ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཏེ་སྐབས་དང་པོའི་རྒྱལ་ཡོངས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་མོ་གཉེར་བར་བཀྲ་ཤིས་བདེ་ལེགས་ཞུས་གནང་བ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་དང་པོའི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་མོ་སྤྱི་ཚེས ༡༠ ཉིན་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་དུ་འགོ་ཚུགས་ཡོད།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་ནས། འགྲན་བསྡུར་ཆེན་མོ་གཉེར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་གནང་བ་དང་འགྲན་ཞུགས་པ་དང་རྒྱ་ཆེའི་རྩལ་ནུས་ཤེས་ལྡན་མི་སྣར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་ཡོད་པ་རེད།
ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་། ལག་རྩལ་བཟོ་པའི་དཔུང་ཁག་ནི་ཀྲུང་གོའི་བཟོ་སྐྲུན་དང་ཀྲུང་གོའི་གསར་སྐྲུན་ལ་འདེགས་སྐྱོར་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། ལས་རིགས་རྩལ་ནུས་འགྲན་བསྡུར་གྱིས་རྒྱ་ཆེའི་རྩལ་ནུས་ཤེས་ལྡན་མི་སྣར་རྩེར་སོན་རྩལ་ནུས་ངོམས་པ་དང་ཕན་ཚུན་རྩལ་ནུས་འགྲན་པའི་ལས་སྟེགས་ཤིག་མཁོ་འདོན་བྱས་ཡོད་པས། ལག་རྩལ་བཟོ་པའི་དཔུང་ཁག་རྒྱ་སྐྱེད་གཏོང་རྒྱུ་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ལྡན་ཡོད། རྒྱ་ཆེའི་འགྲན་ཞུགས་བདམས་ཐོན་པས་འབད་འབུངས་ཡར་བརྩོན་དང་གྲུབ་འབྲས་བཟང་པོ་བརྩོན་ལེན་བྱས་ནས། དུས་རབས་གསར་པའི་རྩལ་ནུས་ཤེས་ལྡན་པའི་ཉམས་འགྱུར་མངོན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྩལ་ནུས་ཤེས་ལྡན་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱ་དགོས་པ་དང་། ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ངལ་རྩོལ་པ་དེ་བས་མང་བ་དང་ལྷག་པར་དུ་ན་གཞོན་མི་རབས་རྩལ་ནུས་ལ་བརྟེན་ནས་འཇོན་ཐང་ཅན་དུ་འགྱུར་བ་དང་། རྩལ་ནུས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བའི་ལམ་བུའི་ཐོག་བསྐྱོད་རྒྱུར་སྐུལ་མ་གཏོང་བ། རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣ་དང་རྒྱལ་ཁབ་ཆེན་པོའི་ལག་ཤེས་པ་སྔར་ལས་མང་བ་གསོ་སྐྱོང་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་ཤེས་ལྡན་མི་སྣའི་འགན་སྲུང་ནུས་ལྡན་བྱ་དགོས་ཞེས་ནན་སྟོན་གནང་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་འགོད་མཛུབ་སྟོན་གནང་ནས། ལས་རིགས་རྩལ་ནུས་ཡག་ཏུ་གཏོང་རྒྱུ་ནི་ཀྲུང་གོའི་བཟོ་སྐྲུན་དང་ཞབས་ཞུའི་ཆུ་ཚད་ཅུང་ལེགས་པ་དང་ལེགས་པའི་ཕྱོགས་སུ་སྐུལ་འདེད་གཏོང་བའི་རྨང་གཞི་གལ་ཆེན་ཞིག་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་རྒྱུན་འཁྱོངས་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པ། རྩལ་ནུས་ཤེས་ལྡན་མི་སྣ་གསོ་སྦྱོང་དང་གསོ་སྐྱོང་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། རྩལ་ནུས་ཤེས་ལྡན་མི་སྣ་འབུར་དུ་ཐོན་པར་ཕན་པའི་ཁོར་ཡུག་བཟང་པོ་ཧུར་ཐག་བསྐྲུན་པ། དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་ཟབ་སྤེལ་བྱེད་པ། གཞོན་ནུ་སྔར་ལས་མང་བ་རྩལ་ནུས་བརྩོན་ཞིབ་ལ་དགའ་བ་དང་། རྩལ་ནུས་ལེགས་སུ་གཏོང་བར་ཁྲིད་སྟོན་དང་སྐུལ་འདེད་གཏོང་བ། བྱང་ཚད་མཐོ་བའི་ལག་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་དང་། རྒྱལ་ཁབ་ཆེན་པོའི་ལག་ཤེས་པ་སྔར་ལས་མང་བ་གསོ་སྐྱོང་བྱེད་པའི་ཐོག་ནས། ཕུགས་བསམ་ལྡན་པའི་མི་སྣ་དེ་བས་མང་བའི་མི་ཚེ་མཚར་སྡུག་ལྡན་པར་འགྱུར་བ་བྱས་ཏེ། ལས་ཞུགས་ལས་གཏོད་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱ་དགོས་ཞེས་བསྟན་གནང་ཡོད།
འགོ་ཚུགས་མཛད་སྒོའི་ཐོག་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཡིས་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་དང་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་སྒྲོག་སྦྱང་གནང་བ་དང་འབྲེལ་ཚོགས་འདུ་འགོ་ཚུགས་པ་ཁྱབ་བསྒྲགས་ཀྱང་གནང་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ལི་ཞི་ཡིས་དགའ་བསུ་ཞུ་བའི་ཤིས་ཚིག་གསུངས་པ་རེད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་སྤྱི་ལོ ༢༠༢༠ ལོ་ནས་བཟུང་རྒྱལ་ཡོངས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་པོ་གཉེར་བ་དང་། སྐབས་དང་པོའི་འགྲན་བསྡུར་ཆེན་མོས་དུས་རབས་གསར་པ། རྩལ་ནུས་གསར་པ། ཕུགས་འདུན་གསར་པ་ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། འགྲན་བསྡུར་རྣམ་གྲངས ༨༦ བཀོད་སྒྲིག་བྱས་ཤིང་ཁྱོན་བདམས་ཐོན་པ ༢༥༠༠ ལྷག་ཙམ་དང་། ཤན་འབྱེད་པ ༢༣༠༠ ལྷག་ཙམ་འགྲན་བསྡུར་ནང་ཞུགས་ཡོད་པ་རེད། དེ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་ཚད་གཞི་མཐོ་ཤོས་དང་། རྣམ་གྲངས་མང་ཤོས། གཞི་ཁྱོན་ཆེ་ཤོས། ཆུ་ཚད་མཐོ་ཤོས་བཅས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་ཁབ་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཞིག་རེད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་གནམ་གཤིས་བློ་སྟོབས་དབུ་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་བ། ཞི་ཅིན་ཕིང་གིས་ཁོང་དང་མཉམ་དུ་ཁྱབ་བསྒྲགས་འདི་འདྲ་ཞིག་གནང་བ། ཞི་ཅིན་ཕིང་གིས་དམག་ཡོངས་ཀྱི་འཐུས་མི་ཁག་གཅིག་དང་མཇལ་འཕྲད་གནང་བ། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་གཙོ་སྐྱོང་གནང་བ།