རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས ༢༡ ཉིན་པེ་ཅིང་དུ་བརྙན་ལམ་ཐོག་ནས་སྐབས ༧༦ པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་རང་བཞིན་གྱི་བཤེར་རྩོད་ནང་ཞུགས་པ་མ་ཟད་འགོ་བརྗོད་དུ་༼ཡིད་ཆེས་བརྟན་གཏོང་དང་དུས་ངན་མཉམ་སེལ་གྱིས་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་གཏོད༽ཅེས་པའི་གསུང་བཤད་གལ་ཆེན་གནང་ཡོད།
ཞི་ཅིན་ཕིང་གིས། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་ ༡༠༠ འཁོར་བའི་ལོ་ཞིག་རེད་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གདན་ཐོབ་སླར་གསོ་བྱུང་ནས་ལོ་ངོ་ ༥༠ འཁོར་བའི་ལོ་ཞིག་ཀྱང་ཡིན་པས། ཀྲུང་གོས་ལོ་རྒྱུས་རང་བཞིན་གྱི་དོན་ཆེན་དེར་དྲན་གསོ་གཟབ་རྒྱས་ཞུ་རྒྱུ་ཡིན།
ང་ཚོས་ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བླ་ན་མེད་པའི་བྱ་གཞག་ཆེད་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་ཟམ་མི་ཆད་པར་འབུལ་རྒྱུ་ཡིན་ཞེས་བསྟན་ཡོད།
ཞི་ཅིན་ཕིང་གིས། ལོ་གཅིག་གི་གོང་། རྒྱལ་ཁབ་ཁག་གི་འགོ་ཁྲིད་མི་སྣས་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་ངོ་ ༧༥ འཁོར་བའི་མུ་འབྲེལ་དབུ་ཚོགས་སུ་ཞུགས་པ་དང་། མཉམ་ལས་བྱས་ནས་རིམས་ནད་ལ་འགོག་རྒོལ་བྱེད་པ་དང་། ལག་གདང་སྦྲེལ་ནས་འགྲན་རྩོད་ལ་ཁ་གཏད་གཅོག་པ། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནུས་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མི་རབས་འདི་དང་མི་རབས་རྗེས་མའི་ཐུན་མོང་འབྱུང་འགྱུར་གཏོད་རྒྱུའི་ཁས་ལེན་གནང་ཡོད། ལོ་གཅིག་སོང་རིང་། འཛམ་གླིང་ལ་ལོ་བརྒྱར་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་བྱུང་བ་དང་ཏོག་གསར་གློ་ཚད་རིམས་ནད་གོ་ལ་ཀུན་ཏུ་མཆེད་ཡོད། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཞི་བདེ་དང་གོང་འཕེལ་རེ་སྒུག་བྱེད་པའི་འདུན་པ་སྔར་བས་ཆེ་ཞིང་། གཞུང་དྲང་དྲང་བདེན་ལ་རེ་བ་བཅངས་པའི་འབོད་སྒྲ་སྔར་བས་ཆེ་བ་དང་། མཉམ་ལས་གཉིས་རྒྱལ་གྱི་རེ་འདུན་སྔར་བས་བརྟན་དུ་སོང་ཡོད་ཅེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། མིག་སྔར། རིམས་ནད་སྔར་བཞིན་འཛམ་གླིང་ཀུན་ཏུ་འགོས་ཁྱབ་འགྲོ་བཞིན་ཡོད་པ་དང་། མིའི་རིགས་ཀྱི་སྤྱི་ཚོགས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། འཛམ་གླིང་ཉིད་ཀྱང་གཡོ་འགུལ་དང་འགྱུར་ལྡོག་འགྲོ་བའི་དུས་མཚམས་གསར་པ་ཞིག་ཏུ་སླེབས་ཡོད། འགན་སེམས་ཡོད་པའི་ཆབ་སྲིད་མཁས་ཅན་ཚང་མས་ཡིད་ཆེས་དང་བློ་སྤོབས། འགན་འཁུར་བཅས་ཀྱི་ཐོག་ནས་དུས་རབས་ཀྱི་འདྲི་གཞིར་ལན་འདེབས་དགོས་ལ། ལོ་རྒྱུས་ཀྱི་གདམ་ག་བྱེད་དགོས་པའི་ནན་སྟོན་གནང་ཡོད།
དེ་ཡང་། དང་པོ། ང་ཚོས་ངེས་པར་དུ་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པ་དང་། མིའི་རིགས་ཀྱི་ལས་དབང་དང་འབྲེལ་བ་ཡོད་པའི་འཐབ་རྩོད་གལ་ཆེན་དེ་ལས་རྣམ་པར་རྒྱལ་ཐུབ་པ་བྱེད་དགོས།
མིའི་རིགས་ནི་དུས་ནམ་ཡང་འགྲན་རྩོད་ལས་རྣམ་པར་རྒྱལ་བའི་ཁྲོད་དུ་གོང་འཕེལ་དང་ཡར་རྒྱས་བྱུང་བ་ཞིག་རེད། ང་ཚོས་མི་དམངས་ལྟེ་བར་འཛིན་པ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཚན་རིག་གི་སྙིང་སྟོབས་དར་སྤེལ་དང་ཚན་རིག་གི་རྣམ་འགྱུར་རྒྱུན་འཁྱོངས། ཚན་རིག་ཀྱི་ཆོས་ཉིད་ལ་བརྩི་སྲུང་བཅས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་གཅིག་འགྱུར་འཆར་འགོད་བྱེད་པ་དང་། རྒྱལ་སྤྱིའི་མཉམ་འགོག་མཉམ་འཛིན་ལ་ཤུགས་སྣོན་རྒྱག་དགོས། རིམས་འགོག་སྨན་ཁབ་ཉིད་འཛམ་གླིང་གི་སྤྱི་པའི་ཐོན་རྫས་སུ་བརྩིས་ནས་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཁྱབ་པའི་རང་བཞིན་དང་ཁུར་ཐུབ་པའི་རང་བཞིན་ལ་འགན་སྲུང་བྱེད་དགོས། འཕྲལ་དུ་སྒྲུབ་དགོས་པའི་ལས་འགན་ནི་འཛམ་གླིང་ཁྱབ་ཁོངས་སུ་གཞུང་དྲང་ལུགས་མཐུན་གྱི་སྒོ་ནས་རིམས་འགོག་སྨན་ཁབ་བགོ་བཤའ་རྒྱག་དགོས། ཀྲུང་གོས་ལོ་འཁོར་མོར་ཕྱི་ཕྱོགས་སུ་རིམས་འགོག་སྨན་ཁབ་དུང་ཕྱུར ༢༠ ཙམ་མཁོ་འདོན་བྱ་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད། ཏོག་གསར་གློ་ཚད་རིམས་ནད་ཀྱི་རིམས་འགོག་སྨན་ཁབ་ཀྱི་ལག་བསྟར་ཇུས་གཞི་ཞེས་པར་ཨ་སྒོར་དུང་ཕྱུར ༡ ཞལ་འདེབས་བརྒྱབ་པའི་རྨང་གཞིའི་ཐོག་ཏུ་ལོ་འདིའི་ནང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ལ་སླར་ཡང་རིམས་འགོག་སྨན་ཁབ་དུང་ཕྱུར ༡ རིན་མེད་ཞལ་འདེབས་རྒྱག་རྒྱུ་ཡིན། ཀྲུང་གོས་ད་དུང་གོ་ལའི་ཚན་རིག་དང་མཐུན་པའི་ནད་དུག་ཁུངས་འཚོལ་ལས་དོན་ལ་མུ་མཐུད་རྒྱབ་སྐྱོར་དང་དེའི་ནང་ཞུགས་རྒྱུ་དང་། རྣམ་པ་འདྲ་མིན་གྱི་ཆབ་སྲིད་ཇུས་ངན་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།
གཉིས་པ། ང་ཚོས་ངེས་པར་དུ་དཔལ་འབྱོར་སླར་གསོ་ཡོང་བ་བྱེད་པ་དང་། སྟོབས་དང་ལྡན་ཞིང་སྦགས་བཙོག་མེད་པ། སྐྱོན་དང་བྲལ་བའི་འཛམ་གླིང་གོང་འཕེལ་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་འཛམ་གླིང་གོང་འཕེལ་དོ་སྙོམས་མཐུན་སྦྱོར་དང་ཁོང་ཡངས་ཀྱི་དུས་མཚམས་གསར་པ་ཞིག་ཏུ་སླེབས་རྒྱུར་མཉམ་དུ་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་འཛམ་གླིང་ཡོངས་གོང་འཕེལ་གྱི་གྲོས་འགོ་བཏོན་གནང་བ་སྟེ། གཅིག་ནི་གོང་འཕེལ་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་དགོས། གོང་འཕེལ་ཉིད་འཛམ་གླིང་གི་སྤྱི་ཁོག་སྲིད་ཇུས་ཀྱི་སྒྲོམ་གཞིའི་ནང་ཁོངས་ཀྱི་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་། དཔལ་འབྱོར་མ་ལག་གཙོ་བོའི་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། རྒྱུན་མཐུད་རང་བཞིན་དང་བརྟན་ལྷིང་རང་བཞིན། རྒྱུན་མཐུད་རུང་བའི་རང་བཞིན་བཅས་རྒྱུན་འཁྱོངས་བྱེད་པ། དེ་བས་འདྲ་མཉམ་དང་དོ་སྙོམས་པའི་འཛམ་གླིང་གོང་འཕེལ་གྱི་རོགས་ཟླའི་འབྲེལ་བ་འཛུགས་པ། ཕྱོགས་མང་གོང་འཕེལ་མཉམ་ལས་ཀྱི་འཕེལ་རིམ་དང་འཕར་སྣོན་ཕན་འབྲས་མཐུན་སྦྱོར་ཐུབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ ༢༠༣༠ ལོའི་རྒྱུན་མཐུད་གོང་འཕེལ་གྱི་གྲོས་རིམ་དོན་འཁྱོལ་བྱེད་དགོས།
གཉིས་ནི་མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས། གོང་འཕེལ་ཁྲོད་དུ་དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱེད་པ་དང་། འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་དང་སྐུལ་འདེད་བཏང་སྟེ་མི་དམངས་ཀྱི་ཆེད་དུ་གོང་འཕེལ་གཏོང་བ་དང་མི་དམངས་ལ་བརྟེན་ནས་གོང་འཕེལ་གཏོང་བ། གོང་འཕེལ་གྱི་གྲུབ་འབྲས་མི་དམངས་ཀྱིས་ལོངས་སྤྱོད་ཐུབ་པ་བཅས་བྱས་ཏེ་མང་ཚོགས་ཀྱི་སྐྱིད་སྣང་དང་བདེ་སྣང་། ཐོབ་སྣང་བཅས་རྒྱུན་མཐུད་ཆེ་རུ་འགྲོ་བ་དང་མི་ཕྱོགས་ཀུན་ནས་གོང་འཕེལ་འགྲོ་རྒྱུ་མངོན་འགྱུར་ཡོང་བ་བྱེད་དགོས།
གསུམ་ནི་ཀུན་ཕན་ཁོང་ཡངས་རྒྱུན་འཁྱོངས་བྱེད་དགོས། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དམིགས་བསལ་དགོས་མཁོར་དོ་ཁུར་བྱེད་པ་དང་། བུ་ལོན་ཕྱིར་འགྱངས་དང་། གོང་འཕེལ་རོགས་རམ་སོགས་ཀྱི་བྱ་ཐབས་ཐོག་ནས་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་དང་ལྷག་པར་དུ་དཀའ་ངལ་ཤིན་ཏུ་ཆེ་བའི་ཉམས་ཞན་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱས་ནས་རྒྱལ་ཁབ་དབར་དང་རྒྱལ་ཁབ་ཁག་གི་ནང་ཁུལ་གྱི་གོང་འཕེལ་དོ་སྙོམས་མེད་པ་དང་འདང་ངེས་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་དགོས།
བཞི་ནི་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། རེས་འཁོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་དམ་འཛིན་གྱིས་ཚན་རྩལ་གྲུབ་འབྲས་ཐོན་སྐྱེད་ནུས་ཤུགས་སུ་འགྱུར་ཚད་མགྱོགས་སུ་བཏང་སྟེ་སྒོ་དབྱེ་དང་གཞུང་དྲང་། དྲང་བདེན། མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚན་རྩལ་གོང་འཕེལ་ཁོར་ཡུག་གཏོད་དེ་རིམས་ནད་རྗེས་ཀྱི་དཔལ་འབྱོར་འཕར་སྣོན་གྱི་སྒུལ་ནུས་གསར་པ་སྔོག་འདོན་དང་ལག་གདང་སྦྲེལ་ནས་མཆོང་བརྒལ་རང་བཞིན་གྱི་གོང་འཕེལ་མངོན་འགྱུར་ཡོང་བ་བྱེད་དགོས།
ལྔ་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་རྒྱུན་འཁྱོངས་བྱེད་དགོས། གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་བཅག་ནས། མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་གཅིག་མཐུན་མ་ལག་འཛུགས་དགོས། ལྗང་མདོག་ཐཱན་ཉུང་གི་རྣམ་པ་བརྗེ་བསྒྱུར་མགྱོགས་སུ་བཏང་ནས་ལྗང་མདོག་བསྐྱར་དར་གྱི་གོང་འཕེལ་ཡོང་བ་བྱ་དགོས། ཀྲུང་གོས་སྤྱི་ལོ ༢༠༣༠ ལོའི་གོང་ཐཱན་རྩེ་གྲངས་ལ་སླེབས་པ་དང་སྤྱི་ལོ ༢༠༦༠ ལོའི་གོང་དུ་ཐཱན་བཏང་སྙོམས་ཡོང་བ་བྱེད་པར་དཀའ་སྤྱད་འབད་བརྩོན་བྱེད་དགོས་མོད། འོན་ཀྱང་ང་ཚོས་ནུས་ཤུགས་ཡོད་རྒུས་འབད་བརྩོན་བྱེད་སྲིད། ཀྲུང་གོས་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ནུས་རྒྱུ་སྦགས་མེད་ཐཱན་ཉུང་གི་གོང་འཕེལ་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་ཕྱི་རྒྱལ་གྱི་རྡོ་སོལ་དང་གློག་གི་རྣམ་གྲངས་གསར་སྐྲུན་བྱ་རྒྱུ་མིན།
དྲུག་ནི་བྱ་སྤྱོད་ཀྱི་སྟོན་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། ཐོན་ཁུངས་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ། དབུལ་ཕོངས་ཉུང་གཏོང་དང་། འབྲུ་རིགས་བདེ་འཇགས། རིམས་འགོག་དང་རིམས་འགོག་སྨན་ཁབ། གོང་འཕེལ་གཏོང་རྒྱུའི་མ་དངུལ་གྲབས་གསོག གནམ་གཤིས་འགྱུར་ལྡོག་དང་སྦགས་མེད་གོང་འཕེལ། བཟོ་ལས་ཅན། གྲངས་འཛིན་དཔལ་འབྱོར། ཕན་ཚུན་འབྲེལ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཙོ་གནད་དུ་བཟུང་ནས་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་པོ་གོང་འཕེལ་གཏོང་བའི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་དགོས།
གསུམ་པ། ང་ཚོས་ངེས་པར་དུ་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་ཕན་ཚུན་བརྩི་འཇོག་དང་མཉམ་ལས་མཉམ་རྒྱལ་གྱི་རྒྱལ་སྤྱིའི་འབྲེལ་བའི་འདུ་ཤེས་ལག་ལེན་བསྟར་དགོས། ཞི་བདེའི་ངང་གོང་འཕེལ་འགྲོ་བའི་འཛམ་གླིང་ཞིག་ཡིན་ཕྱིན་རྣམ་པ་མི་འདྲ་བའི་ཤེས་དཔལ་ཡོད་དགོས་པ་དང་། ངེས་པར་དུ་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་འགྲོ་ལམ་སྣ་མང་མཉམ་འདུས་བྱེད་དགོས། དམངས་གཙོ་ནི་རྒྱལ་ཁབ་གང་ཞིག་གི་ཆེད་ཁེ་མ་ཡིན་པར་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཁེ་དབང་ཡིན། ཕྱི་རོལ་གྱི་དམག་དོན་ཐེ་གཏོགས་དང་དམངས་གཙོ་བསྒྱུར་བཀོད་ཟེར་བ་དེར་གནོད་སྐྱོན་ཚད་མེད་ཡོད། ཞི་བདེ་དང་། གོང་འཕེལ། འདྲ་མཉམ། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་ཤུགས་ཆེན་བཏང་སྟེ། འཁོར་རྒྱ་ཆུང་ངུ་དང་རྒྱལ་ཕམ་གྱི་འགྲན་རྩོད་དོར་དགོས། རྒྱལ་ཁབ་ཅིག་ལེགས་གྲུབ་བྱུང་བ་དེས་རྒྱལ་ཁབ་གཞན་ཞིག་ཕམ་ཉེས་བྱུང་ངེས་ཡིན་པ་མཚོན་གྱི་མེད་ཅིང་། འཛམ་གླིང་འདིར་རྒྱལ་ཁབ་ཁག་ཐུན་མོང་ཐོག་འཚར་ལོངས་དང་ཡར་རྒྱས་ཡོང་ཆོག དེས་ན། སྐད་ཆ་ཤོད་རེས་བྱེད་པ་ལས་ཁ་གཏད་དུ་མི་ལངས་པ་དང་། ཁོང་ཡངས་བྱེད་པ་ལས་གཞན་པ་ཕྱིར་འབུད་མི་བྱེད་པར། ཕན་ཚུན་བརྩི་འཇོག་དང་། དྲང་གཞག་དྲང་བདེན། མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་བཙུགས་ནས། ཁེ་ཕན་གྱི་གནས་རྒྱ་ཆེ་རུ་གཏོང་བ་དང་། ཀུན་སེམས་གཅིག་མཐུན་གྱི་སྒོར་དབྱིབས་ཆེན་པོ་ཞིག་གཏོད་དགོས། ཀྲུང་ཧྭ་མི་རིགས་ཀྱིས་རྒྱུན་འཛིན་དང་དོན་གཉེར་བྱེད་པ་ནི་ཞི་བདེ་འཆམ་མཐུན་གྱི་འདུ་ཤེས་ཡིན། སྔོན་ཆད་ང་ཚོས་གཞན་ལ་བཙན་འཛུལ་དང་བརྙས་བཅོས་བྱས་མྱོང་མེད་ལ། སླད་ཕྱིན་ཆད་ཀྱང་བྱེད་མི་སྲིད། ང་ཆེ་ང་བཙན་དེ་བས་ཀྱང་བྱེད་མི་སྲིད། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་པ་དང་། གོ་ལ་ཧྲིལ་པོ་གོང་འཕེལ་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན། སྤྱི་པའི་ཐོན་རྫས་མཁོ་འདོན་བྱེད་མཁན་བཅས་ཡིན་པས། ཀྲུང་གོའི་གོང་འཕེལ་གསར་པར་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་པ་མུ་མཐུད་གཏོད་རྒྱུ་ཡིན།
བཞི་པ། ང་ཚོས་ངེས་པར་དུ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་བཏང་སྟེ་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་དགོས། འཛམ་གླིང་དུ་མ་ལག་གཅིག་མ་གཏོགས་མེད་པ་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བ་བྱེད་པའི་རྒྱལ་སྤྱིའི་མ་ལག་དེ་ཡིན། སྒྲིག་ལམ་གཅིག་མ་གཏོགས་མེད་པ་དེ་ནི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་རྨང་གཞི་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་དེ་ཡིན། སྒྲིག་སྲོལ་ཆ་ཚང་གཅིག་ལས་མེད་པ་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དེ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྱོགས་མང་རིང་ལུགས་ཀྱི་དར་ཆ་ངོ་མ་མཐོན་པོར་བསྒྲེངས་ནས། རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་ཡོངས་ཁྱབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་། ཐུན་མོང་ཐོག་གོང་འཕེལ་ཀྱི་གྲུབ་འབྲས་མཉམ་སྤྱོད། ཐུན་མོང་ཐོག་འཛམ་གླིང་གི་ལས་དབང་སྟངས་འཛིན་བཅས་བྱེད་པའི་ལྟེ་བའི་ལས་སྟེགས་ཤིག་ཏུ་འགྱུར་བ་བྱེད་དགོས། རྒྱལ་སྤྱིའི་སྒྲིག་ལམ་བརྟན་པོ་ཡོང་རྒྱུར་གཞོལ་ནས་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་རྒྱ་ཆེའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུབ་ཚབ་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་བཏང་སྟེ། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དང་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་བའི་ཐད་མདུན་གྲལ་དུ་སྐྱོད་དགོས། བདེ་འཇགས་དང་། གོང་འཕེལ། འགྲོ་བ་མིའི་ཐོབ་ཐང་བཅས་ཁྱབ་ཁོངས་ཆེན་པོ་གསུམ་གྱི་ལས་དོན་ལ་དོ་སྙོམས་ངང་སྐུལ་འདེད་བཏང་ནས། ཕྱོགས་ཁག་གིས་ཕྱོགས་མང་རིང་ལུགས་ཐད་བྱས་པའི་ཁས་ལེན་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པ་བཅས་རེད།
ཞི་ཅིན་ཕིང་གིས་མཇུག་ཏུ། འཛམ་གླིང་འདི་ཉིད་སླར་ཡང་ལོ་རྒྱུས་ཀྱི་ལམ་བཞི་མདོ་ཁར་སླེབས་ཡོད། མིའི་རིགས་ཞི་བདེ་དང་། གོང་འཕེལ། ཡར་ཐོན་བཅས་ཡོང་བའི་རླབས་རྒྱུན་ནི་འགོག་ཐབས་བྲལ་བ་ཡིན་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད། ང་ཚོས་ཡིད་ཆེས་བརྟན་པོ་བཅངས་ཐོག ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འཇིགས་སྐུལ་དང་འགྲན་སློང་ལ་ཁ་གཏད་གཅོག་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་བཏང་སྟེ། དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་ཐུན་མོང་ཐོག་བསྐྲུན་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།།