གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལ་སྐུལ་འདེད་གཏོང་དགོས།

སྤེལ་དུས་: 2021ལོ་06ཟླ་10ཚེས་ 16:29 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་མཚོ་སྔོན་ལ་རྟོག་ཞིབ་གནང་བར་ཕེབས་པ་རེད།

སྤྱི་ཚེས ༧ ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཁུལ་ཝུན་ཧུའེ་ལམ་ཁྲོམ་གཞུང་ཝུན་ཐིང་སྲང་ལམ་སྡེ་ཁུལ་གྱི་དཔེ་གཟིགས་ཁང་དུ་སྡེ་ཁུལ་གྱིས་གཞོན་ནུ་ལོ་ཆུང་ལ་སློབ་གྲྭ་གྲོལ་རྗེས་ཀྱི་སྤྱི་ཕན་རང་བཞིན་གྱི་མངགས་བཅོལ་དོ་དམ་ཞབས་ཞུ་བསྒྲུབས་ཚུལ་མཁྱེན་རྟོགས་གནང་བཞིན་པ།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། ཆ་ཚང་བ་དང་། གནད་ལ་འཕིགས་པ། ཕྱོགས་ཡོངས་བཅས་ཀྱི་ཐོག་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། འགག་སྒྲོལ་དཀའ་སེལ་དང་གསར་འབྱེད་གསར་གཏོད་བྱེད་པ་བཅས་ལ་བརྟེན་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པ་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབད་པ་ཆེན་པོས་རྩོམ་དགོས།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར། ཁྱད་ཆོས་ཆེ་ཤོས་ལྡན་པའི་ཐོན་ལས་དང་གསོན་ཤུགས་ཆེ་ཤོས་ལྡན་པའི་ཁེ་ལས་ལ་དམ་འཛིན་བྱེད་མཁས་པོ་བྱས་ཏེ། ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་ཕུལ་བྱུང་ཁེ་ལས་སྐྱེད་སྲིང་བྱེད་པ་དང་ཁེ་ལས་འཕེལ་རྒྱས་གཏོང་བར་བརྟེན་ནས་ཐོན་ལས་མཐོར་འདེགས་ལ་སྐུལ་ཁྲིད་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་གནང་དོན། སྡེ་ཁུལ་དེ་ཉིད་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་པའི་གཡུལ་ས་གལ་ཆེན་ཞིག་ལ་བརྩིས་ཏེ། མི་རིགས་ཁག་གི་མི་དམངས་ཚོས་ལག་གདང་སྦྲེལ་བ་དང་གཅིག་སེམས་གཅིག་སྒྲིལ་བྱེད་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ཞི་མཐུན་ཁྱིམ་གཞིས་ལྷན་དུ་འཛུགས་སྐྲུན་བྱེད་དགོས། སྡེ་ཁུལ་བཅོས་སྐྱོང་ཡག་པོ་བྱུང་མིན་གྱི་འགག་རྩ་དེ་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལ་ཐུག་ཡོད། དེས་ན་དམག་འཐབ་ཀྱི་མཁར་རྫོང་ལྟ་བུའི་གཞི་རིམ་གྱི་ཏང་རྩ་འཛུགས་དེ་སྔར་བས་སྲ་ཞིང་བརྟན་པ་ཞིག་ཏུ་འཛུགས་སྐྱོང་བྱེད་པ་དང་། སྡེ་ཁུལ་གྱི་ཏང་ཡོན་དང་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་པ། གཞི་རིམ་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། སྡེ་ཁུལ་གྱི་ལས་དོན་དེ་གནད་ལ་འཕིགས་པའི་སྒོ་ནས་སྒྲུབ་དགོས། མང་ཚོགས་ཀྱི་སེམས་ཁྲལ་སེལ་བའི་ལས་ཀ་རེ་རེ་བཞིན་སྒྲུབ་པའི་ཁྲོད་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་དགོས། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་ཆེད་ཡང་འབད་བསྐྱར་འབད་དང་འབད་འབུངས་ལྷོད་མེད་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྐྱེ་ཁམས་ནི་ང་ཚོའི་རྩ་ཆེའི་ཐོན་ཁུངས་དང་རྒྱུ་ནོར་ཡིན། རྒྱལ་ཁབ་ཀྱི་སྐྱེ་ཁམས་འཐབ་ཇུས་དོན་འཁྱོལ་ཡག་པོ་བྱས་ཁར། གཙང་གསུམ་ཆུ་འགོ་སོགས་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་གྱི་ཚོད་ལྟའི་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གིས་གཙོ་བོ་བྱེད་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱིས་རྨང་གཞི་བྱེད་པ། རང་བྱུང་སྤྱི་གླིང་སྣ་ཚོགས་ཀྱིས་ཁ་གསབ་བྱེད་པ་བཅས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་མགྱོགས་སུ་བཏང་ནས་རང་བྱུང་ཁམས་ཀྱི་སྐྱེ་ཁམས་ལ་སྲུང་སྐྱོང་ཡག་པོ་དང་། རང་བྱུང་ཁམས་ཀྱི་ཐོན་ཁུངས་གསོ་སྤེལ་ཡག་པོ། སྐྱེ་དངོས་སྣ་མང་ཅན་ལ་སྲུང་སྐྱོང་ཡག་པོ་བཅས་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་གནང་དོན། འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་ ༡༠༠ འཁོར་བའི་ལོ་རེད། རང་རེའི་ཏང་འཕེལ་རྒྱས་སྟོབས་ཆེར་ཕྱིན་པ་ནི་ལས་སླ་པོ་ཞིག་མིན་པ་དང་། སྲིད་དབང་ཚུར་བླངས་པ་ནི་ལས་སླ་པོ་ཞིག་མིན་པ་མ་ཟད། ཀྲུང་གོ་གསར་པ་འཛུགས་སྐྲུན་བྱས་པ་ཡང་ལས་སླ་པོ་ཞིག་མིན། མི་སེར་གྱིས་ཀྲུང་གོ་གུང་ཁྲན་ཏང་ལ་སྙིང་དབུས་ནས་བརྩི་བཀུར་ཞུ་དོན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་སྔ་ཕྱི་བར་གསུམ་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུས་པ་དང་མི་རིགས་ཁག་ལ་བདེ་སྐྱིད་བསྐྲུན་པས་རེད།

ཞི་ཅིན་ཕིང་གིས་བསྟན་གནང་དོན། ང་ཚོས་མུ་མཐུད་འབད་འཐབ་བྱེད་དགོས་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་སྐབས་ཀྲུང་ཧྭ་མི་རིགས་འདི་ཉིད་སྔར་བས་སྲ་ཞིང་བརྟན་པའི་སྒོ་ནས་འཛམ་གླིང་མི་རིགས་ཁྲོད་འགྱིང་ངེར་ལངས་ཐུབ་ངེས་ཡིན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་མི་རིགས་གཅིག་ཉུང་ནའང་འགྲིག་ཐབས་མེད། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ནང་། ཚང་མས་སེ་འབྲུའི་འབྲུ་གུ་བཞིན་གོང་བུ་གཅིག་ཏུ་བསྒྲིལ་ཏེ་སྤུན་ཉེ་འཆམ་མཐུན་དང་ཕན་ཚུན་ལྟ་སྐྱོང་བྱས་ན། གཞི་ནས་མི་རིགས་བསྐྱར་དར་གྱི་རླབས་ཆེའི་ཕུགས་འདུན་མངོན་འགྱུར་ཐུབ་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་དེ་གཞི་ནས་ཇི་སྲིད་བར་རབ་ཏུ་བཞད་ངེས་ཡིན།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་དོན་ཆེན་རེད། རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ། སའི་གོ་ལའི་གླིང་སྣེ་གསུམ་པའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་གནང་དོན། མི་དམངས་ལ་བཅངས་པའི་བརྩེ་བ་བརྟན་སྲུང་དང་། མི་དམངས་ལ་དམ་པོར་བརྟེན་པ། མི་དམངས་ལ་བདེ་སྐྱིད་ཟམ་མི་ཆད་པར་བསྐྲུན་པ་བཅས་བྱས་ནས་ཐུན་མོང་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། བྱེད་ཐབས་ནུས་ལྡན་ལ་བརྟེན་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་དོན་འཁྱོལ་བྱས་ཏེ། ལས་ཞུགས་དང་། ཡོང་འབབ་བགོ་འགྲེམས། སློབ་གསོ། སྤྱི་ཚོགས་འགན་སྲུང་། སྨན་བཅོས། སྡོད་ཁང་། རྒན་གསོ། བཅོལ་གསོ། བཟའ་བཅའི་བདེ་འཇགས། སྤྱི་ཚོགས་བདེ་འཇགས་སོགས་ཀྱི་གནད་དོན་ལ་སྤྱི་འདོམས་ཐག་གཅོད་ཡག་པོ་བྱེད་པ་དང་། སྐྱེ་ཁམས་དང་དམངས་འཚོའི་འབྲེལ་བ་ཐག་གཅོད་འོས་འཚམ་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་འགན་ལེན་གཉིས་མཐུན་སྦྱོར་ཡོང་བ་བྱེད་དགོས།

སྤྱི་ཚེས ༨ ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྐང་ཚྭ་རྫོང་འོམ་ཆུ་གྲོང་རྡལ་མགོ་ལོག་དཀོན་ལོ་ཚང་གོང་མ་གྲོང་ཚོར་རྟོག་ཞིབ་གནང་སྐབས་གྲོང་མི་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ།

ཞི་ཅིན་ཕིང་གིས་བསྟན་གནང་དོན། རང་རེའི་ཏང་གི་ལོ་བརྒྱའི་འབད་འཐབ་ཁྲོད། རང་སོ་སོའི་ཁྱད་ཆོས་ལྡན་པའི་གསར་བརྗེའི་སྙིང་སྟོབས་རབ་དང་རིམ་པ་གྲུབ་པ་དེ་དག་གི་ཐོག་ནས་ཏང་གི་སྲ་ཞིང་བརྟན་པའི་དད་སེམས་དང་། གཞི་རྩའི་དམིགས་ཡུལ། ཕུལ་བྱུང་གི་སྤྱོད་བཟང་བཅས་མཚོན་གྱི་ཡོད། དེ་དག་ནི་ང་ཚོས་འབད་འཐབ་ལྷོད་མེད་བྱེད་པར་སྐུལ་བའི་བསམ་པའི་རྒྱུ་ནོར་རྩ་ཆེན་ཤ་སྟག་རེད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རིང་། ལོ་རྒྱུས་སློབ་སྦྱོང་བྱས་ནས་སྤྱོད་བཟང་གོང་དུ་བཀུར་ཐུབ་པ་བྱེད་པ་ནི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་བླ་ན་མེད་པའི་ཀུན་སྤྱོད་རྒྱུད་ལ་འཇགས་པར་ཁྲིད་སྟོན་བྱེད་རྒྱུ་དེ་ཡིན། གཅིག་ནས་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་སྤྱོད་བཟང་གོང་བཀུར་དར་སྤེལ་གཏོང་དགོས་ཤིང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཏང་ནང་ཞུགས་སྐབས་བཞག་པའི་ཏང་ལ་ལྷག་བསམ་རྣམ་དག་བྱ་རྒྱུ་དང་ནམ་ཡང་ཏང་ལ་ངོ་མི་ལོག་པའི་དམ་བཅའ་ཇི་སྲིད་བར་མི་བརྗེད་པར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཏང་ལ་ལྷག་བསམ་རྣམ་དག་བྱེད་པ་དང་། ཏང་གི་བྱ་གཞག་ལ་ལྷག་བསམ་རྣམ་དག་བྱེད་པ། སེམས་ཐག་གཙང་བཅད་ཀྱིས་ཏང་གི་རྗེས་སུ་འབྲང་བ། ནམ་ཡང་འགྱོད་པ་མི་སྐྱེ་བ་བཅས་བྱེད་ཐུབ་པ་བྱེད་དགོས་པ་དང་། གཉིས་ནས་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་སྤྱོད་བཟང་གོང་བཀུར་དར་སྤེལ་གཏོང་དགོས་ཤིང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་མི་དམངས་ཀྱི་ལངས་ཕྱོགས་ཐོག་བརྟན་པོར་ལངས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་དང་སྐྱིད་སྡུག་མཉམ་མྱོང་དང་། ཕྱར་བ་གྲུ་འདེགས། འགན་འཁྲི་འཁུར་ཕོད་པ། ནུས་པ་ཧུར་ཐག་འདོན་པ་བཅས་བྱས་ནས། མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་ཆེས་རྩ་བའི་འགན་འཁྲིར་བརྩི་དགོས། གསུམ་ནས་རང་གཅུན་ནན་པོ་བྱེད་པའི་སྤྱོད་བཟང་གོང་བཀུར་དར་སྤེལ་གཏོང་དགོས་ཤིང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་རང་གཟབ་ཆུང་ཟོན་བྱེད་པ་དང་། བདེན་པ་བདེན་ཐུབ་ཀྱི་མི་དང་དྲང་པོ་དྲང་བཞག་གི་ལས་བྱས་ཏེ། ཡ་རབས་མཆོག་གྱུར་དང་། རྣམ་པར་དག་པ། ཀུན་སྤྱོད་དང་ལྡན་པ། མ་རབས་སྤྱོད་པ་དང་བྲལ་བ། མི་དམངས་ལ་ཕན་ཐོགས་མཁན་ཞིག་ཏུ་འགྱུར་བ་བྱེད་དགོས། རྣམ་དག་དང་། དྲང་བཞག སྤྱོད་གཙང་། འགན་སེམས་ཆེ་བ། བྱང་ཚད་མཐོ་བ་བཅས་ཀྱི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་པ་དང་། མུ་མཐུད་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས། ཏང་སྐྱོན་བྲལ་ངང་གནས་ཐུབ་པའི་འགན་ལེན་བྱེད་དགོས། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ནས་མཚོ་སྔོན་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བ། ཞི་ཅིན་ཕིང་གིས་ཤིན་ཨན་སློབ་ཆུང་གི་སློབ་མར་འཕྲིན་ལན་སྤྲིངས་པ། ཞི་ཅིན་ཕིང་གི་གསུང་བཤད་ལ་ཚན་རྩལ་མི་སྣའི་ཁྲོད་ལན་ཆ་ཆེན་པོ་བྱུང་། ཞི་ཅིན་ཕིང་ནས་འཛམ་གླིང་ཁོར་ཡུག་ཁྲིམས་འཛིན་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྐུར་གནང་འདུག