ཞི་ཅིན་ཕིང་གིས་ནེ་པ་ལའི་ཙུང་ཐུང་དང་ཕན་ཚུན་བཀྲ་ཤིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་སྤྲིངས་གནང་ནས་ཇོ་མོ་གླང་མའི་མཐོ་ཚད་མཉམ་དུ་ཁྱབ་བསྒྲགས་གནང་བ།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ ༡༢ ཚེས ༨ ཉིན་ནེ་པ་ལའི་ཙུང་ཐུང་པན་ཏ་ལི་དང་ཕན་ཚུན་འཕྲིན་ཡིག་སྤྲིངས་གནང་ནས་ཇོ་མོ་གླང་མའི་མཐོ་ཚད་མཉམ་དུ་ཁྱབ་བསྒྲགས་གནང་ཡོད།
ཞི་ཅིན་ཕིང་གིས། ན་ནིང་། ཀྲུང་གོ་དང་ནེ་པ་ལས་ཇོ་མོ་གླང་མའི་མཐོ་ཚད་གསར་ཤོས་མཉམ་དུ་ཁྱབ་བསྒྲགས་བྱ་རྒྱུའི་ཐད་ང་ཚོའི་བར་ངོས་འཛིན་གཅིག་མཐུན་བྱུང་ཡོད། ལོ་གཅིག་ལྷག་ཙམ་རིང་། རྒྱལ་ཁབ་གཉིས་པོའི་ཚོགས་པས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་པ་དང་། ལས་དོན་ཏན་ཏིག་བསྒྲུབས་ནས་མཐར་གོ་ལ་ཧྲིལ་པོའི་མཐོ་ཚད་ཀྱི་ཚད་གཞི་གཞིར་བཟུང་བའི་ཇོ་མོ་གླང་མའི་གངས་ངོས་མཐོ་ཚད་གཏན་འཁེལ་བྱས་ཡོད། སྤྱི་ཚེས ༨ ཉིན། ང་རང་གིས་ཙུང་ཐུང་པན་ཏ་ལི་དང་མཉམ་དུ་ཀྲུང་གོ་དང་ནེ་པ་ལ་རྒྱལ་ཁབ་གཉིས་པོའི་ཚབ་ཞུས་ཏེ་འཛམ་གླིང་ཡོངས་ལ་ཇོ་མོ་གླང་མའི་མཐོ་ཚད་གསར་ཤོས་སྨི ༨༨༤༨ .༨༦ སླེབས་པ་དངོས་སུ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། ཇོ་མོ་གླང་མ་ནི་རྒྱལ་ཁབ་གཉིས་པོའི་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་གྱི་མཚོན་རྟགས་གལ་ཆེན་ཞིག་ཡིན། རྒྱལ་ཁབ་གཉིས་པོས་འཛམ་གླིང་གི་མཐོ་ཚད་མཐོ་ཤོས་དེ་ཀྲུང་གོ་དང་ནེ་པ་ལའི་བར་གྱི་རི་བོ་དང་ཀྲུང་གོ་དང་ནེ་པ་ལའི་མཛའ་གྲོགས་རི་བོ་ཡིན་པ་གཏན་འཁེལ་བྱས་ཡོད། སྤྱི་ཚེས ༨ ཉིན། ང་རང་གིས་ཁྱེད་དང་ཇོ་མོ་གླང་མའི་མཐོ་ཚད་གསར་ཤོས་མཉམ་དུ་ཁྱབ་བསྒྲགས་བྱས་པར་སྔར་སོང་རྒྱུན་འཛིན་དང་མ་འོངས་གསར་གཏོད་ཀྱི་དུས་རབས་ཀྱི་དོན་སྙིང་ལྡན་ཡོད་ལ། ཀྲུང་གོ་དང་ནེ་པ་ལའི་འབྲེལ་བ་རྒྱུན་མཐུད་གོང་འཕེལ་འགྲོ་བའི་ཆུ་ཚད་མཐོ་པོར་སླེབས་པ་གང་ལེགས་མཚོན་ཡོད།
ཀྲུང་གོའི་ཕྱོགས་ནས་ཀྱང་ནེ་པ་ལའི་ཕྱོགས་དང་མཉམ་དུ་ཇོ་མོ་གླང་མའི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཚན་རིག་དང་མཐུན་པའི་ཞིབ་འཇུག་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་རྩ་ཆེའི་རྒྱུ་ནོར་དང་ཁྱིམ་གཞིས་ལ་སྲུང་སྐྱོང་ཡག་པོ་བྱ་འདོད་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། ད་ལོ་ནི་ཀྲུང་གོ་དང་ནེ་པ་ལའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་ ༦༥ འཁོར་བའི་ལོ་ཞིག་ཡིན། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་རྒྱལ་ཁབ་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཏང་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བ། ཧི་མ་ལ་ཡ་བརྒལ་བའི་ལངས་གཟུགས་ཀྱི་མཉམ་འབྲེལ་མཉམ་མཐུད་དྲ་བ་དེ་བསམ་འདུན་ནས་དོན་དངོས་ལ་འགྱུར་བ་བྱས་ཡོད། ཀྲུང་གོ་དང་ནེ་པ་ལས་རྒྱལ་ཁབ་གཉིས་པོས་གོང་འཕེལ་དང་དར་རྒྱས་ལ་ཕྱོགས་པའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ཀྱི་འཐབ་ཇུས་མཉམ་ལས་རོགས་པའི་འབྲེལ་བ་ཟམ་མི་ཆད་པར་མདུན་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ནེ་པ་ལའི་སྔར་བས་ཟབ་པའི་ལས་དབང་གཅིག་མཐུན་མ་ལག་མཉམ་དུ་གཏོད་དེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད།
པན་ཏ་ལིས་འཕྲིན་ཡིག་ནང་། ནེ་པ་ལ་དང་ཀྲུང་གོ་ནི་སྔ་བར་ཕྱི་གསུམ་དུ་ཁྱིམ་མཚེས་ཡག་པོ་དང་། གྲོགས་པོ་བཟང་པོ། རོགས་པ་ཡག་པོ་བཅས་ཡིན་པ་དང་། རྒྱལ་ཁབ་གཉིས་པོས་དཔལ་འབྱོར་གོང་འཕེལ་དང་། མཉམ་འབྲེལ་མཉམ་མཐུད། མི་ཆོས་རིག་གནས་སོགས་ཀྱི་ཁྱབ་ཁོངས་ནང་མཉམ་ལས་བྱས་པ་དེ་རྒྱལ་ཁབ་གཉིས་པོའི་ཁེ་ཕན་དང་མཐུན་ཡོད། ཇོ་མོ་གླང་མ་ནི་ནེ་པ་ལ་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་གྲོགས་ཀྱི་ཡུན་རིང་མཚོན་རྟགས་ཤིག་ཡིན་པས། ཁྱེད་དང་ལྷན་དུ་ཇོ་མོ་གླང་མའི་གངས་ངོས་མཐོ་ཚད་གསར་ཤོས་སྨི ༨༨༤༨.༨༦ ལ་སླེབས་པ་ཁྱབ་བསྒྲགས་བྱ་རྒྱུ་བྱུང་བར་ང་རང་དགའ་ཚོར་ཆེན་པོ་བྱུང་། སྤྱི་ཚེས ༨ ཉིན། ཕྱོགས་གཉིས་པོས་ལྷན་དུ་ཇོ་མོ་གླང་མའི་མཐོ་ཚད་མཐོ་ཤོས་ཁྱབ་བསྒྲགས་བྱས་པར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཡོད།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་ན་ནིང་ནེ་པ་ལར་རྒྱལ་དོན་འཚམས་འདྲི་གནང་བ་དེས་ཀྲུང་གོ་དང་ནེ་པ་ལའི་འབྲེལ་བ་དང་ཕྱོགས་གཉིས་མཉམ་ལས་དུས་རབས་གསར་པར་སླེབས་རྒྱུར་སྐུལ་འདེད་ཐེབས་ཡོད། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་འཚམས་འདྲིའི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡོང་རྒྱུར་ཤུགས་སྣོན་བརྒྱབ་ནས་མཉམ་དུ་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་དར་རྒྱས་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན་ཞེས་འཁོད་ཡོད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་དམག་ཡོངས་ཀྱི་འཐུས་མི་ཁག་གཅིག་དང་མཇལ་འཕྲད་གནང་བ། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་གཙོ་སྐྱོང་གནང་བ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་ཚོགས་འདུ་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ། ཞི་ཅིན་ཕིང་གིས་མི་དམངས་སློབ་གསོ་དཔེ་སྐྲུན་ཁང་གི་བློ་མཐུན་རྒན་གྲས་ལ་འཕྲིན་ལན་སྤྲིངས་པ།