དར་ཡོང་བ། མིའི་རིགས་ཀྱི་དྲང་བདེན་བཅས་ཀྱི་ཆེད་དམག་འཐབ་བྱས་ཡོད་ཅེས་གསུངས་པ་དང་། ཁོང་གིས་ཆེད་མངགས་དབྱང་ཅིན་ཡུས་དང་ཀྲའོ་ཧྲང་ཀྲི་སོགས་རྒྱལ་ཁབ་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་བའི་དམག་དཔོན་དང་དཔའ་བོའི་མི་ཚོགས་བསྟན་གནང་ཡོད།
ཐུང་ཧྭ་གྲོང་ཁྱེར་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་སོ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཚུང་ཤིན་ལི་ཡིས། དབྱང་ཅིན་ཡུས་སྔོན་གཤེགས་དཔའ་བོའི་བང་སོ་ཁང་ནི་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་། གསར་བརྗེའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ། དྲན་གསོའི་སྒྲིག་བཀོད་སྲུང་སྐྱོང་དང་བེད་སྤྱོད་ཀྱི་ལས་དོན་ཡག་པོ་བསྒྲུབ་པ་བཅས་བྱེད་དགོས། དུས་མཚུངས་སུ་ང་ཚོས་དྲིལ་བསྒྲགས་རྣམ་པ་གསར་གཏོད་བྱས་ནས་གསར་བརྗེའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། དབྱང་ཅིན་ཡུས་ཀྱིས་མཚོན་པའི་བྱང་ཤར་ལྗར་འགོག་མཉམ་འབྲེལ་དམག་དཔུང་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས། མི་དེ་བས་མང་བས་དཔའ་བོའི་བྱས་རྗེས་ཤེས་རྟོགས་ཐུབ་པ་བྱེད་དགོས་ཞེས་གསུངས།
ལྗར་འགོག་དམག་འཁྲུག་རིང་། པེ་ཅིན་སློབ་ཆེན་དང་ཆིང་ཧྭ་སློབ་ཆེན། ནན་ཁའེ་སློབ་ཆེན་བཅས་མཐོ་སློབ་གསུམ་ནུབ་རྒྱུད་ཀྱི་ཁུན་མིང་དུ་གནས་སྤོ་བྱས་ནས་ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་བཙུགས་ཡོད། ཡུན་ནན་དགེ་འོས་སློབ་ཆེན་སྨྱན་སྦྱོར་སློབ་གླིང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཐན་མིང་གིས། ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་གྱིས་ཧ་ཅང་དཀའ་ཚེགས་ཆེ་བའི་ཁོར་ཡུག་འོག་ཕུལ་བྱུང་གི་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་གསོ་སྐྱོང་བྱས་ཡོད། ད་ལྟ། ང་ཚོས་སློབ་མར་སློབ་གསོ་གཏོང་སྐབས་ངེས་པར་དུ་མེས་རྒྱལ་གྱི་དགོས་མཁོ་དང་། རྒྱལ་ཁབ་ཀྱི་ལས་དབང་དང་མདུན་ལམ་བཅས་ཟུང་འབྲེལ་བྱས་ནས་སློབ་མར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་གསར་བརྗེའི་སྲོལ་རྒྱུན་གྱི་སློབ་གསོ་རྒྱག་རྒྱུར་ཤུགས་སྣོན་རྒྱག་དགོས་ཞེས་གསུངས།
ལོ་རྒྱུས་སེམས་ལ་བརྟན་པོར་ངེས་ནས་མ་འོངས་གསར་གཏོད་བྱེད། ད་ཆ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཟིན་པར་རྒྱལ་ཁ་ཐོབ་ཉེར་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས།ང་ཚོས་རླབས་ཆེའི་ལྗར་འགོག་དམག་འཁྲུག་གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། དཀའ་ངལ་ཚང་མ་ཟིལ་གྱིས་གནོན་པ་ལས་དཀའ་ངལ་གྱིས་མི་མནར་བའི་ཆོད་སེམས་དང་བློ་སྟོབས་ལ་བརྟེན་ནས་འཐབ་རྩོད་བྱེད་ཕོད་པ་དང་། གསར་གཏོད་བྱེད་མཁས་པ། སྙིང་རུས་ལྷོད་མེད་བཅས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་བར་འབད་འཐབ་བྱེད་པ་དང་། མཐར་ཐུག་གི་རྒྱལ་ཁ་མ་ལེན་བར་དུ་འབད་འཐབ་ལྷོད་མེད་བྱ་དགོས་ཞེས་གསུངས་ཡོད།
སི་ཁྲོན་ཞིང་ཆེན་ལེང་ཧྲན་ཁུལ་ཤིས་ཏེ་རྫོང་གིས་ད་ལྟ་ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་གྱི་མཐའ་མའི་དཀའ་གནད་སེལ་བཞིན་ཡོད། ཤིས་ཏེ་རྫོང་ཨུད་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ལིའུ་པིན་གྱིས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ལྟར། རླབས་ཆེའི་ལྗར་འགོག་དམག་འཁྲུག་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ནས། སྟོབས་ཤུགས་ཡོད་ཚད་གཅིག་གྱུར་འཆར་འགོད་བྱས་ཏེ་མཐའ་མའི་དབུལ་ཕོངས་ལ་འགག་སྒྲོལ་གྱི་གདོང་མཆོངས་གསར་པ་ཞིག་བྱེད་འགོ་ཚུགས་ཡོད་པས། དབུལ་སྒྲོལ་འགག་སྒྲོལ་གྱི་འགན་འཁྲི་དོན་འཁྱོལ་དང་། སྲིད་ཇུས་དོན་འཁྱོལ། ལས་དོན་དོན་འཁྱོལ་བཅས་འགན་ལེན་བྱས་ཏེ་དབུལ་པོ་དབུལ་རྐྱང་གི་རྣམ་པ་ཕྱོགས་ཡོངས་ནས་མེད་པ་བཟོ་བ་དང་། སྤུས་ཚད་མཐོ་བའི་སྒོ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ཁག་ལེགས་སྒྲུབ་ཡོང་བ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་གྱི་འགྲེལ་བཤད། ཞི་ཅིན་ཕིང་གིས་གྲོས་ཚོགས་གལ་ཆེན་ཞིག་གཙོ་སྐྱོང་གནང་བ། བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་པེ་ཅིང་དུ་འཚོགས། ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཉེན་རྟོག་དཔུང་ཁག་ལ་དར་ཆ་གནང་བ་མ་ཟད་བཀའ་སློབ་གནང་བར་མི་དམངས་ཉེན་རྟོག་དཔུང་སྡེའི་ཁྲོད་ལན་ཆ་བཟང་པོ་བྱུང་བ།