གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་པེ་ཅིང་དུ་འཚོགས་པ།

སྤེལ་དུས་: 2020ལོ་12ཟླ་21ཚེས་ 11:06 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་སྤྱི་ཟླ ༡༢ པའི་ཚེས ༡༦ ནས་ཚེས ༡༨ ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཀྲན་ཧྲུའུ་དང་ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ནས། སྤྱི་ལོ ༢༠༢༠ ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་སྡོམ་གནང་བ་དང་། མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་གནང་བ། སྤྱི་ལོ ༢༠༢༡ ལོའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་གནང་ཡོད། ལི་ཁེ་ཆང་གིས་གསུང་བཤད་གནང་སྐབས་སང་ལོའི་དཔལ་འབྱོར་ལས་དོན་ཐད་བཀོད་སྒྲིག་ཞིབ་ཕྲ་གནང་བ་དང་འབྲེལ་ཕྱོགས་སྡོམ་གསུང་བཤད་ཀྱང་གནང་བ་རེད།

གྲོས་ཚོགས་ཐོག ད་ལོ་ནི་ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་ཡིན། ཛ་དྲག་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་དཀའ་ཚེགས་དང་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་བསྒྱུར་བཅོས་གོང་འཕེལ་བརྟན་ལྷིང་གསུམ་གྱི་ལས་འགན་སྤྱི་དང་ལྷག་པར་དུ་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཕོག་ཐུག་ཚབས་ཆེན་ཕོག་པའི་མདུན་དུ། ང་ཚོས་འཐབ་ཇུས་ཀྱི་བརྟན་ཤུགས་རྒྱུན་འཁྱོངས་དང་། དུས་བབ་ལ་བརྡར་ཤ་ཡང་དག་གཅོད་པ། བློ་ཞིབ་མོས་ཇུས་འགོད་དང་བཀོད་སྒྲིག་བྱེད་པ། འཕྲལ་ཐག་འཕྲལ་གཅོད་ཀྱིས་བྱ་སྤྱོད་སྤེལ་བ་སོགས་དཀའ་སྤྱད་འབད་བརྩོན་བྱས་ཏེ། མི་དམངས་ཀྱི་བློ་ལ་བབ་པ་དང་། འཛམ་གླིང་ཀུན་གྱིས་དོ་སྣང་བྱེད་པ། ལོ་རྒྱུས་ཀྱི་དེབ་ཐེར་དུ་བཀོད་ཆོག་པ་བཅས་ཀྱི་རྒྱུགས་ལན་ཞིག་ཕུལ་ཡོད། རང་རྒྱལ་འདི་ཉིད་འཛམ་གླིང་ཡོངས་སུ་དཔལ་འབྱོར་འཕར་སྣོན་ཕྱིན་པའི་དཔལ་འབྱོར་དངོས་ཚན་གཙོ་བོ་ཉག་ཅིག་ཏུ་གྱུར་ཡོད་པ་དང་། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པ། ཚན་རྩལ་གསར་གཏོད་ལ་གྲུབ་འབྲས་གལ་ཆེན་ཐོབ་པ། སྒྱུར་བཅོས་སྒོ་དབྱེར་ཚད་བརྒལ་གལ་ཆེན་བྱུང་བ། དམངས་འཚོར་འགན་ལེན་ནུས་ལྡན་བྱུང་ཡོད། གྲུབ་འབྲས་དེ་དག་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པར་དཀའ་སྡུག་དང་ཉེན་ཁ་མང་པོ་བརྒྱུད་ཡོད། དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་འབྲས་བུ་དང་། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཡིན་པའི་ངོས་འཛིན་བྱས་ཡོད།

གྲོས་ཚོགས་ཐོག ད་ལོ་ནི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པ་མཇུག་བསྡུའི་ལོ་ཞིག་ཡིན། ལོ ༥ བསྟུད་མར་འབད་འཐབ་བྱས་པ་བརྒྱུད། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་པ། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་དམིགས་ཚད་ལས་འགན་གཙོ་བོ་ལེགས་གྲུབ་ཟིན་ཉེར་ཡོད། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་བཅས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་པ་དང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཐོབ་ཉེར་ཡོད་ཅིང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་དེ་མདུན་ཕྱོགས་སུ་གོམ་སྟབས་གསར་པ་ཆེན་པོ་ཞིག་སྤོས་ཡོད་ཅེས་བསྟན་ཡོད།

གྲོས་ཚོགས་ཐོག རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་གཅིག་གྱུར་འཆར་འགོད་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་བཅས་ལ་གཅིག་གྱུར་འཆར་འགོད་བྱེད་པའི་ལག་ལེན་ཁྲོད། ང་ཚོས་འགྲན་སློང་དྲག་པོའི་འོག་དཔལ་འབྱོར་ལས་དོན་ལེགས་པར་སྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་གཏིང་ཟབ་ཏུ་བཏང་བ་སྟེ། ཏང་ཀྲུང་དབྱང་གི་དབང་གྲགས་ནི་ཉེན་ཁ་ཆེ་བའི་སྐབས་སུ་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པའི་རྩ་བའི་རྒྱབ་རྟེན་ཡིན། ལོ་རྒྱུས་ཀྱི་འགག་རྩ་གལ་ཆེན་དང་ཚོད་བགམ་ཆེན་མོའི་མདུན་དུ། ཏང་ཀྲུང་དབྱང་གི་བརྡར་ཤ་གཅོད་ནུས་དང་། ཇུས་ཐག་གཅོད་ནུས། བྱ་སྤྱོད་སྤེལ་ནུས་བཅས་ལ་ཐག་གཅོད་རང་བཞིན་གྱི་ནུས་པ་ལྡན་པ་དང་། མི་དམངས་རྩ་བའི་རྩེ་མོར་འཇོག་པ་ནི་གདམ་ག་ཡང་དག་པ་བྱེད་པའི་རྩ་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་ཞིང་། སེམས་ལ་ཐོག་མཐའ་བར་གསུམ་དུ་མི་དམངས་འཆང་བ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཁེ་ཕན་དེ་གོ་གནས་མཐོ་ཤོས་སུ་བཞག་ཚེ། ཇུས་ཐག་ཡང་དག་གཅོད་ཐུབ་པ་དང་ཐབས་ལམ་ལེགས་ཤོས་གཏན་འཁེལ་བྱེད་ཐུབ་ངེས་ཡིན་པ་མ་ཟད། མི་དམངས་ལ་བརྟེན་ནས་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན། ལམ་ལུགས་ཀྱི་བཟང་ཆ་ནི་དུས་ངལ་མཉམ་སེལ་བྱེད་པའི་སྟོབས་ཤུགས་ཆེན་པོ་ཆགས་པའི་རྩ་བའི་འགན་སྲུང་ཡིན་ཞིང་། བློ་སྤོབས་བཞི་བརྟན་པོར་འཛིན་པ་དང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་དོན་ཆེན་སྒྲུབ་པའི་ལམ་ལུགས་ཀྱི་བཟང་ཆ་རྒྱུན་འཁྱོངས་བྱས་ཚེ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་དམ་ཟབ་བྱེད་ཐུབ་པ་དང་། འགག་སྒྲོལ་དཀའ་སེལ་དང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་འདོན་སྤེལ་བྱེད་ཐུབ་ངེས་ཡིན། ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པ་དང་གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་ཁ་གཏད་གཅོག་པ་ནི་ཉེན་ཁ་གོ་སྐབས་སུ་བསྒྱུར་བའི་རྩ་བའི་བྱེད་ཐབས་ཡིན་ཞིང་། འགྱུར་ལྡོག་ལ་ངོས་འཛིན་ཡང་དག་བྱེད་པ་དང་། ཚན་རིག་དང་མཐུན་པའི་ངང་འགྱུར་ལྡོག་ལ་བསྟུན་པ། རང་འགུལ་ངང་འགྱུར་ལྡོག་ཡོང་ཐབས་བཅས་བྱས་ཚེ། ཉེན་ཁ་ཆེན་པོར་འགོག་རྒོལ་བྱེད་པའི་ཁྲོད་གོ་སྐབས་ཆེན་པོ་གཏོད་ཐུབ་ངེས་ཡིན། ཚན་རྩལ་གྱི་རང་ཚུགས་རང་འབད་ནི་གོང་འཕེལ་གྱི་གནས་བབ་ཧྲིལ་པོར་སྐུལ་འདེད་གཏོང་བའི་རྩ་བའི་འདེགས་སྐྱོར་ཡིན་ཞིང་། ཚན་རིག་གི་སྙིང་སྟོབས་འཛིན་པ་དང་། ཚན་རིག་གི་ཆོས་ཉིད་ཁོང་དུ་ཆུད་པ། རང་བརྟེན་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཚེ། རྒྱལ་ཁབ་ཀྱི་གོང་འཕེལ་དེ་སྔར་བས་བདེ་འཇགས་དང་སྔར་བས་བློས་འགེལ་ཆོག་པའི་རྨང་གཞིའི་ཐོག་འཛུགས་ཐུབ་ངེས་ཡིན་ཞེས་ནན་སྟོན་བྱས་ཡོད།

གྲོས་ཚོགས་ཐོག གྲུབ་འབྲས་ཁས་ལེན་བྱས་པ་དང་ཆབས་ཅིག་ངེས་པར་དུ་རིམས་ནད་ཀྱི་འགྱུར་ལྡོག་དང་ཕྱི་རོལ་ཁོར་ཡུག་ཏུ་གནས་པའི་གཏན་འཁེལ་མེད་པའི་རང་བཞིན་མང་པོ་ཞིག་དང་། རང་རྒྱལ་དཔལ་འབྱོར་སླར་གསོ་ཡོང་བའི་རྨང་གཞི་ཡང་བརྟན་པོ་མེད་པ་གསལ་པོར་མཐོང་ཐུབ་དགོས། སང་ལོའི་འཛམ་གླིང་དཔལ་འབྱོར་གྱི་དུས་བབ་སྔར་བཞིན་རྙོག་འཛིང་ཆེ་ལ་ཛ་དྲག་པོ་ཡོང་རྒྱུ་དང་། སླར་གསོ་བརྟན་པོ་མེད་པ་དང་དོ་སྙོམས་མེད་ཅིང་། རིམས་ནད་ཀྱི་རྡབ་གསིག་ལས་ཐོན་པའི་རིགས་ཁག་གི་ཉེན་ཁར་སྣང་ཆུང་བྱེད་མི་རུང་། ཉེན་ཁའི་འདུ་ཤེས་ཆེ་རུ་གཏོང་བ་དང་། རྒྱལ་ཁ་ཐོབ་པའི་ཆོད་སེམས་བརྟན་དུ་གཏོང་བ། དཔལ་འབྱོར་མུ་མཐུད་སླར་གསོ་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས། རང་སོའི་ལས་དོན་ཡག་པོ་སྒྲུབ་ནས། མ་མཐའི་ཚད་གཞིའི་བསམ་བློ་རྒྱུན་འཁྱོངས་བྱ་དགོས་པ་དང་། ཉེན་ཁ་སྔོན་ལ་མཐོང་བ་དང་སྔོན་ལ་བརྡར་ཤ་གཅོད་པའི་ནུས་པ་ཆེ་རུ་གཏོང་བ། ཉེན་ཁ་དང་འགྲན་རྩོད་རིགས་སྣ་ཚོགས་སྔོན་འགོག་ནན་པོ་བྱེད་དགོས། མུ་མཐུད་ནས་ཕྱོགས་མང་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་སྟེ། འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་དང་སྒྱུར་བཅོས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་ནང་ཞུགས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་སྟོན་ཡོད།

གྲོས་ཚོགས་ཐོག སང་ལོ་ནི་རང་རྒྱལ་དེང་རབས་ཅན་གྱི་འཛུགས་སྐྲུན་འཕེལ་རིམ་ཁྲོད་དམིགས་བསལ་གལ་ཆེའི་རང་བཞིན་ལྡན་པའི་ལོ་ཞིག་རེད། སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། གོང་འཕེལ་གྱི་དུས་མཚམས་གསར་པར་རྐང་པ་བརྟན་པོ་འཛུགས་པ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། གོང་འཕེལ་གྱི་རྣམ་པ་གསར་པ་སྐྲུན་པ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་བྱ་གཙོ་བོར་བཟུང་བ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་གཙོ་ཐིག་ཏུ་བཟུང་བ། སྒྱུར་བཅོས་གསར་གཏོད་དེ་རྩ་བའི་འགུལ་ཤུགས་སུ་འཛིན་པ། མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དེ་རྩ་བའི་དམིགས་འབེན་དུ་རྩིས་ཐོག མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་གཏོང་བ། གོང་འཕེལ་དང་བདེ་འཇགས་ལ་སྔར་ལས་ལྷག་པའི་སྒོ་ནས་གཅིག་འགྱུར་འཆར་འགོད་བྱེད་པ། བརྟན་པོ་དྲུག་གི་ལས་དོན་ཏན་ཏིག་སྒྲུབ་པ་དང་། འགན་སྲུང་དྲུག་གི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། སྤྱི་ཁོག་སྲིད་ཇུས་ཚན་རིག་དང་མཐུན་པ་དང་གནད་ལ་འཕིགས་པའི་སྒོ་ནས་ལག་བསྟར་བྱེད་པ། དཔལ་འབྱོར་འཁོར་རྒྱུག་དེ་ལུགས་མཐུན་གྱི་བར་ཁམས་ནང་འཁོར་རྒྱུག་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ནང་མཁོ་རྒྱ་བསྐྱེད་དུ་གཏོང་བའི་འཐབ་ཇུས་རྒྱུན་འཁྱོངས་བྱེད་པ། ཚན་རྩལ་འཐབ་ཇུས་ཀྱི་འདེགས་སྐྱོར་ཤུགས་ཆེར་གཏོང་བ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་འགོ་ཡག་པོ་ཚུགས་རྒྱུར་འགན་ལེན་བྱེད་པ་དང་། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་དགོས་ཞེས་ནན་སྟོན་བྱས་ཡོད་པ་རེད།

གྲོས་ཚོགས་ཐོག སང་ལོའི་སྤྱི་ཁོག་སྲིད་ཇུས་ལ་བསྟུད་མའི་རང་བཞིན་དང་། བརྟན་པོའི་རང་བཞིན། རྒྱུན་མཐུད་ཆོག་པའི་རང་བཞིན་བཅས་རྒྱུན་འཁྱོངས་བྱེད་དགོས། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་དངུལ་ལོར་བརྟན་པོ་ཡོང་བའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་དགོས་པ་དང་། དཔལ་འབྱོར་སླར་གསོ་ཡོང་བར་དགོས་ངེས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་འཁྱོངས་བྱེད་པ། སྲིད་ཇུས་ལག་བསྟར་བྱེད་པའི་ཐད་སྔར་བས་གནད་ལ་འཕིགས་པ་དང་ནུས་ལྡན་ཡིན་དགོས་པ་དང་། འཚབ་འཚུབ་མ་བྱེད་པར། སྲིད་ཇུས་ཀྱི་འོས་འཚམས་རང་བཞིན་དམ་འཛིན་ཡག་པོ་བྱེད་དགོས། རིན་ཐང་གཞལ་དུ་མེད་པའི་དུས་ཚོད་དམ་འཛིན་བྱས་ནས། བློ་རྩེ་གཅིག་སྒྲིམ་གྱི་སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་གཏོང་དགོས་པ་དང་། སྤུས་ཚད་མཐོ་བའི་གོང་འཕེལ་གྱིས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་འགོ་ཡག་པོ་འཛུགས་དགོས། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དེ་ཡང་སྤུས་ཚད་མཐོ་རུ་གཏོང་བ་དང་ནུས་འབྲས་ཆེ་རུ་གཏོང་དགོས་པ་དང་། རྒྱུན་མཐུད་རང་བཞིན་ཡང་མཐོ་རུ་གཏོང་དགོས། གཏོང་སྤྲོད་འཚམས་པོ་ཡོང་ཚད་རྒྱུན་འཁྱོངས་བྱ་དགོས་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ལས་འགན་གལ་ཆེན་གྱི་ནོར་སྲིད་འགན་ལེན་བྱ་ཤུགས་ཆེ་རུ་གཏོང་བ། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་གྲུབ་གཞིའི་ལེགས་སྒྲིག་མགྱོགས་སུ་གཏོང་བ། ཡོང་འབབ་བགོ་བཤའི་སྙོམས་སྒྲིག་ཐད་རང་འགུལ་ངང་བྱ་སྤྱོད་སྤེལ་བ། ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་གྱི་ཉེན་ཁ་སེལ་བའི་ལས་དོན་དམ་འཛིན་ཡག་པོ་བྱས་ནས། ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་བསྲི་ཚགས་ཀྱི་འཚོ་བ་སྐྱེལ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། བརྟན་བརླིང་གི་དངུལ་ལོར་སྲིད་ཇུས་གནད་ལ་འཕིགས་པ་དང་། ལུགས་མཐུན་འོས་འཚམས་ཡིན་དགོས། དངུལ་ལོར་མཁོ་འདོན་བྱེད་ཚད་དང་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་རུབ་བྱེད་པའི་གཞི་ཁྱོན་འཕར་ཚད་དེ་མིང་གཅིག་མཚུངས་ཀྱི་དཔལ་འབྱོར་འཕར་ཚད་དང་གཞི་རྩའི་ཆ་ནས་སྙོམས་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤྱི་ཁོག་འདེགས་ཤིང་གི་ཚད་གཞི་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱེད་པ། དཔལ་འབྱོར་སླར་གསོ་དང་ཉེན་ཁ་སྔོན་འགོག་བྱེད་པའི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། ཐབས་ལམ་མང་པོའི་ཐོག་ནས་དངུལ་ཁང་གི་མ་རྩའི་མ་དངུལ་ཁ་སྣོན་བྱེད་པ། དངུལ་བུན་ཁྲོམ་རའི་ཁྲིམས་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཚན་རྩལ་གསར་གཏོད་དང་། ཁེ་ལས་ཆེས་ཆུང་གྲས། སྦགས་མེད་གོང་འཕེལ་བཅས་ལ་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྐྱེས་ཀ་དང་འཛའ་ཐང་ཁྲོམ་ར་ཅན་དུ་འགྱུར་བའི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། མི་དམངས་ཤོག་སྒོར་གྱི་འཛའ་ཐང་དེ་ལུགས་མཐུན་དོ་སྙོམས་ཀྱི་ཆུ་ཚད་ཐོག་གཞི་རྩའི་ཆ་ནས་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཞེས་སྟོན་ཡོད།

གྲོས་ཚོགས་ཐོག གོང་འཕེལ་གྱི་རྣམ་པ་གསར་པ་འཛུགས་རྒྱུ་དེ་སང་ལོར་གོམ་པ་དང་པོ་དེ་ཡག་པོ་སྤོ་དགོས་པ་དང་། རྣམ་པ་གསར་པ་མཐོང་ཐུབ་པ་བྱེད་དགོས། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་དེ་གཙོ་གཟུགས་སུ་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་གོང་འཕེལ་གྱི་རྣམ་པ་གསར་པ་གང་མགྱོགས་སྐྲུན་དགོས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་སྒྱུར་བཅོས་ཀྱི་གཙོ་ཐིག་དེ་དམ་པོར་བཟུང་ནས། དགོས་མཁོའི་ཕྱོགས་ཀྱི་དོ་དམ་ལ་མཐོང་ཆེན་བྱེད་པ་དང་། འགག་གནད་སེལ་བ། ཞན་ཆ་གསབ་པ། ཐོན་སྐྱེད་དང་། བགོ་འགྲེམས། འཁོར་རྒྱུག འཛད་སྤྱོད་བཅས་ཀྱི་ལྷུ་ཚིགས་ཁག་ཤར་བགྲོད་ཐུབ་པ་བྱས་ནས། དགོས་མཁོས་མཁོ་སྤྲོད་ལ་སྣེ་ཁྲིད་བྱེད་པ་དང་། མཁོ་སྤྲོད་ཀྱིས་དགོས་མཁོ་གསར་གཏོད་བྱེད་པའི་ཆུ་ཚད་སྔར་ལས་མཐོ་བའི་འགུལ་རྣམ་དོ་སྙོམས་ཆགས་པ་བྱེད་པ། རྒྱལ་དམངས་དཔལ་འབྱོར་མ་ལག་གི་སྤྱི་ཡོངས་ནུས་འབྲས་ཆེ་རུ་གཏོང་དགོས། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་བཏང་ནས་གོང་འཕེལ་གྱི་ནང་སྐྱེས་འགུལ་ཤུགས་ཤུགས་ཆེར་གཏོང་རྒྱུར་སྔར་ལས་ལྷག་པའི་སྒོ་ནས་མཐོང་ཆེན་བྱེད་པ་དང་། འགག་རྩའི་གནས་ཁ་ཤས་སུ་ནུས་ཤུགས་སྟོན་པ་དང་ནུས་འབྲས་ཐོན་པ་བྱས་ནས། སྣེ་གཅིག་འགུལ་ན་ཡན་ལག་ཆ་ཚང་འགུལ་ཐུབ་པའི་ནུས་འབྲས་ཐོན་པ་བྱེད་དགོས་ཞེས་བླང་བྱ་སྟོན་ཡོད།

གྲོས་ཚོགས་ཐོག་སང་ལོར་གཤམ་གསལ་གྱི་གཙོ་གནད་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱེད་དགོས་པའི་གཏན་འཁེལ་བྱས་ཡོད།

དེ་ཡང་གཅིག་ནི། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཆེ་རུ་གཏོང་དགོས། གལ་ཆེའི་ཚན་རྩལ་གསར་སྐྲུན་སྒྲིག་འཛུགས་བྱེད་མཁན་ཡིན་པའི་ངོས་ནས་རྒྱལ་ཁབ་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། འཐབ་ཇུས་རང་བཞིན་གྱི་དགོས་མཁོའི་སྟོན་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཚན་རྩལ་གསར་སྐྲུན་གྱི་ཁ་ཕྱོགས་དང་གཙོ་གནད་གཏན་འཁེལ་བྱེད་པ། རྒྱལ་ཁབ་ཀྱི་གོང་འཕེལ་དང་བདེ་འཇགས་ལ་ཚོད་འཛིན་བཟོ་བའི་གལ་ཆེའི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་དགོས། རྒྱལ་ཁབ་ཡོངས་ཀྱི་སྒྲིག་གཞི་གསར་པའི་བཟང་ཆ་འདོན་སྤེལ་བྱེད་པ་དང་། བཟོ་སྐྲུན་ཁང་དང་། སོའོ། མཐོ་རིམ་སློབ་གྲྭ རྒྱལ་ཁབ་རུ་ཁག་བཅས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་ཡག་པོ་བྱས་ནས། ཚན་ཞིབ་སྟོབས་ཤུགས་ལེགས་སྒྱུར་དང་བཀོད་སྒྲིག ཐོན་ཁུངས་མཉམ་སྤྱོད་བཅས་ལ་སྐུལ་འདེད་གཏོང་དགོས། དུས་ཚོད་དམ་འཛིན་གྱིས་རྨང་གཞིའི་ཞིབ་འཇུག་གི་ལོ་བཅུའི་བྱ་སྤྱོད་ཇུས་གཞི་བཟོ་བ་དང་ལག་བསྟར་བྱེད་པ། གཙོ་གནད་ཐོག་རྨང་གཞིའི་རིག་པའི་ཚན་ཞིབ་ལྟེ་གནས་ཁག་གཅིག་བཀོད་སྒྲིག་བྱས་ནས། ཆ་རྐྱེན་ཡོད་པའི་ས་གནས་སུ་རྒྱལ་སྤྱི་དང་ས་ཁོངས་ཀྱི་ཚན་རྩལ་གསར་སྐྲུན་ལྟེ་གནས་བསྐྲུན་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཚན་རྩལ་གསར་སྐྲུན་ཁྲོད་ཀྱི་ཁེ་ལས་ཀྱི་གཙོ་གཟུགས་ནུས་པ་འདོན་སྤེལ་བྱེད་པ་དང་། སྣེ་ཁྲིད་ཁེ་ལས་ཀྱིས་མཉམ་འབྲེལ་མ་ལག་བསྐྲུན་རྒྱུར་རྒྱབ་སྐྱོར་བྱེད་པ། ཁེ་ལས་འབྲིང་ཆུང་གི་གསར་སྐྲུན་བྱེད་སྒོར་སྐུལ་ཁྲིད་བཅས་བྱེད་དགོས། རྒྱལ་སྤྱིའི་ཚན་རྩལ་སྤེལ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ནང་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རྒྱུ་མགྱོགས་སུ་བཏང་ནས། ཕུལ་བྱུང་ན་གཞོན་ཤེས་ལྡན་མི་སྣ་སྔར་ལས་མང་བ་ཐོན་པ་བྱེད་དགོས། སྐུལ་ལྕག་སྒྲིག་གཞི་དང་ཚན་རྩལ་གདེང་འཇོག་སྒྲིག་གཞི་འཐུས་སྒོ་ཚང་དུ་བཏང་ནས། འགག་གཏོར་ལས་འགན་སྒྲུབ་མཁན་གཙོ་བོ་སོགས་ཀྱི་སྒྲིག་གཞི་དོན་འཁྱོལ་ཡག་པོ་བྱེད་དགོས། ཚན་རྩལ་གྱིས་མི་ཆོས་ཚན་ལྡན་བཟོ་བ་དང་། སློབ་སྲོལ་དང་སྤྱོད་ཚུལ་ཡག་པོ་དར་སྤེལ་བཏང་ནས། ཚན་ཞིབ་མི་སྣས་བློ་གཅིག་སེམས་གཅིག་དང་ཏན་ཏིག་ཡར་བརྩོན་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས།

གཉིས་ནི། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་རང་བརྟེན་ཚོད་འཛིན་ནུས་པ་ཆེ་རུ་གཏོང་དགོས། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བདེ་འཇགས་དང་བརྟན་པོ་ཡོང་བ་བྱེད་རྒྱུ་ནི་གོང་འཕེལ་གྱི་གནས་སྟངས་གསར་པ་བསྐྲུན་པའི་རྨང་གཞི་ཡིན། ཞན་ཆ་གསབ་པ་དང་བཟང་ཆ་འདོན་སྤེལ་བྱ་རྒྱུར་གཅིག་འགྱུར་ཐོག་སྐུལ་འདེད་གཏོང་བ་དང་ཐོན་ལས་ཀྱི་ཉམས་ཞན་ལྷུ་ཚིགས་ལ་དམིགས་ནས་འགག་རྩའི་ལྟེ་བའི་ལག་རྩལ་འགག་གཏོར་གྱི་ལས་གཞི་ལག་བསྟར་ཡག་པོ་བྱས་ནས། ཚད་བཀག་བཟོ་བའི་གནད་དོན་ཁག་གཅིག་ཐག་གཅོད་གང་མགྱོགས་བྱེད་པ་དང་། ཐོན་ལས་ཀྱི་བཟང་ཆ་ལྡན་པའི་ཁྱབ་ཁོངས་སུ་ལས་དོན་ཞིབ་ཚགས་སྒྲུབ་ནས་ཐུན་མོང་མ་ཡིན་པའི་རྩེར་སོན་ལག་རྩལ་དེ་བས་མང་བ་ཐོན་པ་བྱེད་དགོས། ཐོན་ལས་ཀྱི་རྨང་གཞིའི་བསྐྱར་བསྐྲུན་ལས་གཞི་ལག་བསྟར་ཡག་པོ་བྱས་ནས། རྨང་གཞིའི་ལྷུ་ལག་སྒྲིག་ཆས་དང་རྨང་གཞིའི་བཟོ་རྩལ། འགག་རྩའི་རྨང་གཞིའི་རྒྱུ་ཆ་སོགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། མཐོ་རིམ་ཇུས་འགོད་དང་དངོས་སྤྱོད་སྣེ་ཁྲིད། འཕྲུལ་འཁོར་ཧྲིལ་པོའི་སྐུལ་ཁྲིད་བྱེད་ཤུགས་བཅས་ཆེ་རུ་བཏང་ནས། སྤྱི་ཡོངས་རང་བཞིན་གྱི་ལག་རྩལ་མཁོ་འདོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤུས་ཚད་མཐོར་གཏོང་བྱེད་པའི་བྱ་སྤྱོད་གཏིང་ཟབ་ངང་སྤེལ་དགོས།

གསུམ་ནི། ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་ཀྱི་གཞི་གནས་རྒྱུན་འཁྱོངས་བྱེད་དགོས། རྒྱལ་ནང་གི་ཁྲོམ་ར་ཆེན་པོ་ཞིག་ཆགས་པ་བྱ་རྒྱུ་ནི་གོང་འཕེལ་གསར་པའི་གནས་སྟངས་བསྐྲུན་པའི་གལ་ཆེའི་འདེགས་སྐྱོར་ཞིག་ཡིན་པས། ངེས་པར་དུ་ལུགས་མཐུན་གྱི་མཛད་སྤྱོད་དང་གསོག་དངུལ། མ་འཇོག་སོགས་ལ་ཁྲིད་སྟོན་བྱེད་པའི་ཐད་ནུས་ལྡན་གྱི་ལམ་ལུགས་བཀོད་སྒྲིག་བྱེད་དགོས། འཛད་སྤྱོད་རྒྱ་ཆེར་གཏོང་བའི་ཆེས་རྩ་བ་ནི་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པས། སྤྱི་ཚོགས་འགན་བཅོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཡོབ་འབབ་བགོ་འགྲེམས་ལེགས་སྒྱུར། ཡོང་འབབ་འབྲིང་རིམ་གྱི་མི་ཚོགས་མང་དུ་གཏོང་བ་བཅས་བྱས་ནས། ཐུན་མོང་ཕྱུག་འགྱུར་ལ་མཉམ་དུ་སྐུལ་འདེད་ཏན་ཏིག་གཏོང་དགོས། འཛད་སྤྱོད་རྒྱ་ཆེར་གཏོང་རྒྱུ་དང་མི་དམངས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་རྒྱུ་ཟུང་འབྲེལ་བྱེད་དགོས། འཛད་སྤྱོད་དང་ཉོ་སྒྲུབ་ལ་ཚོད་འཛིན་བཟོ་བའི་སྲིད་འཛིན་རང་བཞིན་གྱི་གཏན་འབེབས་ཁག་གཅིག་གོ་རིམ་ལྡན་པའི་ངང་མེད་པ་བཟོ་བ་དང་། རྫོང་དང་ཤང་གི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོགས་འདོན་གང་ལེགས་བྱེད་དགོས། ལས་རིགས་ལག་རྩལ་སློབ་གསོའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། སྤུས་ཚད་སྔར་ལས་མཐོ་བའི་ལས་ཞུགས་གང་མང་ཐུབ་པ་བྱེད་དགོས། སྤྱི་པའི་འཛད་སྤྱོད་ལུགས་མཐུན་ངང་མང་དུ་བཏང་ནས་སློབ་གསོ་དང་སྨན་བཅོས། རྒན་གསོ། ཕྲུ་གུའི་སློབ་གསོ་སོགས་སྤྱི་པའི་ཞབས་ཞུའི་གཏོང་སྒོའི་ཕན་ནུས་མཐོ་རུ་གཏོང་དགོས། མ་འཇོག་འཕར་སྣོན་གྱི་རྗེས་ཤུགས་ཆེ་རུ་བཏང་ནས་འགག་རྩའི་ནུས་པ་མུ་མཐུད་འདོན་སྤེལ་བྱེད་དགོས། ཁེ་སྤོགས་ཆེ་བ་དང་སྤྱི་ཚོགས་ཀྱི་ཕན་ནུས་ཆེ་བའི་ཁྱབ་ཁོངས་ནང་ཀྲུང་དབྱང་སྔོན་རྩིས་ནང་གི་མ་འཇོག་གི་ཁྲིད་སྟོན་དང་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། སྤྱི་ཚོགས་ཡོངས་ཀྱི་མ་འཇོག་གསོན་ཤུགས་སྐུལ་སློང་བྱེད་པ། གྲངས་ཀའི་དཔལ་འབྱོར་གོང་འཕེལ་ཤུགས་ཆེན་བཏང་ནས་རྨང་གཞིའི་སྒྲིག་བཀོད་གསར་པར་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་དགོས། བཟོ་སྐྲུན་ལས་རིགས་ཀྱི་སྒྲིག་ཆས་གསར་བཟོ་དང་ལག་རྩལ་སྒྱུར་བཀོད་ལ་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་དགོས། གྲོང་ཁྱེར་གསར་བཟོའི་བྱ་སྤྱོད་ལག་བསྟར་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་རྙིང་པ་སྒྱུར་བཀོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། དེང་རབས་ཟོག་འདྲེན་མ་ལག་བསྐྲུན་དགོས། གཅིག་འགྱུར་འཆར་འགོད་དང་སྤྱི་ཡོངས་ནས་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས། ཐོན་ལས་ཀྱི་གནས་སྟངས་འཆར་འགོད་ཡག་པོ་བྱེད་པ་དང་། གསར་དར་ཐོན་ལས་འཛུགས་སྐྲུན་བསྐྱར་མ་བྱེད་པའི་གནས་ཚུལ་མི་ཐོན་པ་བྱེད་དགོས།

བཞི་ནི། སྒྱུར་བཅོས་སྒོ་དབྱེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། གོང་འཕེལ་གྱི་གནས་སྟངས་གསར་པ་བསྐྲུན་པར་ངེས་པར་དུ་ཚད་གཞི་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་བསྐྲུན་པ་དང་། ཚད་གཞི་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་ལག་བསྟར་བྱས་ནས། སྒྱུར་བཅོས་དང་སྒོ་དབྱེ་ཕན་ཚུན་སྐུལ་འདེད་ཐེབས་པ་བྱེད་དགོས། སྤྱི་ཁོག་དཔལ་འབྱོར་བཅོས་སྐྱོང་འཐུས་སྒོ་ཚང་དུ་བཏང་ནས། རྒྱལ་སྤྱིའི་སྤྱི་ཁོག་སྲིད་ཇུས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་ལོ་གསུམ་བྱ་སྤྱོད་ཅེས་པ་ལག་བསྟར་གཏིང་ཟབ་བྱས་ནས་དམངས་གཉེར་དཔལ་འབྱོར་གོང་འཕེལ་གྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་། དེང་རབས་ཁེ་ལས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཀུང་སི་བཅོས་སྒྲིག་ལེགས་པོ་བྱས་ནས་རིགས་ཁག་གི་ཁྲོམ་རའི་གཙོ་གཟུགས་ཀྱི་གསོན་ཤུགས་སྐུལ་སློང་བྱེད་དགོས། ཁྲོམ་རའི་ཞུགས་འཐུས་ཚད་གཞི་དམའ་རུ་བཏང་ནས་འདྲ་མཉམ་འགྲན་རྩོད་ལ་སྐུལ་འདེད་གཏོང་བ་དང་། ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་བྱེད་པ། གཅིག་འགྱུར་གྱི་ཁྲོམ་ར་ཆེན་པོ་གཏོད་པ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་དགོས། དངུལ་རྩའི་ལས་ཁུངས་བཅོས་སྒྲིག་བྱེད་རྒྱུ་འཐུས་སྒོ་ཚང་དུ་གཏོང་བ་དང་། མ་རྩའི་ཁྲོམ་ར་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཁྲོམ་ཞུགས་ཀུང་སིའི་སྤུས་ཚད་མཐོ་རུ་གཏོང་བ། བུ་ལོན་དང་འགྲོ་གྲོན་ལས་གཡོལ་བའི་བྱ་སྤྱོད་ཁག་ལ་རྡུང་རྡེག་གཏོང་བ་བཅས་བྱ་དགོས། རྐ་རྟེན་རྒན་གསོའི་འགན་བཅོལ་གསུམ་པ་གོང་འཕེལ་ཚད་ལྡན་གཏོང་བ་དང་། ཁྱོན་ཡོངས་དང་ཡར་ཐོན་གྱི་ཞི་བདེ་རྒྱ་མཚོ་སྒྲོལ་བའི་རོགས་ཟླའི་འབྲེལ་བའི་ཆོད་ཡིག་ནང་ཞུགས་རྒྱུར་བསམ་གཞིག་གང་ལེགས་བྱེད་དགོས། རྒྱལ་ནང་གི་ལྟ་སྐུལ་དོ་དམ་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་ནས། བདེ་འཇགས་ཞིབ་བཤེར་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་སྤྱིའི་སྤྱི་པའི་སྒྲིག་སྲོལ་བེད་སྤྱོད་གཏོང་རྒྱུར་མཐོང་ཆེན་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས།

ལྔ་ནི། ས་བོན་དང་རྨོ་ཞིང་གི་གནད་དོན་ཐག་གཅོད་ཡག་པོ་བྱ་དགོས། འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པའི་འགག་རྩ་ནི། འབྲུ་རིགས་ས་ཞིང་ལ་བརྟེན་པ་དང་འབྲུ་རིགས་ལག་རྩལ་ལ་བརྟེན་པའི་འཐབ་ཇུས་དོན་འཁྱོལ་བྱ་རྒྱུར་ཐུག་ཡོད། སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། སོན་རྒྱུའི་མཛོད་ཁང་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། ཚན་རིག་ལ་བརྩི་འཇོག་དང་ལྟ་སྐུལ་དོ་དམ་ནན་པོ་བྱས་ནས། སྐྱེ་དངོས་སོན་གསོའི་ཐོན་ལས་ཅན་གྱི་བཀོལ་སྤྱོད་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། སོན་རྒྱུའི་འགག་གནད་ལག་རྩལ་འགག་སྒྲོལ་བྱས་ཏེ་ས་བོན་ལས་རིགས་ཀྱི་དམག་འཐབ་གསར་པ་ཞིག་རྒྱག་དགོས། རྨོ་ཞིང་མུའུ་དུང་ཕྱུར ༡༨ ཀྱི་དམར་ཐིག་བརྟན་སྲུང་བྱེད་པ་དང་། རྨོ་ཞིང་དེ་དག་ཞིང་ལས་མིན་པར་སྤྱོད་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་དང་། འབྲུ་རིགས་ཐོན་སྐྱེད་མི་བྱེད་པའི་རིགས་མི་ཐོན་པ་བྱས་ནས། རྨོ་ཞིང་བཟུང་སྤྱོད་དང་ཁ་གསབ་གཉིས་དོ་སྙོམས་ཡོང་བ་བྱེད་དགོས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཐོན་ལས་ཁུལ་འཛུགས་སྐྲུན་བྱེད་པ་དང་། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཞིང་ཁའི་ཆུ་བེད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་ཀྱི་ས་ནག་སྲུང་སྐྱོབ་ལས་གྲྭ་ལག་བསྟར་བཅས་བྱེད་དགོས། འབྲུ་རིགས་དང་གལ་ཆེའི་ཞིང་ཞོར་ཐོན་རྫས་མཁོ་སྤྲོད་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་དགོས། ཞིང་ལས་ཐད་ཀྱི་སྦགས་བཙོག་གི་འབྱུང་ཁུངས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།

དྲུག་ནི། སྒེར་སྡོམ་ལ་ངོ་རྒོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་མ་རྩ་གོ་རིམ་མེད་པར་རྒྱ་སྐྱེད་དུ་འགྲོ་རྒྱུ་སྔོན་འགོག་བྱ་དགོས། སྒེར་སྡོམ་ལ་ངོ་རྒོལ་དང་ཚུལ་མིན་གྱི་འགྲན་རྩོད་ལ་ངོ་རྒོལ་བྱེད་པ་ནི། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་བླང་བྱ་རེད། རྒྱལ་ཁབ་ཀྱིས་ལས་སྟེགས་ཁེ་ལས་ཀྱི་གསར་གཏོད་འཕེལ་རྒྱས་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་དང་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། དུས་མཚུངས་སུ་ཁྲིམས་ལྟར་ཚད་ལྡན་ངང་འཕེལ་རྒྱས་གཏོང་རྒྱུ་དང་གྲངས་གཞིའི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ལས་སྟེགས་ཁེ་ལས་ཀྱི་སྒེར་སྡོམ་བྱེད་པར་ངོས་འཛིན་བྱེད་ཐབས་དང་། གྲངས་གཞི་བསྡུ་རུབ་དང་དེར་བེད་སྤྱོད་དོ་དམ་བྱེད་ཐབས། འཛད་སྤྱོད་པའི་ཁེ་དབང་ལ་སྲུང་སྐྱོང་བྱེད་ཐབས་སོགས་ཐད་ཀྱི་བཅའ་ཁྲིམས་ཚད་ལྡན་བཟོ་དགོས། སྒྲིག་སྲོལ་གཏན་འབེབས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྟ་སྐུལ་དོ་དམ་བྱེད་ནུས་ཆེ་རུ་བཏང་ནས། སྒེར་སྡོམ་དང་ཚུལ་མིན་གྱི་འགྲན་རྩོད་བྱེད་རིགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་དགོས། དངུལ་རྩ་གསར་གཏོད་བྱ་རྒྱུ་དེ་ངེས་པར་དུ་ལྟ་སྐུལ་དོ་དམ་ནན་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྤེལ་དགོས།

བདུན་ནི། གྲོང་ཁྱེར་ཆེན་པོའི་སྡོད་ཁང་གི་མངོན་གསལ་དོད་པའི་གནད་དོན་ཁག་ཐག་གཅོད་ཡག་པོ་བྱ་དགོས། སྡོད་ཁང་གི་གནད་དོན་ནི་དམངས་འཚོའི་བདེ་སྐྱིད་དང་འབྲེལ་བ་ཡོད། སྡོད་ཁང་ནི་སྡོད་སའི་གནས་ཡིན་པ་ལས་ཁེ་བཟང་གཉེར་ཡུལ་མིན་པའི་གནས་བབ་དེ་རྒྱུན་འཁྱོངས་བྱེད་པ་དང་། ཡུལ་བབ་དང་བསྟུན་པ་དང་ཇུས་མང་མཉམ་འདོན་བྱས་ནས། ས་ཁང་ཐོན་ལས་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་འཛུགས་སྐྲུན་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས། དུས་ཡུན་རིང་བའི་བོགས་གཏོང་ཁང་པའི་སྲིད་ཇུས་མགྱོགས་མྱུར་འཐུས་སྒོ་ཚང་དུ་བཏང་སྟེ། བོགས་ལེན་སྡོད་ཁང་དང་རང་ཉོས་སྡོད་ཁང་གིས་སྤྱི་པའི་ཞབས་ཞུ་ལོངས་སྤྱོད་བྱེད་པའི་ཐད་གཅིག་མཚུངས་ཀྱི་ཁེ་དབང་ཡོད་པ་བྱེད་པ་བརྒྱུད། དུས་ཡུན་རིང་བའི་བོགས་གཏོང་ཁང་པའི་ཁྲོམ་ར་ཚད་ལྡན་ངང་འཕེལ་རྒྱས་གཏོང་དགོས། ས་ཆ་མཁོ་སྤྲོད་བྱེད་སྐབས་བོགས་གཏོང་སྡོད་ཁང་འཛུགས་སྐྲུན་བྱེད་མཁན་ལ་ཕྱོགས་ལྷུངས་བྱེད་དགོས་པ་དང་། བོགས་གཏོང་སྡོད་ཁང་གི་ས་ཆ་སྤྱོད་པའི་འཆར་གཞི་ལོགས་སུ་བཟོས་ནས། མཉམ་སྡེབ་འཛུགས་སྐྲུན་ལ་སྤྱོད་རྒྱུའི་ས་ཆ་དང་ཁེ་ལས་བྱ་གཞག་ཚན་པར་ཡོད་པའི་བེད་མེད་ས་ཆར་བོགས་གཏོང་ཁང་པ་བསྐྲུན་རྒྱུའི་འཚོལ་ཞིབ་བྱེད་དགོས་པ་དང་། དེའི་ཐད་གཞུང་ཁོངས་དང་དམངས་གཉེར་ཁེ་ལས་ཚང་མས་ནུས་པ་འདོན་སྤེལ་བྱེད་དགོས། བོགས་གཏོང་སྡོད་ཁང་གི་ཁྲལ་གྲོན་ཁུར་པོ་ཡང་དུ་གཏོང་བ་དང་། བོགས་གཏོང་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་བྱེད་པ། ཁྲོམ་རའི་བྱ་སྤྱོད་ཚད་ལྡན་བཟོ་བ་བཅས་བྱས་ནས། བོགས་དངུལ་གྱི་ཚད་གཞིར་ལུགས་མཐུན་ངང་སྟངས་འཛིན་བྱེད་དགོས།

བརྒྱད་ནི། ཐཱན་དམའ་ཤོས་དང་ཐཱན་སྙོམས་སྒྲིག་གི་ལས་དོན་ཡག་པོ་བསྒྲུབ་དགོས། རང་རྒྱལ་གྱི་དབྱང་གཉིས་ཐཱན་འགྱུར་འབུད་ཚད ༢༠༣༠ ལོའི་གོང་དམའ་ཤོས་སུ་སླེབས་རྒྱུ་བརྩོན་ལེན་བྱས་ནས། ༢༠༦༠ ལོའི་གོང་ཐཱན་སྙོམས་སྒྲིག་ཐུབ་རྒྱུ་བརྩོན་ལེན་བྱེད་དགོས། ༢༠༣༠ ལོའི་གོང་གི་ཐཱན་ཉུང་ཤོས་སུ་འབུད་བཤངས་བྱེད་པའི་བྱ་སྤྱོད་ཇུས་གཞི་དུས་ཚོད་དམ་འཛིན་གྱིས་བཟོ་བ་དང་། ཆ་རྐྱེན་ཡོད་པའི་ས་གནས་སུ་སྔོན་ཚུད་ནས་ཚད་གཞི་དམའ་ཤོས་སུ་སླེབས་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཐོན་ལས་ཀྱི་གྲུབ་ཆ་དང་ནུས་རྒྱུའི་གྲུབ་ཆ་ལེགས་སྒྲིག་བྱེད་མགྱོགས་སུ་གཏོང་བ་དང་། རྡོ་སོལ་འཛད་སྤྱོད་སྔ་ཙམ་ཚད་གཞི་དམའ་ཤོས་སུ་སླེབས་རྒྱུར་སྐུལ་འདེད་གཏོང་བ། ནུས་རྒྱུ་གསར་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། རྒྱལ་ཡོངས་ཀྱི་ནུས་རྒྱུ་སྤྱོད་དབང་དང་ཐཱན་འབུད་བཤངས་བྱེད་དབང་གི་ཉོ་ཚོང་ཁྲོམ་ར་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། ནུས་རྒྱུའི་འཛད་སྤྱོད་ལ་ཕྱོགས་གཉིས་ཀ་ནས་ཚོད་འཛིན་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱ་དགོས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མུ་མཐུད་ཡག་པོ་བརྒྱབ་ནས། སྦགས་བཙོག་ཉུང་གཏོང་དང་ཐཱན་ཉུང་གཏོང་གཉིས་ཀར་ཕན་འབྲས་ཐོན་པ་བྱེད་དགོས། གཞི་ཁྱོན་ཆེ་བའི་རྒྱལ་ཁོངས་ས་ཆ་ལྗང་འགྱུར་གྱི་བྱ་སྤྱོད་སྤེལ་ནས་སྣོད་བཅུད་མ་ལག་གི་ཐཱན་བསྡུའི་ནུས་པ་ཆེ་རུ་གཏོང་དགོས།

གྲོས་ཚོགས་ཐོག མི་རབས་ཁ་ཤས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱུན་མཐུད་འབད་འཐབ་བྱས་པ་བརྒྱུད་རང་རྒྱལ་གྱིས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་ཉེར་ཡོད། དེ་ནི་འཚོ་བ་གསར་པ་དང་འབད་བརྩོན་གསར་པ་བྱེད་པའི་འགོ་ཚུགས་ས་ཡིན་པས། མུ་མཐུད་དེ་དཀའ་སྤྱད་འབད་འཐབ་བྱ་དགོས། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་བཏང་ནས་གཞི་ཁྱོན་ཆེ་བའི་དབུལ་ལོག་གནས་ཚུལ་ཐོན་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་འབྲེལ་མཐུད་ནུས་ལྡན་བྱས་ནས་རོགས་སྐྱོར་སྲིད་ཇུས་སྤྱིའི་ཆ་ནས་བརྟན་ལྷིང་ཐུབ་རྒྱུ་རྒྱུན་འཁྱོངས་དང་། རིགས་དབྱེ་ནས་ལེགས་སྒྲིག་ལེགས་འགྱུར་བྱེད་པ། སྲིད་ཇུས་ཀྱི་བར་བརྒལ་དུས་ཚོད་འདང་ངེས་འཇོག་པ་བཅས་བྱེད་དགོས་ཞེས་བསྟན་ཡོད།

གྲོས་ཚོགས་ཐོག དཔལ་འབྱོར་ཁོར་རྒྱུག་ལ་སྐུལ་འདེད་གཏོང་རྒྱུ་དེ་ལུགས་མཐུན་གྱི་བར་ཁམས་ནང་རྒྱུན་འཁྱོངས་བྱེད་པ་དང་། མུ་མཐུད་བརྟན་པོ་དྲུག་དང་འགན་ལེན་དྲུག་གི་ལས་དོན་ཡག་པོ་སྒྲུབ་པ། སྤྱི་ཁོག་སྙོམ་སྒྲིག་གི་དལ་ལྷོད་དང་ཤུགས་ཚད་ཐད་ལུགས་མཐུན་ངང་དམ་འཛིན་བྱེད་པ། གནད་ལ་འཕིགས་ཤིང་ནུས་ལྡན་ངང་སྤྱི་ཁོག་སྲིད་ཇུས་ལག་བསྟར་བཅས་བྱེད་དགོས། ཁྲོམ་རའི་བྱེད་པོའི་གསོན་ཤུགས་སྐུལ་སློང་རྒྱུན་འཁྱོངས་བྱེད་པ་དང་། ཁྲལ་རིན་གཉིས་ཆག་གི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། ཀུན་ཕན་དངུལ་རྩའི་ཞབས་ཞུར་ཤུགས་སྣོན་རྒྱག་པ། སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་དེ་བས་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ། ཁྲོམ་རའི་བྱེད་པོ་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་དང་སྒེར་གྱི་བཟོ་ཚོང་དུད་ཚང་གི་གསོན་ཤུགས་ཆེ་རུ་གཏོང་དགོས། གསར་གཏོད་ལ་བརྟེན་ནས་དངོས་གཟུགས་དཔལ་འབྱོར་གོང་འཕེལ་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། བཟོ་སྐྲུན་ལས་རིགས་ཀྱི་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས། རྒྱལ་ནང་གི་ཁྲོམ་རའི་ལྐོག་ཤུགས་སྔོག་འདོན་གང་ལེགས་བྱེད་པ་དང་། དམངས་འཚོ་ལེགས་བཅོས་ཀྱིས་ཁྲིད་ཕྱོགས་བྱས་ཏེ་འཛད་སྤྱོད་དང་ནུས་ལྡན་མ་འཇོག་རྒྱ་སྐྱེད་གཏོང་བ་དང་། སྤྱི་ཚོགས་ཀྱི་མ་རྩས་དེའི་ནང་ཞུགས་པར་རྒྱབ་སྐྱོར་བྱེད་པའི་ལམ་སྲོལ་དང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། དམངས་འཚོའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་རྒྱུར་དེ་བས་མཐོང་ཆེན་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་ས་ཁོངས་མཐུན་སྦྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས། ཤང་གྲོང་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་བྱེད་པ། གྲོང་གསེབ་སྒྱུར་བཅོས་དང་ཤང་གྲོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། གློད་སྡོམ་ཞབས་གསུམ་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། ཚོང་གཉེར་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་གཏོང་བ་བཅས་བྱེད་དགོས། སྦག་བཅོག་འགོག་བཅོས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། འབྱུང་ཁམས་ཁོར་ཡུག་གི་སྤུས་ཚད་ཟམ་མི་ཆད་པར་ལེགས་བཅོས་བྱེད་དགོས། གཞི་རྩའི་དམངས་འཚོ་འགན་སྲུང་ལས་དོན་ཡག་པོ་སྒྲུབ་པ་དང་། གཙོ་གནད་མི་ཚོགས་ཐབས་ལམ་མང་པོའི་ཐོག་ནས་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏོང་བ། མི་དམངས་ཀྱི་འཚོ་བ་རྒྱུན་མཐུད་ངང་ལེགས་བཅོས་བཅས་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།

གྲོས་ཚོགས་ཐོག གོང་འཕེལ་གྱི་དུས་མཚམས་གསར་པ་དང་འཚམ་པ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། གོང་འཕེལ་གྱི་གནས་བབ་གསར་པ་འཛུགས་པ་བཅས་བྱེད་པར་ངེས་པར་དུ་ཏང་གིས་ཁྱོན་ཡོངས་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། ཆབ་སྲིད་ཀྱི་མིག་རྒྱང་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གནད་དོན་ལ་ལྟ་ཞིབ་དང་དབྱེ་ཞིབ་བྱེད་མཁས་པོ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དཔལ་འབྱོར་ལས་དོན་གྱི་ཕྱོགས་ཁག་ཚང་མར་ལག་བསྟར་ཐུབ་རྒྱུའི་ཐད་དམ་པ་དོན་གཉེར་བྱེད་དགོས། ལྟ་ཞིབ་དང་ལྟ་སྐུལ་སོགས་ཀྱི་ལས་དོན་ཚད་ལྡན་བཟོ་བ་དང་། ཕན་ནུས་དངོས་ཐོན་རྒྱུར་དང་དོད་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཆེད་ལས་ཅན་གྱི་ནུས་པ་ཆེ་རུ་བཏང་ནས། འབད་བརྩོན་ཆེན་པོས་འགོ་ཁྲིད་གོང་འཕེལ་གྱི་གནས་བབ་གསར་པ་འཛུགས་པའི་ཁྲོད་ཀྱི་གོམས་བྱང་ཅན་དུ་འགྱུར་བ་བྱེད་དགོས། གསབ་ཁྲིད་དང་ཁ་གསབ་ཀྱི་ཁ་ཚ་དགོས་གཏུགས་རང་བཞིན་ཆེ་རུ་བཏང་ནས། རང་རྟོགས་ངང་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ཐུབ་པ་བྱ་དགོས། གོང་འཕེལ་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་ལ་དམ་འཛིན་བྱས་ཏེ། རིགས་ཁག་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཉེན་ཁ་ནུས་ལྡན་ངང་སྔོན་འགོག་དང་སེལ་བ། བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གེགས་སེལ་གྱི་ལས་དོན་ལ་མཐོང་ཆེན་པོ་བྱེད་པ། ཚབས་ཤིན་ཏུ་ཆེ་བའི་དོན་རྐྱེན་ཐོན་རྒྱུར་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། སྤྱི་ཚོགས་བཅོས་སྐྱོང་བྱ་རྒྱུ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། རིགས་ཁག་གི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུའི་ཐད་རིམས་ནད་ཕྱི་ནས་མཆེད་རྒྱུར་བཀག་འགོག་ནན་པོ་བྱ་རྒྱུ་དང་ནང་དུ་བསྐྱར་ལོག་རྒྱག་རྒྱུར་བཀག་འགོག་ནན་པོ་བྱ་རྒྱུའི་ལས་དོན་ལ་ལྷོད་གཡེང་མེད་པར་དམ་འཛིན་བྱས་ཏེ། གཞི་ཁྱོན་ལྡན་པའི་རིམས་ནད་མཆེད་པ་དང་བསྐྱར་ལོག་རྒྱག་པའི་གནས་ཚུལ་མི་ཐོན་པའི་འགན་སྲུང་བྱེད་དགོས། དུས་ཆེན་གཉིས་ཀྱི་ཁྲོམ་རའི་མཁོ་སྤྲོད་བཀོད་སྒྲིག་ཡག་པོ་བྱས་ནས། གཞི་རྩའི་དམངས་འཚོ་འགན་སྲུང་བྱེད་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ལས་དོན་ཡག་པོ་བསྒྲུབ་དགོས་ཞེས་བསྟན་ཡོད་པ་རེད།

གྲོས་ཚོགས་ཐོག ཏང་ཡོངས་ཀྱི་བློ་མཐུན་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་དང་གསར་གཏོད་ཡར་བརྩོན་གྱིས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་ ༡༠༠ འཁོར་བར་བསུ་བ་ཞུ་དགོས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འགོ་འཛིན། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། དེ་བཞིན་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་སོགས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། འཆར་གཞི་ཟུར་བཀོད་གྲོང་ཁྱེར་བཅས་ཁག་དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་བཅས་ཀྱི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པ་དང་། འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་ལས་ཁུངས་དང་ཁེ་ལས་ཁག་གཅིག ཀྲུང་དབྱང་དམག་ཨུད་ལས་ཁུངས་ཀྱི་ཚན་པ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་སོགས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

དུས་རབས་ཀྱི་འགན་འཁྲི་མཉམ་དུ་འཁུར་ནས། གོ་ལའི་གོང་འཕེལ་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། ཞི་ཅིན་ཕིང་གིས་ལས་རིཊ་རྩལ་ནུས་འགྲན་བསྡུར་ལ་རྟེན་འབྲེལ་ཞུས་གནང་བ། ཞི་ཅིན་ཕིང་གིས་གནམ་གཤིས་བློ་སྟོབས་དབུ་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་བ། ཞི་ཅིན་ཕིང་གིས་ཁོང་དང་མཉམ་དུ་ཁྱབ་བསྒྲགས་འདི་འདྲ་ཞིག་གནང་བ།