ཉེ་དུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་པེ་ཁྲེང་ཏེ་གྲོང་ཁྱེར་དུ་རྟོག་ཞིབ་གནང་བར་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ལན་ཆ་བཟང་པོ་བྱུང་ཡོད། ཚང་མས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ཡིད་ལ་བརྟན་པོ་ངེས་ནས། འབྱུང་ཁམས་ཤེས་དཔལ་འདུ་ཤེས་ལ་གོ་བ་ལེན་པ་དང་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། འདྲ་མཉམ་མཐུན་སྒྲིལ་དང་རོགས་ལས་ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་གོང་འཕེལ་བཏང་སྟེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་སྙིང་རུས་ཆེར་བསྐྱེད་ཀྱིས་སྐྱོད་རྒྱུ་ཡིན་ཞེས་བརྗོད་ཡོད།
ཧོ་པེ་ཞིང་ཆེན་གྱི་ཆེས་བྱང་རྒྱུད་དུ་གནས་པའི་སའེ་ཧན་པ་འཕྲུལ་འཁོར་ནགས་ར་ནི་དེ་སྔ་བྱེ་རླུང་གང་སར་འཚུབ་ཅིང་། བྱ་བྱིའུ་འཁོར་སའི་སྡོང་པོ་ཞིག་ཀྱང་མེད་པའི་བྱེ་ཐང་ཞིག་རེད། ལོ་ངོ་དྲུག་བཅུའི་རིང་། སའེ་ཧན་པ་ནགས་རའི་འཛུགས་སྐྲུན་པ་རྣམས་ཀྱིས་གནས་དེར་བྱེ་ས་ནགས་འགྱུར་གྱི་མི་ཡུལ་ངོ་མཚར་བཏོད་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་དང་དཀའ་སྤྱད་ལས་གཏོད་བྱེད་པ། སྦགས་མེད་གོང་འཕེལ་གཏོང་བ་བཅས་ཀྱི་སའེ་ཧན་པའི་སྙིང་སྟོབས་གྲུབ་པ་བྱས་ཡོད། ནགས་རའི་ལས་དོན་པ་མི་རབས་དང་པོ་ཁྲེན་ཡན་རྨིན་གྱིས། སྐབས་དེ་དུས་ང་ཚོ་སའེ་ཧན་པ་རུ་སྐྱིད་པོ་བྱེད་པར་ཡོང་བ་མིན་པར། ཤིང་སྡོང་རེ་རེ་བཞིན་བཙུགས་ཏེ་ཏང་གིས་ང་ཚོར་སྤྲད་པའི་ལས་འགན་ལེགས་འགྲུབ་བྱེད་ཅེས་པའི་བསམ་བློ་ཞིག་ཡོད། ང་ཚོས་ཀྱང་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ཡོད། ང་ཚོ་མི་རབས་འགའ་ཡིས་སའེ་ཧན་པ་རུ་ལོ་ངོ་བཅུ་ཕྲག་བརྟན་སྲུང་བྱས་པས་མུའུ་ཁྲི་བརྒྱ་ཟིན་པའི་ནགས་ར་དེ་བསྐྲུན་ཐུབ་པ་བྱུང་ཡོད་ཅེས་བརྗོད་པ་རེད།
མུའུ་ཁྲི་བརྒྱ་ཡི་ནགས་རའི་འགོ་འཛུགས་ཁུལ་ཏེ། ཧྲའང་ཧའེ་དྲན་གསོའི་ནགས་རར་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སའེ་ཧན་པ་ཡི་སྙིང་སྟོབས་རྒྱུད་འཛིན་ཡག་པོ་བྱེད་པར་འབྱུང་ཁམས་ཤེས་དཔལ་གྱི་འདུ་ཤེས་ལ་གོ་བ་ལེན་པ་དང་དོན་འཁྱོལ་གཏིང་ཟབ་བྱེད་པ། ཡར་འབད་བསྐྱར་འབད་དང་ལས་གཏོད་ཐེངས་གཉིས་པ་བྱས་ཏེ་ལོ་བརྒྱ་བྱས་པ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་གསར་པའི་ཐོག་བསྐྱར་དུ་བྱས་རྗེས་འཇོག་དགོས་ཞེས་ནན་སྟོན་གནང་བར། སའེ་ཧན་པ་འཕྲུལ་འཁོར་ནགས་རའི་འགོ་འཛིན་ཁྲེན་ཀྲི་ཆིང་གིས། ནགས་བཟོའི་སྤུས་ཚད་གནད་ལ་འཕིགས་པོས་མཐོར་འདེགས་ཡོང་བ་དང་། སྦགས་མེད་གོང་འཕེལ་གཏོང་བ། གྲོང་གསེབ་དར་རྒྱས་ལ་རོགས་འདེད་བྱེད་པ། ཐཱན་བཏང་སྙོམས་དང་ཐཱན་རྩེ་གྲངས་སུ་སླེབས་པའི་སྣེ་ཁྲིད་ཁུལ་གཏོད་པ་སོགས་ཕུད། དུས་མཚུངས་སུ་ང་ཚོས་གཞི་རིམ་ཏང་རྩ་འཛུགས་ཀྱི་གདོང་ལེན་མཁར་རྫོང་དང་ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་ནགས་རར་དོ་དམ་ཡག་པོ་དང་ལྟ་སྐྱོང་ཡག་པོ། སྲུང་སྐྱོབ་ཡག་པོ་བཅས་བྱས་ཐོག སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་གནང་བའི་ཐུགས་རེ་ཆུད་ཟོས་སུ་གཏོང་རྒྱུ་མིན་ཞེས་གསུངས་ཡོད།
ཁྲེང་ཏེ་ཚ་གཡོལ་རི་གྲོང་ལ་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པ་དང་། ཆོས་ལུགས་དང་སྤྱི་ཚོགས་འཆམ་མཐུན་ཡོང་བ་བྱེད་པ། སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་རྒྱུད་འཛིན་བྱེད་པ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བྱེད་པ་སོགས་ཀྱི་ཐད་ལོ་རྒྱུས་ཀྱི་རིན་ཐང་དང་དུས་རབས་ཀྱི་དོན་སྙིང་ཆེན་པོ་ལྡན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནས་དེར་རྟོག་ཞིབ་གནང་སྐབས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་ཡག་པོ་དང་རྒྱུད་འཛིན་ཡག་པོ། བེད་སྤྱོད་ཡག་པོ་བྱེད་པ་དང་། གང་དེའི་ཕུན་སུམ་ཚོགས་པའི་ནང་དོན་སྔོག་འདོན་བྱེད་པ་དེས་རིག་གནས་བློ་སྤོབས་བརྟན་དུ་གཏོང་བ་དང་མི་རིགས་སྙིང་སྟོབས་གཅིག་སྡུད་ཐུབ་རྒྱུར་ཕན་ཐོགས་ཡོད་ཅེས་གསུངས་ཡོད། ཁྲེང་ཏེ་གྲོང་ཁྱེར་རིག་དངོས་ཅུད་ཀྱི་ཅུད་ཀྲང་གཞོན་པ་སུན་ཅི་ཤིན་གྱིས། ང་ཚོས་ཐོན་ཁུངས་ལ་བརྟེན་གང་དྲག་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཡག་པོ་བརྗོད་པ་དང་། རྒྱ་ཆེའི་གཟིགས་མོ་བར་མང་ཙམ་སྟོན་རྒྱུ་ཡིན། གཞན་ཡང་། ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཕྱོགས་བསྡུས་ཀྱི་ནང་དོན་དང་བྱང་ཚད་མཐོ་རུ་གཏོང་བ། འགྲེམས་སྟོན་གྱི་ཚད་གཞི་མཐོ་རུ་གཏོང་བ་བཅས་བྱས་ནས་དེང་གི་ཤེས་དཔལ་ཐད་ང་ཚོས་བསྒྲུབ་འོས་པའི་བྱ་བ་བསྒྲུབ་རྒྱུ་ཡིན་ཞེས་གསུངས་ཡོད།
ཁྲེང་ཏེ་རྟེན་རྫས་བཤམས་མཛོད་ཁང་དུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ལག་ལེན་དངོས་ལས། ཀྲུང་གོ་གུང་ཁྲན་ཏང་ཁོ་ནས་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེན་པོ་བྱེད་ཐུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཁོ་ནས་མི་རིགས་ཁག་གཅིག་སྡུད་དང་མི་རིགས་ཁག་གོང་འཕེལ། མི་རིགས་ཁག་དར་རྒྱས་བཅས་ཡོང་ཐུབ་པ་ར་འཕྲོས་ཡོད་ཅེས་གསུངས་པར། ཁྲེང་ཏེ་རྟེན་རྫས་བཤམས་མཛོད་ཁང་གི་འགོ་འཛིན་གཞོན་པ་ཧན་ལི་ཡིས། ང་ཚོས་ང་ཚོའི་ལོ་རྒྱུས་རིག་གནས་རྒྱུད་འཛིན་ཡག་པོ་བྱས་ཏེ་ཁྲེང་ཏེ་ཡི་མི་རིགས་མཐུན་སྒྲིལ་གྱི་ལོ་རྒྱུས་དང་ནང་དོན་ཆ་ཚང་པོའི་སྒོ་ནས་སྟོན་ཐུབ་པ་དང་། དེང་རབས་ཅན་གྱི་རྟེན་རྫས་བཤམས་མཛོད་ཁང་དེ་ཁྲེང་ཏེ་ཡི་རིག་གནས་ལས་གྲྭ་དང་དམངས་འཚོའི་ལས་གྲྭ། མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་ལས་གྲྭ་བཅས་སུ་འགྱུར་བ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།
ལོན་ཧོ་ཆུ་བོའི་བྱང་ངོགས་ཀྱི་ཧྲོང་ལོན་ཆུས་ཕན་ཆའོ་ཙེ་གྲོང་རྡལ་ཏ་ཀུའེ་ཁའུ་གྲོང་ཚོར་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཐོན་ལས་དར་རྒྱས་ནི་གྲོང་གསེབ་དར་རྒྱས་ཀྱི་གལ་ཆེའི་ནང་གི་འགངས་ཆེན་ཡིན། གནད་འཕིགས་ནུས་འདོན་རྒྱུན་འཁྱོངས་དང་ཁྱད་ལྡན་ཐོན་ཁུངས་ལ་གཞི་ཚུགས་པ། ཁྲོམ་རའི་དགོས་མཁོར་དོ་སྣང་བྱེད་པ། བཟང་ཆའི་ཐོན་ལས་གོང་འཕེལ་གཏོང་བ། ཐོན་ལས་དང་པོ་གཉིས་པ་གསུམ་པ་མཉམ་འདྲེས་གོང་འཕེལ་ཐུབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཐོག གྲོང་གསེབ་ཀྱི་ཞིང་པར་ཕན་པ་དེ་བས་མང་བ་བསྐྲུན་དགོས་ཞེས་གསུངས་པར། ཏ་ཀུའེ་ཁའུ་གྲོང་ཚོའི་གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་ཧའོ་ཐན་ཅའོ་ཡིས། ང་ཚོས་ཞིང་ལས་གཉེར་སྐྱོང་གང་འདྲ་བྱེད་མིན་དང་། ཐོན་ལས་ཡག་པོ་ཡོད་མེད། མང་ཚོགས་ཕྱུག་པོ་ཆགས་མིན་སོགས་ཀྱི་ཐད་སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁུར་གནང་བྱུང་། ང་ཚོའི་གྲོང་ཚོས་ཏང་འཛུགས་ལ་བརྟེན་ནས་ཐོན་ལས་དར་རྒྱས་ཡོང་རྒྱུར་ཁྲིད་སྟོན་བྱས་པ་བརྒྱུད་ང་ཚོའི་མི་སྡོད་ཁོར་ཡུག་ལ་ལེགས་བཅོས་བྱུང་ཡོད། གོམ་སྟབས་རྗེས་མར། གྲོང་གསེབ་དར་རྒྱས་ཀྱི་སྤྱིའི་བླང་བྱ་ལྟར། མང་ཚོགས་རྣམས་ཐུན་མོང་ཕྱུག་འགྱུར་གྱི་ལམ་བུར་ཁྲིད་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲེང་ཏེ་གྲོང་ཁྱེར་མཐོ་གསར་ཁུལ་པིང་ཧོ་སྡེ་ཁུལ་དུ་རྟོག་ཞིབ་གནང་སྐབས། རྒན་གསོའི་བྱ་གཞག་དང་རྒན་གསོའི་ཐོན་ལས་མཐུན་སྦྱོར་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་དང་། རྒས་ཀྱང་ལས་རྒྱུ་ཡོད་པ་དང་རྒས་ཀྱང་གསོ་མཁན་ཡོད་པ་གཉིས་ཟུང་འབྲེལ་བྱེད་དགོས་ཞེས་གསུངས་པར། པིང་ཧོ་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཞུས་ཅ་ཅེས། ང་ཚོས་རྒན་རྒོན་གྱི་དགོས་མཁོ་འདྲ་མིན་ལ་གཞིགས་ནས་ཞབས་ཞུའི་ལས་ཀ་ཡོད་ཚད་ཞིབ་ཚགས་པོས་བསྒྲུབས་ཀྱི་ཡོད་ལ། རྒན་རྒོན་གྱིས་མཉེས་པོ་གནང་བའི་བྱེད་སྒོ་མང་ཙམ་སྤེལ་ཏེ་བསམ་པའི་རྒྱགས་ཕྱེ་ཕུན་སུམ་ཚོགས་སུ་བཏང་ནས་ཁོང་རྣམ་པས་སྡེ་ཁུལ་དང་སྲིད་གཞུང་གིས་ཁོང་ཚོར་བཅངས་པའི་བརྩེ་སེམས་ཚོར་ཐུབ་པ་དང་། ཁོང་ཚོའི་བདེ་སྐྱིད་ཚོར་སེམས་མཐོ་རུ་འགྲོ་བ་བྱེད་བཞིན་ཡོད་ཅེས་གསུངས་ཡོད་པ་རེད། །