ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཁྱོན་ཡོངས་བསྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གཅིག་པའི་ཐོག སྒེར་སྡོམ་ལ་ངོ་རྒོལ་དང་ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས། དངོས་ཟོག་གྲབས་གསོག་གི་སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས་ཞེས་ནན་སྟོན་གནང་བ།
སྤྱི་ཟླ ༨ ཚེས ༣༠ ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཁྱོན་ཡོངས་བསྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཀྲུའུ་རིན་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཁྱོན་ཡོངས་བསྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་ཉེར་གཅིག་པ་གཙོ་སྐྱོང་གནང་བ་དང་། ༼སྒེར་སྡོམ་ལ་ངོ་རྒོལ་དང་དྲང་གཞག་འགྲན་རྩོད་ཀྱི་སྲིད་ཇུས་ལག་བསྟར་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་༽དང་། ༼སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་དང་འཐུས་ཚང་དུ་བཏང་ནས་འཐབ་ཇུས་དང་འཕྲལ་སྡོམ་དངོས་ཟོག་གྲབས་གསོག་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག༽ ༼སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུའི་སྐོར་གྱི་བསམ་འཆར།༽ ༼བསྡོམས་རྩིས་ལྟ་སྐུལ་གྱི་འགན་ནུས་དེ་བས་ནུས་ལྡན་ངང་འདོན་སྤེལ་བྱ་རྒྱུའི་སྐོར་གྱི་བསམ་འཆར་༽བཅས་ལ་གྲོས་ཞིབ་བྱས་པ་མ་ཟད་གྲོས་འཆམ་ཡང་བྱུང་བ་རེད།
ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། སྒེར་སྡོམ་ལ་ངོ་རྒོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་གཞུང་དྲང་འགྲན་རྩོད་ཀྱི་སྲིད་ཇུས་ལག་བསྟར་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བའི་ནང་གནས་ཀྱི་བླང་བྱ་ཞིག་རེད། གོང་འཕེལ་གྱི་རྣམ་པ་གསར་པ་འཛུགས་པ་དང་། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འཐབ་ཇུས་ཀྱི་མཐོ་ཚད་ནས་འགོ་བཙུགས་ཏེ་གཞུང་དྲང་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག་ཅིག་ཆགས་རྒྱུར་སྐུལ་འདེད་བཏང་སྟེ། ཁྲོམ་རའི་གཙོ་གཟུགས་སྣ་ཚོགས་དང་ལྷག་དོན་དུ་ཁེ་ལས་འབྲིང་ཆུང་ལ་གོང་འཕེལ་གྱི་བར་སྟོང་རྒྱ་ཆེན་པོ་གཏོད་ནས་འཛད་སྤྱོད་པའི་ཁེ་དབང་ལ་སྲུང་སྐྱོབ་དེ་བས་ལེགས་པ་བྱེད་དགོས། རྒྱལ་ཁབ་ཀྱིས་གསོག་འཇོག་བྱེད་པ་ནི་རྒྱལ་ཁབ་ནས་བཅོས་སྐྱོང་བྱེད་པའི་དངོས་པོའི་རྨང་གཞི་གལ་ཆེན་ཞིག་ཡིན་པས། སྒྲིག་སྲོལ་དང་སྒྲིག་གཞིའི་བང་རིམ་ནས་འཐབ་ཇུས་དང་བབ་བསྟུན་དངོས་ཟོག་གསོག་འཇོག་གི་བདེ་འཇགས་དོ་དམ་ལ་ཤུགས་ནོན་རྒྱག་དགོས་པ་དང་། འཐབ་ཇུས་ཀྱི་འགན་སྲུང་དང་། སྤྱི་ཁོག་ནས་སྙོམས་སྒྲིག་བྱེད་པ། དགོས་གལ་ཆེ་བའི་ཁ་གཏད་གཅོག་ནུས་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། ཉེན་ཁ་ཚབས་ཆེན་འགོག་ཟོན་དང་བཀག་འགོག་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། གནད་འཕིགས་བཙོག་བཅོས་དང་ཚན་རིག་དང་མཐུན་པའི་སྒོ་ནས་བཙོག་བཅོས། ཁྲིམས་ལྟར་བཙོག་བཅོས་བཅས་བྱས་ཏེ། ཚད་གཞི་དེ་བས་མཐོ་བའི་སྒོ་ནས་གནམ་ངོ་དྭངས་ཤིང་ཆུ་མོ་སྔོ་བ། ས་གཞི་གཙང་བ་བཅས་ཀྱི་སྲུང་སྐྱོབ་དམག་འཐབ་ཡག་པོ་རྒྱག་དགོས་པ་དང་། ཆུ་ཚད་དེ་བས་མཐོ་བའི་སྒོ་ནས་སྤུས་ཚད་མཐོ་བའི་གོང་འཕེལ་དང་གསར་གཏོད་སྤུས་མཐོའི་འཚོ་བར་སྲུང་སྐྱོབ་དང་སྐུལ་འདེད་བཏང་ཐོག མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཀྲུང་གོ་ཞིག་འབད་བརྩོན་ཆེན་པོས་བསྐྲུན་དགོས། བསྡོམས་རྩིས་ལྟ་སྐུལ་འགན་ནུས་ཤུགས་ཆེར་བཏང་ནས། བསྡོམས་རྩིས་གྲངས་གཞིའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་བརྒྱུད་རིམ་ཆ་ཚང་བ་དང་། མཐུན་སྦྱོར་ལས་སྤྱོད་ཆེ་བ། བཅུན་སྡོམ་ནུས་ལྡན་བཅས་ཀྱི་བསྡོམས་རྩིས་ལྟ་སྐུལ་མ་ལག་ཞིག་གང་མགྱོགས་འཛུགས་དགོས་ཞེས་ནན་སྟོན་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གི་ཁྱོན་ཡོངས་བསྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལི་ཁེ་ཆང་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་འདུའི་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་སྒེར་སྡོམ་ལ་ངོ་རྒོལ་དང་ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བྱ་རྒྱུར་དམིགས་ནས་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བཏོན་པ་དང་། གཞུང་དྲང་འགྲན་རྩོད་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ། ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་སྒྲིག་སྲོལ་བསྒྱུར་བཅོས་བྱས་པ། སྒེར་སྡོམ་ལ་ངོ་རྒོལ་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་པ། ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་བཅས་ཀྱིས་གཅིག་གྱུར་སྒོ་དབྱེ་དང་འགྲན་རྩོད་གོ་རིམ་ལྡན་པའི་ཁྲོམ་རའི་མ་ལག་ཅིག་ཆགས་རྒྱུར་སྐུལ་འདེད་བཏང་ཡོད། ལས་སྟེགས་ཀྱི་ཁེ་ལས་ཁག་ཅིག་ལ་ཚུལ་མིན་གོང་འཕེལ་དང་གོ་རིམ་མེད་པར་རྒྱ་སྐྱེད་དུ་འགྲོ་བ་སོགས་ཀྱི་གནད་དོན་མངོན་གསལ་དོད་རིགས་ལ་དམིགས་ནས། ང་ཚོས་སྒེར་སྡོམ་ལ་ངོ་རྒོལ་བྱེད་པའི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ་དང་། ལས་སྟེགས་ཁེ་ལས་ཀྱི་སྒེར་སྡོམ་དང་ཚུལ་མིན་འགྲན་རྩོད་བྱེད་ཚུལ་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པ། མ་རྩ་གོ་རིམ་མེད་པར་རྒྱ་སྐྱེད་དུ་གཏོང་རིགས་སྔོན་འགོག་བྱེད་པར་ཐོག་མའི་ཆ་ནས་ཕན་འབྲས་ཐོན་ཞིང་། ཁྲོམ་རའི་གཞུང་དྲང་འགྲན་རྩོད་གོ་རིམ་ལྡན་པའི་སྒོ་ནས་ཡག་པའི་ཕྱོགས་སུ་བརྟན་པོའི་ངང་གོང་འཕེལ་འགྲོ་བཞིན་ཡོད་ཅེས་བསྟན་ཡོད་པ་རེད།
གྲོས་ཚོགས་ཐོགགོང་འཕེལ་དང་བདེ་འཇགས། ལས་ཆོད་དང་གཞུང་དྲང་། གསོན་ཤུགས་དང་སྒྲིག་ལམ། རྒྱལ་ནང་དང་རྒྱལ་སྤྱི་བཅས་ལ་གཅིག་འགྱུར་འཆར་འགོད་ཡག་པོ་བྱེད་དགོས་པ་དང་། ལྟ་སྐུལ་དོ་དམ་ཚད་ལྡན་དང་གོང་འཕེལ་སྐུལ་འདེད་གཉིས་གལ་ཆེ་མཉམ་འཛིན་རྒྱུན་འཁྱོངས་བྱེད་དགོས།སྒྲིག་སྲོལ་གསལ་པོ་བཟོ་བ་དང་།མཚམས་ཐིག་བཟོ་བ། ཁེ་ལས་ཀྱིས་ཏང་གི་འགོ་ཁྲིད་ལ་ཉན་རྒྱུར་ཁྲིད་སྟོན་དང་སྐུལ་འདེད་གཏོང་དགོས་པ་དང་། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་གནས་བབ་ཆེན་མོར་བརྩི་བཀུར་དང་ཞབས་ཞུ་བསྒྲུབ་དགོས། ཁེ་ལས་ཀྱིས་ཚན་རྩལ་ཡར་ཐོན་སྐུལ་འདེད་གཏོང་བ་དང་། ཁྲོམ་རའི་དཔལ་འབྱོར་དར་རྒྱས་གཏོང་བ། མི་དམངས་ཀྱི་འཚོ་བར་སྟབས་བདེ་སྐྲུན་པ། རྒྱལ་སྤྱིའི་འགྲན་རྩོད་ཁྲོད་ཞུགས་པ་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་དང་སྐུལ་ལྕག་གཏོང་དགོས། ཁྲོམ་རར་ཞུགས་པའི་ལམ་ལུགས་དང་། གཞུང་དྲང་འགྲན་རྩོད་བྱེད་པའི་ཞིབ་བཤེར་ལམ་སྲོལ། གྲངས་འཛིན་དཔལ་འབྱོར་གྱི་གཞུང་དྲང་འགྲན་རྩོད་བྱེད་པའི་ལྟ་སྐུལ་དོ་དམ་ལམ་ལུགས།སྲིད་འཛིན་དབང་ཆ་སྤྱད་དེ་འགྲན་རྩོད་ལམ་ལུགས་མེད་པ་བཟོ་བ་དང་ཚོད་འཛིན་བྱ་རྒྱུར་སྔོན་འགོག་དང་བཀག་འགོག་བྱེད་པ་སོགས་གང་མགྱོགས་འཐུས་ཚང་འཛུགས་དགོས། གཡོ་འགུལ་སྤུ་ཙམ་མེད་པ་གཉིས་རྒྱུན་འཁྱོངས་བྱེད་པ་དང་། ཁེ་ལས་ཆེ་འབྲིང་ཆུང་གསུམ་བར་སྤེལ་རེས་གང་ལེགས་བྱེད་པ་དང་། མཐུན་སྦྱོར་གོང་འཕེལ་གཏོང་བའི་གནས་སྟངས་ཡག་པོ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་བློ་བརྟན་འགྱུར་མེད་ཀྱིས་སྐུལ་འདེད་གཏོང་བ་དང་། ཐོན་དབང་དང་ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་བྱེད་པ།སྲིད་ཇུས་ཀྱི་ཁ་གསལ་རང་བཞིན་དང་སྔོན་དཔག་རང་བཞིན་མཐོ་རུ་གཏོང་དགོས།འགྲན་རྩོད་ཀྱི་བཅའ་ཁྲིམས་ལམ་ལུགས་དང་སྲིད་ཇུས་དྲིལ་བསྒྲགས་དང་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་དགོས་པ་དང་།ཁེ་ལས་ཀྱི་གཞུང་དྲང་འགྲན་རྩོད་བྱེད་པའི་འདུ་ཤེས་ཤུགས་ཆེར་གཏོང་བ། སྤྱི་ཚོགས་ཡོངས་སུ་གཞུང་དྲང་འགྲན་རྩོད་ལ་བརྩི་མཐོང་དང་སྲུང་སྐྱོབ། སྐུལ་འདེད་བཅས་གཏོང་བའི་ཁྲོམ་རའི་ཁོར་ཡུག་ཆགས་རྒྱུར་ཁྲིད་སྟོན་བྱེད་དགོས། ཆ་ཕྱོགས་ཧྲིལ་པོ་དང་།བང་རིམ་མང་པོ། ལངས་གཟུགས་ཅན་བཅས་ཀྱི་ལྟ་སྐུལ་དོ་དམ་མ་ལག་གང་མགྱོགས་འཛུགས་དགོས་པ་དང་།བྱ་དོན་གྱི་སྔ་ཕྱི་བར་གསུམ་དང་སྦྲེལ་ཐག་ཧྲིལ་པོ། ཁྱབ་ཁོངས་ཡོངས་བཅས་ལ་ལྟ་སྐུལ་དོ་དམ་བྱ་རྒྱུ་མངོན་འགྱུར་ཐུབ་པ་དང་། ལྟ་སྐུལ་དོ་དམ་གྱི་སྟོང་ཆ་སྐོང་བ། ལྟ་སྐུལ་དོ་དམ་གྱི་ཕན་ནུས་མཐོ་རུ་གཏོང་དགོས། ལྟ་སྐུལ་དོ་དམ་ལ་ཁྲིམས་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྟེགས་བུའི་དཔལ་འབྱོར་དང་། ཚན་རྩལ་གསར་བཏོད། ཆ་འཕྲིན་བདེ་འཇགས།དམངས་འཚོ་འགན་སྲུང་སོགས་གཙོ་གནད་ཁྱབ་ཁོངས་སུ་ཁྲིམས་བསྟར་ཁྲིམས་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། སྒེར་སྡོམ་ལ་ངོ་རྒོལ་བྱེད་པའི་སྒྲིག་གཞི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྒེར་སྡོམ་ལ་ངོ་རྒོལ་བྱེད་པའི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་བསྟན་ཡོད།
གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་ང་ཚོས་རྒྱལ་ཁབ་གྲབས་གསོག་གི་མཐོ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་པ་དང་།གྲབས་གསོག་དོ་དམ་སྒྲིག་གཞིའི་བསྒྱུར་བཅོས་ཟབ་ཏུ་བཏང་སྟེ། ཀྲུང་དབྱང་སྲིད་གཞུང་གིས་གྲབས་གསོག་ཐད་གཅིག་སྡུད་གཅིག་གྱུར་གྱི་དོ་དམ་བྱེད་པ་དང་།རྒྱལ་ཡོངས་སུ་ཁྱབ་པའི་དངོས་ཟོག་གྲབས་གསོག་དང་དབོར་འདྲེན་བྱེད་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་བ་མགྱོགས་མྱུར་འཛུགས་པ། རྒྱལ་ཁབ་གྲབས་གསོག་རྨང་གཞི་དང་སྟོབས་ཤུགས་རྒྱུན་མཐུད་སྟོབས་ཆེར་གཏོང་བ། ཉེན་ཁ་ཆེ་གྲས་སྔོན་འགོག་དང་སེལ་བ། ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་ནུས་ལྡན་གཅོག་པ་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་ཐུབ་ཡོད་ཅེས་བསྟན་ཡོད།
གྲོས་ཚོགས་ཐོག རང་རྒྱལ་ནི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས། རྒྱལ་ཁབ་ཆེན་པོའི་གནས་བབ་དང་འཚམས་པའི་རྒྱལ་ཁབ་གྲབས་གསོག་སྟོབས་ཤུགས་དང་འཕྲལ་སྒྲུབ་ནུས་པ་ངེས་པར་དུ་ལྡན་དགོས།གང་ཞིག་གསོག་དགོས་པ་དང་།སུ་ཞིག་གིས་གསོག་མིན།ཇི་ལྟར་གསོག་མིན་སོགས་ཀྱི་གནད་དོན་ལ་གཅིག་གྱུར་འཆར་འགོད་བྱས་ནས་ཐག་གཅོད་ཡག་པོ་བྱེད་དགོས།མ་ལག་ལྡན་པའི་འཆར་འགོད་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་གྲབས་གསོག་བྱེད་པའི་སྣེ་རིགས་དང་གཞི་ཁྱོན། གྲུབ་གཞི་བཅས་ལེགས་སྒྱུར་བྱས་ཏེ།འགག་རྩའི་དངོས་ཟོག་རིགས་མི་འདང་བའི་ཆ་གང་མགྱོགས་གསབ་དགོས། གཅིག་འགྱུར་གྱི་འཐབ་ཇུས་དང་འཕྲལ་སྒྲུབ་དངོས་ཟོག་གྲབས་གསོག་མ་ལག་གང་མགྱོགས་འཛུགས་དགོས་པ་དང་།སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་སྤྱི་ཚོགས་ཀྱིས་མཉམ་སྐྲུན་བྱེད་པ། སྣ་མང་གསབ་རེས་བྱེད་པ། ཀྲུང་དབྱང་དང་ས་གནས་དང་། དངོས་ཟོག་དང་ཐོན་ནུས། སྲིད་གཞུང་དང་ཁེ་ལས་བཅས་ཀྱི་གྲབས་གསོག་ཟུང་དུ་འབྲེལ་བའི་གྲབས་གསོག་སྒྲིག་གཞི་བཏོད་པ། དངོས་ཟོག་གལ་ཆེ་རིགས་ཀྱི་ཐོན་ནུས་འགན་སྲུང་དང་ཁྱབ་ཁོངས་བཀོད་སྒྲིག་ལེགས་སྒྲིག་བྱེད་པ་དང་། རིགས་དབྱེ་བ་དང་རིམ་པ་དབྱེ་བའི་ཐོག་ནས་གྲབས་གསོག་འགན་འཁྲི་དོན་འཁྱོལ་བྱེད་པ། གྲབས་གསོག་མ་དཔེ་འཐུས་སྒོ་ཚང་དུ་གཏོང་བ།གྲབས་གསོག་དོ་དམ་སྒྲིག་གཞི་གསར་དུ་གཏོད་པ་བཅས་བྱེད་དགོས། འཐབ་ཇུས་གྲབས་གསོག་གི་ཁྲོམ་རའི་སྙོམས་སྒྲིག་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། ཚོང་ཟོག་ཆེ་གྲས་ཀྱི་གྲབས་གསོག་དང་བཀོད་གཏོང་ནུས་པ་ཤུགས་ཆེར་གཏོང་བ། འཐབ་ཇུས་གྲབས་གསོག་གི་ཁྲོམ་ར་བརྟན་པོ་ཡོང་བར་བྱེད་པའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས། རྒྱལ་ཁབ་ཀྱིས་གྲབས་གསོག་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཆེད་ལས་ལྟ་སྐུལ་དོ་དམ་དང་ལས་རིགས་ལྟ་སྐུལ་དོ་དམ། ཁོངས་གཏོགས་ལྟ་སྐུལ་དོ་དམ་བཅས་ཀྱི་མཉམ་ཤུགས་འདོན་སྤེལ་ཡག་པོ་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད་པ་རེད།
གྲོས་ཚོགས་ཐོག ཉེ་བའི་ལོ་ཤས་རིང་ང་ཚོས་སྦགས་གཙོག་འགོག་བཅོས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་ཏན་ཏིག་དང་། ཤུགས་ཆེ་བ། ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་བཅས་ནི་སྔར་ན་མེད་པ་ཞིག་རེད། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་།རང་རྒྱལ་གྱི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་ཐཱན་ཉུང་གཏོང་གཙོ་གནད་འཐབ་ཇུས་ཁ་ཕྱོགས་སུ་བྱེད་པ་དང་།བཙོག་ཉུང་ཐཱན་ཉུང་དང་མཐུན་སྦྱོར་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་གནོད་མེད་བརྗེ་སྒྱུར་ལ་སྐུལ་འདེད་གཏོང་བ།འབྱུང་ཁམས་ཁོར་ཡུག་སྤུས་ཚད་ལེགས་སུ་གཏོང་རྒྱུ་དེ་གྲངས་ཀྱི་འགྱུར་ལྡོག་ནས་ངོ་བོའི་འགྱུར་ལྡོག་ཏུ་འགྱུར་བའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས། སྦགས་གཙོག་འགོག་བཅོས་བྱེད་པར་འཕྲད་པའི་འགལ་ཟླའི་གནད་དོན་གྱི་རིམ་པ་དེ་བས་ཟབ་པ་དང་། ཁྱབ་ཁོངས་དེ་བས་རྒྱ་ཆེ་བ། བླང་བྱ་དེ་བས་མཐོ་བ་ཡོད་ཅེས་བསྟན་ཡོད།
གྲོས་ཚོགས་ཐོགཤུགས་ཚད་རྒྱུན་འཁྱོངས་དང་། གཏིང་ཚད་ཟབ་གཏོང་།ཁྱབ་རྒྱ་ཇེ་ཆེར་གཏོང་བ། སྦགས་གཙོག་འགོག་བཅོས་བཅས་ཀྱི་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་པ་དང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་མང་ཚོགས་ཉེ་འགྲམ་གྱི་འབྱུང་ཁམས་ཁོར་ཡུག་གི་གནད་དོན་མངོན་གསལ་དོད་རིགས་ཐག་གཅོད་བྱེད་པ། སྦགས་བཙོག་དངོས་པོ་མང་པོ་མཐུན་སྦྱོར་ཚོད་འཛིན་དང་ས་ཁོངས་མཐུན་སྦྱོར་ངང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆུའི་ཐོན་ཁུངས་དང་། ཆུའི་ཁོར་ཡུག ཆུའི་འབྱུང་ཁམས་བཅས་གཅིག་གྱུར་གྱིས་བཅོས་སྐྱོང་བྱེད་པ། ས་རྒྱུའི་སྦགས་གཙོག་འགོག་བཅོས་ལ་སྐུལ་འདེད་གཏོང་བ།སྲ་གཟུགས་ཟོག་རོ་དང་སྦགས་གཙོག་དངོས་པོ་གསར་པ་བཅོས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་པ། ཕྱི་རྒྱལ་གྱི་གད་སྙིགས་ནང་འདྲེན་བྱེད་རིགས་ཁྱོན་ཡོངས་ནས་བཀག་སྡོམ་བྱེད་པ། གཙོ་གནད་ས་ཁོངས་དང་། ཁྱབ་ཁོངས་གལ་ཆེན། འགག་རྩའི་དམིགས་ཚད་བཅས་ཀྱི་སྦགས་གཙོག་འགོག་བཅོས་ལ་འགག་སྒྲོལ་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས།འབྱུང་ཁམས་མ་ལག་ཁྱོན་ཡོངས་རང་བཞིན་ལ་བསམ་བློ་བཏང་ནས།ཕྱོགས་བསྡུས་བཅོས་སྐྱོང་དང་། མ་ལག་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་བྱེད་པར་སྔར་བས་སྣང་ཆེན་དང་།གཙོག་སྐྱོན་ཉུང་གཏོང་དང་ཐཱན་སྐྱོན་ཉུང་གཏོང་གཞི་གཅིག་འཆར་འགོད་དང་། གཅིག་གྱུར་བཀོད་སྒྲིག གཞི་གཅིག་སྐུལ་འདེད། གཞི་གཅིག་དཔྱད་ཞིབ་བཅས་ཀྱི་ལམ་ལུགས་ལམ་སྲོལ་གང་མགྱོགས་འཛུགས་པ། འབྱུང་ཁམས་སྲུང་སྐྱོང་དང་སྦགས་གཙོག་འགོག་བཅོས་ལ་སྤྱི་འདོམས་བྱེད་པ། འབྱུང་ཁམས་ཁོར་ཡུག་ཁུལ་དབྱེ་ནས་དོ་དམ་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱག་པ། འབྱུང་ཁམས་མ་ལག་སྲུང་སྐྱོབ་དང་ཉམས་གསོ་བྱ་རྒྱུར་སྐུལ་འདེད་གཏོང་བ། གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་སྤེལ་བ། ཁོར་ཡུག་གི་ཤོང་ཚད་ཆེ་རུ་གཏོང་བ་བཅས་བྱེད་པ་དང་ཆབས་ཅིག སྦགས་བཙོག་དངོས་པོ་འབུད་བཤངས་བྱེད་ཚད་ཉུང་དུ་གཏོང་དགོས། ཐོན་ལས་ཀྱི་གྲུབ་གཞི་དང་། ནུས་རྒྱུའི་གྲུབ་གཞི། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གྲུབ་གཞི།ས་ཆ་བེད་སྤྱོད་ཀྱི་གྲུབ་གཞི་བཅས་མགྱོགས་མྱུར་ལེགས་སྒྲིག་བྱེད་པ་དང་། མཐོ་བ་གཉིས་ཀྱི་རྣམ་གྲངས་འཇུག་འཐུས་འགག་སྒོ་ནན་པོ་སྲུང་བ། ཐོན་ཁུངས་གྲོན་ཆུང་དང་ཕན་འབྲས་ཆེན་པོས་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ། གནོད་མེད་ཐཱན་ཉུང་སྒུལ་ནུས་གསར་པ་གསོ་སྤེལ་བྱེད་པ།འབྱུང་ཁམས་ཤེས་དཔལ་གྱི་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་།དེང་རབས་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་འཛུགས་རྒྱུ་མགྱོགས་སུ་གཏོང་བ། ཁྲིམས་སྐྱོང་འགན་ལེན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ། ཁོར་ཡུག་དཔལ་འབྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་བ། མ་དངུལ་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། ལྟ་སྐུལ་དོ་དམ་དང་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། འབྱུང་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་ལ་སྙིང་རྗེ་གཏན་ནས་མི་བྱེད་པ། འབྱུང་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཆད་པ་ནན་པོ་གཅོད་པ། ཡུལ་བབ་དང་བསྟུན་པ་དང་། རིགས་དབྱེ་ཇུས་བསྟར་བྱེད་པ། ཁྱད་པར་མངོན་པ་བཅས་བྱེད་པ་ལས་གཅིག་དཔེ་བརྒྱ་འགེབས་བྱེད་མི་རུང་ཞེས་ནན་སྟོན་བྱས་ཡོད།
གྲོས་ཚོགས་ཐོགབསྡོམས་རྩིས་ལྟ་སྐུལ་ནི་ཏང་དང་རྒྱལ་ཁབ་ལྟ་སྐུལ་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་བསྡོམས་རྩིས་ལྟ་སྐུལ་འཐུས་ཚང་དུ་གཏོང་རྒྱུའི་ཐད་ལམ་ལུགས་བཀོད་སྒྲིག་བྱས་ནས། བསྡོམས་རྩིས་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་འབོར་ཆེན་ཞིག་ཞིབ་བཤེར་ཐག་གཅོད་བྱས་པ་དང་། བསྡོམས་རྩིས་ལྟ་སྐུལ་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་དང་། གོང་འཕེལ་གྱི་རྣམ་པ་གསར་པ་འཛུགས་པ།སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་གནས་ཚུལ་སྐོར་གྱི་བསྡོམས་རྩིས་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་ཀྱི་གོང་འཕེལ་འཐབ་ཇུས་གལ་ཆེན་ལག་བསྟར་བྱས་ཚུལ་དང་། ཉེན་ཁ་དང་འགྲན་རྩོད་གལ་ཆེན་ལ་ཁ་གཏད་གཅོག་པའི་ཕན་འབྲས། མི་དམངས་མང་ཚོགས་ཀྱི་ལན་ཆ་ཆེ་བའི་གནད་དོན་ཐག་གཅོད་བྱས་ཚུལ་སོགས་ལ་གཙོ་གནད་ཐོག་ལྟ་ཞིབ་ཚད་ལེན་བྱེད་དགོས། བསྡོམས་རྩིས་ལམ་ལུགས་དང་བྱེད་ཐབས་སྒྱུར་བཅོས་མགྱོགས་སུ་གཏོང་བ་དང་། དེང་རབས་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། བསྡོམས་རྩིས་ཀྱི་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་། གནས་ཚུལ་མཐིལ་རྟོགས་བྱེད་པ། གྲངས་གཞི་གནད་ལ་འཁེལ་བ་བཅས་བྱས་ནས། ལྟ་སྐུལ་བྱས་འབྲས་ལ་ལག་ལེན་དང་ལོ་རྒྱུས་ཀྱི་ཞིབ་དཔྱད་ཐེག་ཐུབ་པ་བྱེད་དགོས། བསྡོམས་རྩིས་ལྟ་སྐུལ་དང་། སྒྲིག་ཁྲིམས་ལྟ་སྐུལ། རྩ་འཛུགས་ལྟ་སྐུལ། སྐོར་གཟིགས་ལྟ་སྐུལ། རྩིས་བཤེར་ལྟ་སྐུལ་སོགས་སྤྱི་འདོམས་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ་དང་། ལས་དོན་མཐུན་སྦྱོར་དང་བསྡོམས་རྩིས་ལྟ་སྐུལ་བྱས་འབྲས་བཀོལ་སྤྱོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལྟ་སྐུལ་གྱི་ཕན་ནུས་ཆེ་རུ་གཏོང་དགོས་ཞེས་བསྟན་ཡོད།
ཀྲུང་དབྱང་གི་ཁྱོན་ཡོངས་བསྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཨུ་ཡོན་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་ཡོད་པ་རེད།།