ཕ་ཡི་བརྩེ་བ་ནི་རི་ལས་མཐོ་ཞིང་སྨྲ་བསམ་བརྗོད་ལས་འདས།
སྤྱི་ལོ ༢༠༢༡ ལོར། སྐབས་དེ་དུས་ཧྥུའུ་ཅན་ཞིང་ཆེན་གྱི་འགོ་འཛིན་གྱི་འགན་བཞེས་བཞིན་ཡོད་པའི་ཞི་ཅིན་ཕིང་གིས་ཡབ་ཆེན་ཞི་ཀྲུང་ཞུན་ལ་སྤྲིངས་པའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་། ངས་སྐུ་ཉིད་ཀྱི་དྲུང་ནས་རྒྱུན་འཛིན་དང་སློབ་སྦྱོང་བྱེད་དགོས་པའི་བླ་ན་མེད་པའི་གཤིས་རྒྱུད་ཧ་ཅང་མང་པོ་ཡོད་ཅེས་བརྩེ་བ་ཟབ་མོས་བྲིས་གནང་ཡོད།
ཞི་ཅིན་ཕིང་གི་ངོས་ནས་བརྗོད་ན། ཡབ་ཀྱི་ངག་ཐོག་གི་བཀའ་སློབ་དང་ཀུན་སྤྱོད་ཐད་ཀྱི་དཔེ་སྟོན་གྱིས་ཁོང་གི་གཤིས་རྒྱུད་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པ་དང་། གུང་ཁྲན་རིང་ལུགས་ཀྱི་བྱ་གཞག་ནང་ཞུགས་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་མི་དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་པའི་ཆོད་སེམས་བརྟན་དུ་ཕྱིན་ཡོད།
ཞི་ཀྲུང་ཞུན་དང་ཆི་ཞིན་སྟངས་དཔྱལ་གཉིས་སྔ་མོ་ནས་གསར་བརྗེར་ཞུགས་པས། ཁྱིམ་དུ་གསར་བརྗེའི་རྣམ་པ་ཟབ་མོ་ཡོད།
སློབ་གྲྭར་ཕེབས་སྐབས། ཞི་ཅིན་ཕིང་སློབ་གྲྭར་ཞག་སྡོད་གནང་གི་ཡོད་པས། ལོ་གསར་དང་དུས་ཆེན་སྐབས་གཞི་ནས་ཁྱིམ་དུ་ལོག་གནང་གི་ཡོད། ཁོང་གིས། ཁྱིམ་དུ་ལོག་རྗེས། སྔོན་ལ་ཕྲུ་གུ་ཚང་མ་གྱང་རྩར་ལངས་ཏེ་ཁོང་གི་སློབ་གསོ་དང་ལེན་བྱེད་དགོས། དེ་ཡང་ཁོང་རང་ཉིད་གསར་བརྗེར་ཇི་ལྟར་ཞུགས་ཚུལ་གསུངས་བ་དང་། ང་ཚོ་ཡང་སླད་ཕྱིན་ངེས་པར་དུ་གསར་བརྗེར་ཞུགས་དགོས་ཚུལ། གསར་བརྗེ་ནི་ཅི་འདྲ་ཞིག་ཡིན་པ་སོགས་གསུངས་ཀྱི་ཡོད། ང་ཚོས་ཐེངས་མང་པོ་ཉན་པས་སུན་སྣང་སྐྱེ་ཡོང་བ་དང་། སྐབས་རེ་རྩེད་མོ་རྩེ་བར་འགྲོ་འདོད་ཆེ། དངོས་གནས་བཟོད་དཀའ་བ་ཞིག་ཡོད། འོན་ཀྱང་མི་ཉན་པར་སྡོད་མི་ཕོད་པས། རིམ་བཞིན་ང་ཚོར་ཤུགས་རྐྱེན་ཐེབས་ཡོད་ཅེས་ཐེངས་ཤིག་ཞི་ཅིན་ཕིང་གིས་བཅར་འདྲི་དང་ལེན་གནང་སྐབས་སེམས་འགུལ་ཆེན་པོ་ཐེབས་པའི་སྒོ་ནས་དེ་ལྟར་གསུངས།
གནམ་འོག་གི་ཀུན་སྤྱོད་བཟང་ཤོས་ནི་བློ་དཀར་སེམས་དཀར་ལས་གཞན་ཅི་ཡང་མེད། བློ་དཀར་སེམས་དཀར་ནི་གུང་ཁྲན་ཏང་མིའི་ཆེས་ལྟེ་བར་གྱུར་བའི་ཆབ་སྲིད་ཀྱི་བྱང་ཚད་ཡིན་པ་དང་། རང་ཉིད་ཀྱི་ཆབ་སྲིད་བསམ་བློའི་ཆེས་གཏིང་ཟབ་པའི་གྲལ་རིམ་གཏོགས་ཁོངས་ཁས་ལེན་བྱས་པ་ཞིག་ཀྱང་ཡིན། ཞི་ཀྲུང་ཞུན་གྱིས་བུ་ཕྲུག་རྣམས་ལ་བཏོན་པའི་བླང་བྱ་ནི། ཏང་ལ་བློ་དཀར་སེམས་དཀར་བྱ་དགོས་པ་དེ་ཡིན།
ཡབ་ཡུམ་གྱི་སློབ་གསོའི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཞི་ཅིན་ཕིང་གིས་གུང་གཞོན་སྡེ་ཚོགས་ནང་ཞུགས་རྒྱུའི་རེ་འདུན་ཞུ་ཡིག ༨ དང་ཏང་ནང་ཞུགས་རྒྱུའི་རེ་འདུན་ཞུ་ཡིག ༡༠ འབྲི་གནང་མྱོང་ཡོད། དེ་ནས་ཁོང་དགུང་ལོ ༢༠ ལ་ཕེབས་སྐབས་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་ཡོད།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་བཞེས་རྗེས། ཏང་ཡོན་དང་ལས་བྱེད་པ་ཁག་གཅིག་གི་དད་སེམས་ཉམས་ཡོད་པ་དང་ཆོད་སེམས་ལ་གཡོ་འགུལ་ཐེབས་པ་སོགས་ཀྱི་གནད་དོན་ཡོད་པར་དམིགས་ཏེ། ཞི་ཅིན་ཕིང་གིས། གུང་ཁྲན་ཏང་ཡོན་གྱིས་འགག་གནད་ཡག་པོ་སྲུང་དགོས་པ་དང་། རུས་སྙིའི་ནད་ཕོག་པ་ལྟར་གཉོད་ཆུང་ནུས་མེད་ཅིག་བྱེད་མི་རུང་བར་དད་སེམས་བརྟན་པོ་ངར་ལྕགས་ཀྱི་ལྕགས་རི་ལྟ་བུར་འགྱུར་བ་བྱ་དགོས་ཁ་གསལ་བཏོན་གནང་བ་དང་། ཁོང་གིས་ཏང་ཡོངས་ལ་རང་རྟོགས་ངང་གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་ཕུགས་བསམ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་ལ་བློ་བརྟན་འགྱུར་མེད་ངང་དད་མོས་བྱེད་མཁན་དང་ལྷག་བསམ་རྣམ་དག་གིས་ལག་ལེན་བྱེད་མཁན་ཞིག་བྱས་ནས། ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པ་དང་ཚེ་གང་འགྱོད་པ་མི་སྐྱེ་བའི་མར་ཁེ་སི་རིང་ལུགས་ཀྱི་འཐབ་འཛིང་པ་ཞིག་བྱེད་དགོས་པའི་བསླབ་བྱ་གནང་ཡོད།
ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོའི་ཐོག ཞི་ཀྲུང་ཞུན་གྱིས་མྱོང་ཚོར་ཟབ་མོའི་ངང་། རྒྱལ་སྲིད་ནི་མི་དམངས་ལ་བརྟེན་པ་དང་། མི་དམངས་ནི་རྒྱལ་སྲིད་ཀྱི་རྩ་བ་ཡིན་ཞེས་གསུངས་གནང་ཡོད།
ཀོང་ཏུང་གི་ལས་བྱེད་པ་རྒན་གྲས་ཀྲང་གོ་དབྱིང་གིས་ཕྱིར་དྲན་བྱས་པར་གཞིགས་ན། ཞི་ཅིན་ཕིང་སྲིད་འཛིན་ལས་ལ་ཞུགས་གནང་རྗེས། ཞི་ཀྲུང་ཞུན་གྱིས་བུ་ལ། རང་དཔོན་པོ་ཆེན་པོ་གང་འདྲ་ཞིག་བྱས་ཀྱང་། ཧུར་ཐག་འབད་ཐག་གིས་མི་དམངས་ལ་ཞབས་འདེགས་ཞུས་ནས་དངོས་གནས་དྲང་གནས་ཀྱིས་མི་དམངས་ལ་བསམ་བློ་གཏོང་བ་དང་། མང་ཚོགས་དང་འབྲེལ་བ་བྱེད་པ། ཞི་དུལ་གཤིབ་བདེ་ཞིག་བྱེད་དགོས་ཞེས་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས་སྔ་ཕྱི་བར་གསུམ་དུ་ཡབ་ཀྱི་བཀའ་མོལ་ཐུགས་ལ་བརྟན་པོར་ངེས་པ་མ་ཟད་ཚེ་གང་གི་འབད་འཐབ་ཀྱི་དམིགས་ཚད་ལ་བརྩི་ཡི་ཡོད།
སྲིད་དོན་བསྒྲུབས་པ་ནས་བཟུང་། གཞི་རིམ་ནི་ཞི་ཅིན་ཕིང་ཕེབས་མང་ཤོས་ཀྱི་ས་ཆ་ཡིན། ཀྲེང་ཏིང་དུ་བཞུགས་སྐབས། ཁོང་གྲོང་ཚོ་ཚང་མར་ཕེབས་པ་དང་། ཉིང་ཏེ་རུ་ཁོང་ལས་གནས་སུ་ཞུགས་ནས་ཟླ ༣ ལས་མ་འགོར་བར་རྫོང་ ༩ ལ་ཕེབས་པ། རྗེས་སུ་ཡང་ཤང་དང་གྲོང་རྡལ་མང་ཆེ་བར་ཕེབས་གནང་ཡོད། ཀྲེ་ཅང་དུ་ལས་གནས་བསྒྱུར་རྗེས། ཁོང་གིས་ལོ་གཅིག་ལྷག་ཙམ་གྱི་དུས་ཚོད་སྤྱད་དེ་ཞིང་ཆེན་དེ་ཡོངས་ཀྱི་རྫོང་དང་། གྲོང་ཁྱེར། ཆུས་བཅས ༩༠ ལ་བསྐྱོད་པ། ཧྲང་ཧའེ་ལ་ཕེབས་ནས་ཟླ་བ་བདུན་ལས་མ་སོང་བར། ཁོང་གྲོང་ཁྱེར་དེ་ཡོངས་ཀྱི་ཆུས་དང་རྫོང་ ༡༩ ཚང་མར་ཕེབས་ཡོད།
སྤྱི་ལོ ༢༠༡༢ ལོའི་ཟླ ༡༡ པའི་ཚེས ༡༥ ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བསྐོས་མ་ཐག་པའི་ཞི་ཅིན་ཕིང་གིས། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་ནི་ང་ཚོའི་འབད་འཐབ་དམིགས་ཚད་ཡིན་ཞེས་གསལ་བསྒྲགས་གནང་བ་དང་། དུས་དེ་ནས་བཟུང་ཏང་ཡོངས་ལ་སྣེ་ཁྲིད་ཀྱིས་མི་དམངས་ལྟེ་བར་བྱས་པའི་གོང་འཕེལ་གྱི་བསམ་བློ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བའི་བརྗིད་ཆེའི་རྒྱང་སྐྱོད་འགོ་བཙུགས་ཡོད།
སྤྱི་ལོ ༢༠༡༣ ལོའི་ཟླ ༡༡ པར། ཞི་ཅིན་ཕིང་ཧུའུ་ནན་ཧྲི་པ་ཏུང་གྲོང་ཚོར་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་ཡོད། དེའི་རིང་། ཁྱིམ་དུ་བརྙན་འཕྲིན་མེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ངོ་མི་ཤེས་པའི་མེའོ་རིགས་ཀྱི་རྒན་མོ་ཧྲི་ཕ་ཀྲོན་གྱིས་ཞི་ཅིན་ཕིང་རང་ཁྱིམ་དུ་བསུས་ནས། ཁྱེད་རང་གི་མཚན་ལ་ག་རེ་ཞུ་ཡི་ཡོད་ཅེས་དྲིས། ཁོང་གིས། ང་ནི་མི་དམངས་ཀྱི་གཞུང་ལས་པ་ཞིག་ཡིན་ཞེས་ཞི་ཅིན་ཕིང་གིས་འཛུམ་དམུལ་དམུལ་ངང་རང་ཉིད་ངོ་སྤྲོད་གནང་བ་དང་། བབ་ཆགས་པའི་བཀའ་མོལ་དེས་དེ་གར་ཡོད་པའི་མི་ཚང་མའི་སེམས་ལ་དྲོ་སྐྱིད་སྦྱིན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་སྐུལ་འདེད་གནང་བའི་འོག རང་རྒྱལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་ཀར་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་ཡོད། ལོ ༨ ཀྱི་རིང་དབུལ་སྒྲོལ་འགག་སྒྲོལ་ཐད་འབད་འཐབ་བྱས་པས། དབུལ་ཕོངས་མི་འབོར་དུང་ཕྱུར་གཅིག་ལྷག་དབུལ་ཕོངས་ཀྱི་གནས་ལས་སྒྲོལ་ཡོད་པ་དང་། ལོ་རྒྱུས་དེབ་ཐེར་དུ་འཁོད་པའི་མི་ཡུལ་གྱི་ངོ་མཚར་སླར་ཡང་བཏོད་ཡོད།
ཀྲུང་གོ་ལེགས་གྲུབ་བྱུང་བའི་འགག་རྩ་དེ་ཀྲུང་གོ་གུང་ཁྲན་ཏང་ལ་ཐུག་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་ལེགས་གྲུབ་ནི་དེའི་ཕུལ་བྱུང་སྲོལ་རྒྱུན་དང་ཁ་བྲལ་ཐབས་མེད། དད་སེམས་བརྟན་པོ་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་གུང་ཁྲན་ཏང་མིའི་བསམ་པའི་ཁྲག་རྒྱུན་ཟམ་མི་ཆད་པར་རྒྱུན་འཛིན་བྱེད་དགོས།།