སྤྱི་ཟླ ༦ པའི་ཚེས ༢༡ ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོང་ཀོ་པུའི་ཙུང་ཐུང་ས་སུའུ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་ཡོད།
ཞི་ཅིན་ཕིང་གིས།ཀྲུང་གོ་དང་ཁོང་ཀོ་པུའི་མཛའ་མཐུན་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད།ཕྱོགས་གཉིས་པོས་སྔ་བར་ཕྱི་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་དང་།ཕན་ཚུན་རོགས་རམ་བྱས་ཤིང་།རྒྱལ་སྤྱི་དང་ས་ཁུལ་གྱི་བྱ་དོན་ཁྲོད་རོགས་ལས་དམ་ཟབ་བྱས་ནས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་དང་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་ཀྱི་ཡོད།ན་ནིང་ནས་བཟུང་ཀྲུང་ཁོང་ཕྱོགས་གཉིས་པོས་ཏོག་གསར་གློ་ཚད་རིམས་ནད་ལ་ཐུན་མོང་ཐོག་འགོག་རྒོལ་བྱས་པ་དང་།ལག་གདང་སྦྲེལ་ནས་ཐོན་སྐྱེད་བསྐྱར་གསོ་དང་ལས་ཀ་སླར་གསོ་བྱ་རྒྱུར་སྐུལ་འདེད་བཏང་བ།འབྲེལ་ཡོད་དངོས་སྒྲུབ་མཉམ་ལས་རྣམ་གྲངས་ཀྱི་འཕེལ་རིམ་རྒྱས་བདེ་བླག་བྱུང་བ།རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་དང་མཉམ་ལས་འཕེལ་རྒྱས་གཏིང་ཟབ་ཕྱིན་ཡོད།ཀྲུང་གོ་ཕྱོགས་ཀྱིས་ཁོང་ཀོ་པུའུ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱ་རྒྱུ་གཏིང་ཟབ་ཏུ་གཏོང་བ་དང་།རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་བརྒྱབ་སྟེ། ཀྲུང་གོ་དང་ཁོང་ཀོ་པུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ལེགས་པ་བསྐྲུན་འདོད་ཡོད་ཅེས་གསུངས་ཡོད།
ཞི་ཅིན་ཕིང་གིས།ཀྲུང་གོ་ཕྱོགས་ཀྱིས་ཁོང་ཀོ་པུའི་ཕྱོགས་ནས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར་དང་།ཁོང་ཀོ་པུའི་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར།ཁོང་ཀོ་པུའི་ཕྱོགས་ཀྱིས་ཐོན་ཁུངས་དང་ས་ཁོངས་སོགས་ཀྱི་བཟང་ཆ་དེ་འཕེལ་རྒྱས་ཀྱི་བཟང་ཆར་བསྒྱུར་རྒྱུར་རྒྱབ་སྐྱོར་བཅས་བྱ་རྒྱུ་ཡིན།ཀྲུང་གོ་ཕྱོགས་ཀྱིས་སྟོབས་ཤུགས་ལྡན་པའི་ཀྲུང་གོའི་ཁེ་ལས་དེ་བས་མང་བས་ཁོང་ཀོ་པུའུ་ལ་མ་འཇོག་བྱས་ནས་ལས་རིགས་དར་རྒྱས་གཏོང་བར་བསྐྱོད་རྒྱུར་ལྕག་སྐུལ་གཏོང་རྒྱུ་ཡིན་ལ།ཁོང་ཀོ་པུའུ་ཕྱོགས་དང་སྨན་བཅོས་འཕྲོད་བསྟེན་དང་། ཞིང་ལས། དམངས་འཚོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས།ཁོང་ཀོ་པུའུ་ཕྱོགས་ཀྱིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱ་ཆེད་རིམས་འགོག་སྨན་ཁབ་སོགས་ཀྱི་རྒྱབ་སྐྱོར་བྱས་ཏེ།ཁོང་ཀོ་པུའུ་ཕྱོགས་ཀྱི་བཟོ་ལས་ཅན་དང་དཔལ་འབྱོར་སྣ་མང་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་།ཁོང་ཀོ་པུའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད།ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་པོས་ཐུན་མོང་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ལ་༼ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་རོམས་རམ་བྱེད་པའི་རོགས་ཟླའི་གྲོས་འགོ་༽བཏོན་པ་དང་།ཀྲུང་གོ་ཕྱོགས་ཀྱིས་ཁོང་ཀོ་པུའུ་དང་ཐུན་མོང་ཐོག་འབད་བརྩོན་བྱས་ནས།རྒྱལ་ཁབ་དེ་བས་མང་བ་ཞུགས་རྒྱུར་སྐུལ་འདེད་བཏང་སྟེ། ཐུན་མོང་ཐོག་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་འདོད་ཡོད།ཀྲུང་གོ་ཕྱོགས་ཀྱིས་ཁོང་ཀོ་པུའུ་དང་ལྷན་དུ་སྐབས་གསར་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་གྲོས་ཚོགས་ལ་ཧུར་ཐག་ཞུགས་ནས།ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་རྣམ་པ་གསར་པ་ཐུན་མོང་ཐོག་གཏོད་རྒྱུ་ཡིན་ཞེས་གསུངས་ཡོད།
ས་སུའུ་ཡིས།སྤྲོ་སེམས་འཁོལ་བའི་ངང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་༡༠༠འཁོར་བར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་ སྟོབས་ཆེའི་འགོ་ཁྲིད་འོགཀྲུང་གོས་ལེགས་གྲུབ་ལྡན་པའི་ངང་དབུལ་སྒྲོལ་འགག་གཏོར་དང་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དམག་འཐབ་ལ་རྒྱལ་ཁ་བླངས་པ་དང་།རྒྱལ་སྤྱིའི་ཐོག་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་པས།ཀྲུང་གོའི་མི་དམངས་ཀྱིས་གོམ་སྟབས་ཆེན་པོས་དར་རྒྱས་གོང་འཕེལ་གྱི་ལམ་བུའི་ཐོག་སྐྱོད་བཞིན་ཡོད།ཀྲུང་གོ་ཕྱོགས་ནས་ཁོང་ཀོ་པུས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྩ་ཆེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།ཀྲུང་གོ་ཕྱོགས་ཀྱིས་རང་ངོས་ཀྱི་ལྟེ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་ཞུ་རྒྱུ་དང་།ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱ་རྒྱུར་ངོ་རྒོལ་བྱ་རྒྱུ། ཀྲུང་གོ་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ།རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུ། རྒྱུད་གཅིག་ལམ་གཅིག་མཉམ་མཛུགས་ཧུར་ཐག་བྱ་རྒྱུ།ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱ་རྒྱུ། ཁོང་ཀོ་པུའུ་དང་ཀྲུང་གོ་དང་། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད།