ཀྲུང་དབྱང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་གྲོས་ཚོགས་དེ་སྤྱི་ཟླ ༡༠ པའི་ཚེས ༡༣ ཉིན་ནས་ཚེས ༡༤ ཉིན་བར་པེ་ཅིང་དུ་ཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་ཡོད། ཞི་ཅིན་ཕིང་གིས། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་རང་རྒྱལ་གྱི་རྒྱལ་ཚུལ་དང་དོན་དངོས་དང་འཚམ་ཞིང་། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ངོ་བོ་མཚོན་པ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་ལེན་བྱེད་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་འགན་སྲུང་བྱེད་པ་བཅས་ཀྱི་ལམ་ལུགས་བཟང་པོ་ཞིག་ཡིན། རང་རེའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་མིའི་རིགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་ལོ་རྒྱུས་ཐོག་གསར་གཏོད་རླབས་ཆེན་བྱས་པ་ཞིག་དང་། རང་རྒྱལ་གྱི་ཆབ་སྲིད་གོང་འཕེལ་ལོ་རྒྱུས་དང་ཐ་ན་འཛམ་གླིང་གི་ཆབ་སྲིད་གོང་འཕེལ་ལོ་རྒྱུས་ཐོག་དོན་སྙིང་གལ་ཆེན་ལྡན་པའི་ཆབ་སྲིད་ལམ་ལུགས་གསར་རྐྱང་ཞིག་རེད། ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གོང་འཕེལ་གཏོང་ལམ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ཟམ་མི་ཆད་པར་གོང་འཕེལ་གཏོང་བ་བཅས་བྱས་ཏེ། སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་ལྷིང་འཇགས་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པ་སྲ་བརྟན་དང་གོང་འཕེལ་གཏོང་དགོས་ཞེས་ནན་གསུངས་གནང་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཁེ་ཆང་དང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་ཚོགས་འདུར་ཞུགས་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཕྱོགས་སྡོམ་གསུང་བཤད་གནང་ཡོད།
ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་མར་ཁེ་སི་རིང་ལུགས་རྒྱལ་ཁབ་གཞུང་ལུགས་ཀྱི་གཞི་རྩའི་རྩ་དོན་རྒྱུན་འཁྱོངས་བྱས་ཐོག མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་ཀྱི་སྒྲིག་གཞི་དང་འཚམ་པ་བྱས་ནས། རྒྱལ་ཁབ་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བརྒྱུད་མདུན་སྐྱོད་ཐུབ་པའི་འགན་ལེན་ནུས་ལྡན་བྱེད་དགོས། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ཀྱིས་རྒྱལ་ཁབ་ཀྱི་དབང་ཆ་ཡོད་ཚད་མི་དམངས་ལ་དབང་རྒྱུ་རྒྱུན་འཁྱོངས་བྱས་ནས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་སྲུང་གང་ཐུབ་དང་། ཏང་གིས་འགོ་ཁྲིད་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་ཐུབ་པ་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ཟུང་འབྲེལ་དམ་ཟབ་བྱས་ཏེ། རྒྱལ་ཁབ་བཅོས་སྐྱོང་བྱ་རྒྱུ་དེ་ཟིང་བཅོས་དར་རྒུད་ཀྱི་ལོ་རྒྱུས་དུས་འཁོར་ལས་སྒྲོལ་རྒྱུར་འགན་ལེན་ནུས་ལྡན་བྱས་ཡོད། ལོ་ངོ་ ༦༠ ལྷག་གི་རིང་དང་ལྷག་པར་དུ་བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་ ༤༠ ལྷག་གི་རིང་ལ། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱིས་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ་དཔལ་འབྱོར་མགྱོགས་མྱུར་ངང་གོང་འཕེལ་གཏོང་བའི་བྱས་རྗེས་ངོ་མཚར་ཅན་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་ཡོང་བའི་བྱས་རྗེས་ངོ་མཚར་ཅན་སྐྲུན་པར་ལམ་ལུགས་ཀྱི་འགན་སྲུང་གལ་ཆེན་བྱས་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་གནས་བབ་ཧྲིལ་པོ་དང་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོར་གཅིག་གྱུར་འཆར་འགོད་བྱས་ཡོད་པ་དང་། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་བ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲ་བརྟན་དུ་བཏང་བའི་འཐབ་ཇུས་ཀྱི་གནས་བབ་ཧྲིལ་པོ་ནས་འགོ་ཚུགས་ཏེ། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་ལ་མུ་མཐུད་སྐུལ་འདེད་བཏང་བ་དང་། འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། བླང་བྱ་གསར་པ་བཅས་རབ་དང་རིམ་པ་བཏོན་ཡོད་ཅིང་། ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པ་དང་། ངེས་པར་དུ་ལམ་ལུགས་ཀྱི་མ་ལག་ལ་བརྟེན་ནས་མི་དམངས་ཀྱིས་རང་ཁྱིམ་རང་བདག་ཐུབ་པའི་འགན་ལེན་བྱེད་དགོས་པ། ངེས་པར་དུ་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ། ངེས་པར་དུ་དམངས་གཙོ་གཅིག་སྡུད་ལམ་ལུགས་རྒྱུན་འཁྱོངས་བྱེད་དགོས་པ། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གོང་འཕེལ་འགྲོ་ལམ་རྒྱུན་འཁྱོངས་བྱེད་དགོས་པ། ངེས་པར་དུ་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་བཅས་ཀྱི་ནན་སྟོན་བྱས་ཡོད་ཅེས་ནན་གསུངས་གནང་བ་རེད།
ཞི་ཅིན་ཕིང་གིས། དེང་གི་འཛམ་གླིང་འདི་ཉིད་ལོ་བརྒྱའི་རིང་ཐོན་མྱོང་མེད་པའི་འཕོ་འགྱུར་ཆེན་པོ་བརྒྱུད་བཞིན་ཡོད་པས། ལམ་ལུགས་ཀྱི་འགྲན་རྩོད་ནི་ཕྱོགས་བསྡུས་རྒྱལ་སྟོབས་འགྲན་རྩོད་བྱེད་པའི་ཕྱོགས་གལ་ཆེན་ཞིག་དང་། ལམ་ལུགས་ཀྱི་བཟང་ཆ་ནི་རྒྱལ་ཁབ་ཅིག་ལ་འཐབ་ཇུས་རང་འགུལ་ཐོབ་པའི་བཟང་ཆ་གལ་ཆེན་ཞིག་ཡིན། ལོ་རྒྱུས་དང་དོན་དངོས་ཀྱི་ཐོག་ནས་ལམ་ལུགས་བརྟན་པོ་བྱུང་ན་རྒྱལ་ཁབ་བརྟན་ལྷིང་ཡོང་བ་དང་། ལམ་ལུགས་སྟོབས་ཆེ་ན་རྒྱལ་ཁབ་སྟོབས་དང་ལྡན་པ་ཡོང་ཐུབ་པ་གསལ་བཤད་བྱས་ཡོད་པས། ང་ཚོས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་བློ་བརྟན་འགྱུར་མེད་ངང་རྒྱུན་འཁྱོངས་དང་དུས་བསྟུན་མཉམ་སྐྱོད་ཀྱིས་འཐུས་སྒོ་ཚང་དུ་གཏོང་བ་དང་། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱ་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས།རྩ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་།རྩ་ཁྲིམས་ཀྱི་དབང་གྲགས་དང་ལ་རྒྱར་སྲུང་སྐྱོང་བྱེད་དགོས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ་དང་།རྩ་ཁྲིམས་གཏན་འཁེལ་བྱེད་པའི་ལམ་ལུགས་དང་།རྩ་དོན།སྒྲིག་སྲོལ་བཅས་ཁྱོན་ཡོངས་ནས་ལག་བསྟར་ཐུབ་རྒྱུ་འགན་ལེན་བྱ་དགོས།རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ས་གནས་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་འགན་ནུས་ལག་བསྟར་བྱེད་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་དེ་ཉིད་ས་ཆ་དེ་གའི་སྲིད་འཛིན་ས་ཁོངས་སུ་བརྩི་སྲུང་དང་ལག་བསྟར་ཐུབ་རྒྱུར་འགན་ལེན་བྱེད་པ་བརྒྱུད། རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གཅིག་གྱུར་ལ་རང་རྟོགས་ངང་སྲུང་སྐྱོང་བྱ་དགོས་ཞེས་ནན་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གང་མགྱོགས་གཏོང་བ་དང་། ཁྲིམས་ཡག་པོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྐྱོང་མཁས་པོ་བྱེད་པར་འགན་སྲུང་བྱ་དགོས། ཏང་གིས་ཁྲིམས་འཛུགས་ལས་དོན་ལ་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱབ་སྟེ།སྒྱུར་བཅོས་གོང་འཕེལ་གྱི་བཀོད་ཇུས་དེ་ཁྲིམས་འཛུགས་བཀོད་ཇུས་དང་ཟུང་འབྲེལ་སྔར་ལས་ལྷག་པ་བྱ་དགོས། རྒྱལ་ནང་གི་ཁྲིམས་སྐྱོང་དང་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་དགོས། འཛུགས་པ་དང་།བཅོས་པ།མེད་པ་བཟོ་བ།འགྲེལ་བཤད།བརྗེ་པ་རྒྱག་པ་བཅས་བྱེད་པར་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་བ།གཙོ་གནད་ཁྱབ་ཁོངས་དང་།གསར་དར་ཁྱབ་ཁོངས།ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་བཅས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་དགོས།མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་ལས་དོན་ཁྲོད་ཀྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཚན་རིག་དང་མཐུན་པར་ཁྲིམས་འཛུགས་དང་། དམངས་གཙོའི་ཁྲིམས་འཛུགས།ཁྲིམས་ལྟར་ཁྲིམས་འཛུགས་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས།རྩ་ཁྲིམས་ཀྱིས་མི་དམངས་འཐུས་ཚོགས་ལ་སྤྲད་པའི་ལྟ་སྐུལ་དབང་ཆ་བེད་སྤྱོད་ཡག་པོ་བྱས་ནས།ལྟ་སྐུལ་ཡང་དག་དང་།ལྟ་སྐུལ་ནུས་ལྡན།ཁྲིམས་ལྟར་ལྟ་སྐུལ་བཅས་བྱེད་དགོས། རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་གཅིག་སྡུད་བྱེད་པ་དང་།མི་དམངས་མང་ཚོགས་ཀྱི་བསམ་འདུན་དང་རེ་འདོད་ལ་གཅིག་སྡུད་བྱེད་པ་བརྒྱུད།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་ཐེབ་པའི་གནད་དོན་མངོན་གསལ་དོད་པ་རྣམས་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས།བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས།མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།རིམ་ཁག་སྲིད་གཞུང་གཅིག་དང་ཨུ་ཡོན་ལྷན་ཁང་གཅིག་ཁང་གཉིས་བཅས་ཀྱིས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་གཏན་འབེབས་བྱས་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་དེ་བཞིན་གཏན་འཁེལ་བྱས་པའི་གྲོས་ཆོད་དང་གཏན་འབེབས་ལག་བསྟར་ནན་པོ་བྱས་ཏེ།ཁྲིམས་ལྟར་ལས་དོན་སྙན་སེང་ཞུ་དགོས་པ་དང་། རང་རྟོགས་ངང་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས།མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། དམངས་ཀྱི་རེ་འབོད་ལ། ང་ཡིས་བརྡ་ལན་ཞུ་དགོས། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མི་དམངས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ནང་དོན་དང་རྣམ་པ་ཕུན་སུམ་ཚོགས་སུ་བཏང་སྟེ།དེ་བས་ལེགས་པའི་སྒོ་ནས་མང་ཚོགས་དང་འབྲེལ་གཏུག་དང་། དམངས་ཀྱི་གནས་ཚུལ་བརྟག་དཔྱད། དམངས་ཀྱི་བློ་གྲོས་གཅིག་སྡུད། དམངས་འཚོར་ཕན་པ་བཅས་བྱེད་དགོས།རིམ་ཁག་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཐུས་མིའི་ལས་ཀའི་ནུས་པ་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། འཐུས་མིས་ཁྲིམས་ལྟར་འགན་འཁྲི་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་དང་འགན་སྲུང་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མི་དམངས་ཀྱིས་དཀྲིས་པའི་གཟི་བརྗིད་ལྡན་པའི་འགན་འཁྲི་ཕྲག་ཏུ་འཁུར་དགོས་པ་དང་། ཆབ་སྲིད་ལངས་ཕྱོགས་བརྟན་པོ་དང་། ཆབ་སྲིད་ཀྱི་འགན་འཁྲི་སྒྲུབ་པ། མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་བཅས་བྱས་ཏེ།དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཉམས་འགྱུར་མངོན་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས།ཆབ་སྲིད་ལས་ཁུངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས།མི་དམངས་འཐུས་ཚོགས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་མྱོང་རྟོགས་ནུས་པ།ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཟམ་མི་ཆད་པར་ཤུགས་ཆེར་གཏོང་བ་དང་།རང་ངོས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ།རང་རྟོགས་ངང་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཆབ་སྲིད་ལས་ཁུངས་དང་།མི་དམངས་ཀྱིས་རང་ཁྱིམ་རང་བདག་ཐུབ་རྒྱུ་འགན་ལེན་བྱེད་པའི་རྒྱལ་ཁབ་ཀྱི་དབང་ཆའི་ལས་ཁུངས།རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ཁག་ཕྱོགས་ཡོངས་ནས་འཁུར་མཁན་གྱི་ལས་དོན་ལས་ཁུངས།ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་བྱེད་པའི་ཚབ་མཚོན་ལས་ཁུངས་བཅས་སུ་འགྱུར་རྒྱུར་འགན་ལེན་བྱ་དགོས་ཞེས་ནན་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས། ཏང་གིས་མི་དམངས་འཐུས་ཚོགས་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། རིམ་ཁག་ཏང་ཨུད་ནས་མི་དམངས་འཐུས་ཚོགས་ལས་དོན་དེ་གནས་བབ་གལ་ཆེན་ཐོག་འཇོག་པ་དང་། ཏང་གིས་མི་དམངས་འཐུས་ཚོགས་ལས་དོན་ལ་འགོ་ཁྲིད་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། དུས་གཏན་འཁེལ་ནས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ལས་དོན་སྙན་ཞུ་གསན་པ། མི་དམངས་འཐུས་ཚོགས་ལས་དོན་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས། མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་ལས་གནས་དབང་ཆ་ལག་བསྟར་བྱེད་པ་དང་ལས་དོན་སྒྲུབ་པར་རྒྱབ་སྐྱོར་བྱེད་པ་དང་། སྲིད་གཞུང་གཅིག་དང་ཨུ་ཡོན་ལྷན་ཁང་གཅིག ཁང་གཉིས་བཅས་ནས་རང་འགུལ་ངང་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པར་མཛུབ་ཁྲིད་དང་ལྟ་སྐུལ་སྐུལ་འདེད་གཏོང་དགོས།རིམ་ཁག་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ནས་ཏང་གི་འགོ་ཁྲིད་ཀྱི་ལམ་ལུགས་ཁག་ལག་བསྟར་ནན་ཏན་བྱེད་པ།ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་པོ་བྱེད་པའི་གཙོ་གཟུགས་འགན་འཁྲི་དོན་འཁྱོལ་ཡག་པོ་བྱེད་པ་བཅས་བྱེད་དགོས་ཞེས་གསུངས་གནང་བ་རེད།
ཞི་ཅིན་ཕིང་གིས།དམངས་གཙོ་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་ཡིན་པ་དང་།ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ནས་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་རྒྱུན་འཁྱོངས་བྱེད་པའི་འདུ་ཤེས་གལ་ཆེན་ཞིག་ཡིན།རྒྱལ་ཁབ་ཅིག་གི་ཆབ་སྲིད་ལམ་ལུགས་དམངས་གཙོ་ཡིན་མིན་དང་ནུས་པ་ཐོན་མིན་ལ་གདེང་འཇོག་བྱེད་པར་གཙོ་བོ་རྒྱལ་ཁབ་ཀྱི་འགོ་ཁྲིད་བང་རིམ་ཁྲིམས་ལྟར་གོ་རིམ་ལྡན་པའི་ངང་བརྗེ་ཐུབ་མིན་དང་། མི་དམངས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་ཀྱི་བྱ་དོན་དང་སྤྱི་ཚོགས་བྱ་དོན་ལ་དོ་དམ་ཐུབ་མིན། དཔལ་འབྱོར་དང་རིག་གནས་བྱ་བཞག་ལ་དོ་དམ་ཐུབ་མིན། མི་དམངས་མང་ཚོགས་ནས་བདེ་བླགས་ངང་ཁེ་ཕན་ཀྱི་རེ་བ་འདོན་ཐུབ་མིན། སྤྱི་ཚོགས་ཕྱོགས་ཁག་ནས་ནུས་ལྡན་ངང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ནང་ཞུགས་ཐུབ་མིན། རྒྱལ་ཁབ་ཀྱི་བཀོད་ཇུས་ཚན་རིག་ཅན་དང་དམངས་གཙོ་ཅན་མངོན་འགྱུར་ཐུབ་མིན། ཕྱོགས་ཁག་གི་ཤེས་ལྡན་མི་སྣ་འདྲ་མཉམ་གྱི་འགྲན་རྩོད་བརྒྱུད་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་དོ་དམ་མ་ལག་ནང་འཛུལ་ཐུབ་མིན། སྲིད་འཛིན་ཏང་གིས་རྩ་ཁྲིམས་དང་ཁྲིམས་ལུགས་ཀྱི་གཏན་འབེབ་ལྟར་རྒྱལ་ཁབ་ཀྱི་བྱ་དོན་ལ་འགོ་ཁྲིད་ཐུབ་མིན། དབངཆ་བེད་སྤྱོད་ལ་ནུས་ཡོད་ཀྱི་ཚོད་འཛིན་དང་ལྟ་སྐུལ་ཐུབ་མིན་བཅས་ལ་ལྟ་དགོས་ཞེས་ནན་སྟོན་གནང་བ་རེད།
ཞི་ཅིན་ཕིང་གིས།དམངས་གཙོ་ནི་མཛེས་རྒྱན་དངོས་པོ་མིན་ལ།སྒྲིག་ཆས་ཞིག་ཀྱང་མིན་པར།མི་དམངས་ལ་ཐག་གཅོད་བྱེད་དགོས་པའི་གནད་དོན་ཐག་གཅོད་བྱེད་པའི་ཐད་བེད་སྤྱོད་གཏོང་དགོས།རྒྱལ་ཁབ་ཅིག་དམངས་གཙོ་ཡིན་མིན་གྱི་འགག་རྩ་ནི་དངོས་སུ་མི་དམངས་རང་ཁྱིམ་རང་བདག་ཐུབ་མིན་དེ་ཡིན་པས།མི་དམངས་ལ་འདེམ་ཤོག་འཕེན་པའི་དབང་ཆ་ཡོད་མེད་ལ་ལྟ་དགོས་ལ།མི་དམངས་ལ་རྒྱ་ཁྱབ་ངང་ཞུགས་དབང་ཡོད་མེད་ལ་དེ་བས་ལྟ་དགོས།འདེམས་བསྐོའི་ཁྲོད་མི་དམངས་ལ་ངག་ཐོག་གི་ཁས་ལེན་ག་རེ་ཐོབ་མིན་ལ་ལྟ་དགོས་ལ།འདེམས་བསྐོའི་རྗེས་ཁས་ལེན་དེ་དག་ག་ཚོད་མངོན་འགྱུར་ཐུབ་མིན་ལ་དེ་བས་ལྟ་དགོས།ལམ་ལུགས་དང་ཁྲིམས་ལུགས་ནང་ཆབ་སྲིད་གོ་རིམ་དང་ཆབ་སྲིད་སྒྲིག་སྲོལ་གང་འདྲ་ཞིག་གཏན་འཁེལ་བྱས་མིན་ལ་ལྟ་དགོས་ལ།ལམ་ལུགས་དང་ཁྲིམས་ལུགས་དེ་དག་དངོས་སུ་ལག་བསྟར་ཐུབ་མིན་ལ་དེ་བས་ལྟ་དགོས།དབང་ཆ་བེད་སྤྱོད་སྒྲིག་སྲོལ་དང་གོ་རིམ་དམངས་གཙོ་ཡིན་མིན་ལ་ལྟ་དགོས་ལ།དབང་ཆར་མི་དམངས་ཀྱི་ལྟ་སྐུལ་དང་ཚོད་འཛིན་དངོས་ཐུབ་མིན་ལ་དེ་བས་ལྟ་དགོས།གལ་སྲིད་འདེམས་ཤོག་འཕེན་སྐབས་མི་དམངས་ལ་དབང་ཆ་ཡོད་པ་དང་། འདེམ་ཤོག་འཕེན་ཟིན་རྗེས་མི་དམངས་དང་འབྲེལ་བ་མེད་པ།འགྲན་འདེམས་རིང་ཁ་མཁས་ཚིག་སྙན་ཉན་པ་དང་།འགྲན་འདེམས་འཇུག་སྒྲིལ་རྗེས་སྐད་ཆ་ཤོད་དབང་མེད་པ།འདེམ་ཤོག་དགོས་དུས་གཅེས་པོ་བྱེད་པ་དང་།འདེམས་བསྐོའི་རྗེས་སུ་ཁ་ཡ་མི་བྱེད་པ་བཅས་ཀྱི་དམངས་གཙོ་དེ་རིགས་ནི་དམངས་གཙོ་དངོས་མིན་ཞེས་གསུངས་ཡོད།
ཞི་ཅིན་ཕིང་གིས་དམངས་གཙོ་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་དབང་ཆ་ཡིན་པ་ལས་རྒྱལ་ཁབ་ཉུང་ཤས་ཀྱི་གཅིག་བདག་ཁེ་དབང་མིན། རྒྱལ་ཁབ་ཅིག་དམངས་གཙོ་ཡིན་མིན་དེ་རྒྱལ་ཁབ་དེའི་མི་དམངས་ཀྱིས་ཤན་འབྱེད་བྱ་དགོས་པ་ལས།ཕྱི་ཕྱོགས་ཀྱི་མི་ཉུང་ཤས་ཀྱིས་རྐང་བརྡ་ལག་བརྡ་བྱས་ནས་ཤན་འབྱེད་བྱེད་མི་རུང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱལ་ཁབ་གང་ཞིག་དམངས་གཙོ་ཡིན་མིན་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་དུ་ཤན་འབྱེད་བྱ་དགོས་པ་ལས་རང་ཤེད་ཆེ་བའི་རྒྱལ་ཁབ་ཉུང་ཤས་ཀྱིས་ཤན་འབྱེད་བྱེད་མི་རུང་། དམངས་གཙོ་མངོན་འགྱུར་བྱ་ཐབས་སྣ་ཚོགས་ཡོད་པས་ནད་བརྒྱ་སྨན་གཅིག་ལྟ་བུ་ཡོང་མི་སྲིད། ཚད་གཞི་སྣ་གཅིག་ཅན་གྱིས་འཛམ་གླིང་གི་སྣ་མང་ཕུན་སུམ་ཚོགས་པའི་ཆབ་སྲིད་ལམ་ལུགས་ལ་བསྡུར་ཞིབ་བྱེད་པ་དང་། སྣ་གཅིག་ཅན་གྱི་མིག་རྒྱང་ལ་བརྟེན་ནས་མིའི་རིགས་ཀྱི་སྣ་མང་ཕུན་སུམ་ཚོགས་པའི་ཆབ་སྲིད་དཔལ་ཡོན་ལ་ཞིབ་ལྟ་བྱེད་པ་ནི་མ་གཞི་ནས་དམངས་གཙོ་མིན་ཞེས་ནན་སྟོན་གནང་བ་རེད།
ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ང་ཚོས་དམངས་གཙོ་དང་ཆབ་སྲིད་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་བྱས་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་འདུ་ཤེས་གལ་ཆེན་བཏོན་ཡོད། རང་རྒྱལ་གྱི་བརྒྱུད་རིམ་ཡོངས་ཀྱི་མི་དམངས་དམངས་གཙོར་ལམ་ལུགས་ཀྱི་གོ་རིམ་ཆ་ཚང་ཞིག་ཡོད་པ་མ་ཟད།དེའི་ནང་ཞུགས་པའི་ལག་ལེན་ཆ་ཚང་ཞིག་ཀྱང་ཡོད། རང་རྒྱལ་གྱི་བརྒྱུད་རིམ་ཡོངས་ཀྱི་མི་དམངས་དམངས་གཙོས་བརྒྱུད་རིམ་དམངས་གཙོ་དང་གྲུབ་འབྲས་དམངས་གཙོ། གོ་རིམ་དམངས་གཙོ་དང་དོན་དངོས་དམངས་གཙོ། ཐད་ཀར་དམངས་གཙོ་དང་གཞན་བརྒྱུད་དམངས་གཙོ། མི་དམངས་དམངས་གཙོ་དང་རྒྱལ་ཁབ་ཀྱི་བློ་འདོད་གཅིག་གྱུར་མངོན་འགྱུར་བཅས་བྱུང་ཡོད་པས། དེ་ནི་ཁྱོན་ཡོངས་ལ་ཁྱབ་པའི་དམངས་གཙོ་ཡིན་པ་དང་།ཆེས་རྒྱ་ཆེ་བ་དང་། ཆེས་དོན་དངོས་དང་མཐུན་པ། ཆེས་གོ་ཆོད་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཡིན། ང་ཚོས་བརྒྱུད་རིམ་ཡོངས་ཀྱི་མི་དམངས་དམངས་གཙོ་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་མི་དམངས་ཀྱིས་རང་བདག་རང་ཁྱིམ་བྱ་རྒྱུ་དེ་ཞིབ་ཅིང་ཕྲ་བ་དང་དོན་དངོས་ཐོག་ནས་ཏང་གིས་རྒྱལ་སྐྱོང་སྲིད་འཛིན་བྱ་རྒྱུའི་སྲིད་ཇུས་དང་བྱ་ཐབས་ཐད་མངོན་པ་བྱེད་པ་དང་ཞིབ་ཅིང་ཕྲ་བ་དང་དོན་དངོས་ཀྱི་ཐོག་ནས་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཕྱོགས་གང་ཅིའི་ཐད་དང་རིམ་པ་ཁག་གི་ལས་ཀའི་ཐོག་དངོས་སུ་མངོན་པ་བྱེད་པ། ཞིབ་ཅིང་ཕྲ་བ་དང་དོན་དངོས་ཐོག་ནས་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པའི་ལས་ཀའི་ཐོག་དངོས་སུ་མངོན་པ་བཅས་བྱེད་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས།མི་དམངས་འཐུས་ཚོགས་ལམ་ལུགས་ནི་རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་མངོན་འགྱུར་ཡོང་བ་བྱེད་པའི་གལ་ཆེའི་ལམ་ལུགས་མ་ལག་ཅིག་ཡིན་པས་ཏང་གི་འགོ་ཁྲིད་འོག་མི་དམངས་ནས་གོ་རིམ་ལྡན་པའི་ངང་ཆབ་སྲིད་ནང་ཞུགས་རྒྱུ་ཟམ་མི་ཆད་པར་ཤུགས་ཆེར་གཏོང་བ་དང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་སྲུང་བྱ་ཤུགས་ཆེ་རུ་གཏོང་བ།མི་དམངས་ནས་ཁྲིམས་ལྟར་རྒྱ་ཁྱབ་ཀྱི་ཁེ་དབང་དང་རང་དབང་སྤྱོད་རྒྱུ་འགན་ལེན་བྱ་དགོས།མི་དམངས་ཀྱིས་ཁྲིམས་ལྟར་འདེམས་བསྐོའི་ཁེ་དབང་སྤྱོད་རྒྱུ་འགན་ལེན་བྱེད་པ་དང་དམངས་གཙོའི་འདེམས་བསྐོའི་ནང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བདམ་པ་དང་མི་དམངས་ཀྱི་གནས་ཚུལ་ཤེས་དབང་དང་ཐེ་ཞུགས་བྱེད་དབང་། བསམ་ཚུལ་ཤོད་དབང་།ལྟ་སྐུལ་བྱེད་དབང་བཅས་མི་དམངས་འཐུས་ཚོགས་ལས་དོན་གྱི་ཕྱོགས་ཁག་གི་ལྷུ་ཚིགས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་དོན་འཁྱོལ་བྱས་ཐོག་ཏང་དང་རྒྱལ་ཁབ་ཀྱི་བཀོད་ཇུས་དང་ལག་བསྟར།ལྟ་སྐུལ་སོགས་ལྷུ་ཚོགས་ཁག་ནང་དོན་འཁྱོལ་བྱེད་སྐབས་མི་དམངས་ཀྱི་བསམ་འཆར་ཉན་རྒྱུ་འགན་ལེན་བྱེད་དགོས།མི་དམངས་འཐུས་ཚོགས་ཀྱི་དམངས་གཙོའི་དམངས་འདོད་མཚོན་པ་བྱེད་པའི་སྟེགས་བུ་དང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་དམངས་འདོད་བསྡུ་ལེན་དང་དམངས་ཀྱི་བློ་གྲོས་གཅིག་བསྡུས་བྱེད་པའི་ལས་དོན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ།མི་དམངས་འཐུས་ཚོགས་ཀྱི་གྲོས་མོལ་དང་ཁྲིམས་འཛུགས་གྲོས་མོལ་ལ་སྐུལ་འདེད་བཏང་ནས་ཕྱོགས་ཁག་གི་སྤྱི་ཚོགས་གནས་ཚུལ་དང་དམངས་འདོད་དག་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ཐོག་གཅིག་གྱུར་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
ལི་ཀྲན་ཧྲུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཞི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུར་གཞིགས་ནས་ཕྱོགས་སྡོམ་གསུང་བཤད་གནང་ཡོད་པ་རེད།ཁོང་གིས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དང་གོང་འཕེལ་གཏོང་བ་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་དུས་རབས་གསར་པར་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པར་མཛུབ་ཁྲིད་དགོངས་པ་དང་རྩ་དོན་གལ་ཆེན།ལས་དོན་གཙོ་བོ་བཅས་ཁ་གསལ་བཏོན་གནང་ཡོད།དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཆབ་སྲིད་གོང་འཕེལ་གཏོང་བ་དང་མི་དམངས་འཐུས་ཚོགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་རབ་དང་རིམ་་པར་ལན་ཡག་པོ་སྐྱོན་ཡོད།གསུང་བཤད་ནང་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་དང་མི་དམངས་འཐུས་ཚོགས་ལམ་་ལུགས་ཀྱི་ཆབ་སྲིད་ཀྱི་ནང་དོན་དང་རིགས་པའི་གཞུང་ལུགས་ཀྱི་ནང་དོན།ལག་ལེན་གྱི་ནང་དོན་བཅས་ཕུན་སུམ་ཇེ་ཚོགས་དང་རྒྱ་སྐྱེད་བཏང་གནང་ཡོད་པས་མ་ཁེ་སི་རིང་ལུགས་ཀྱི་བདེན་དོན་སྟོབས་ཤུགས་ཀྱིས་ཕྱུག་པའི་རྩ་གནད་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་རེད་ཅེས་གསུངས་ཡོད།
ལི་ཀྲན་ཧྲུའུ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་ཁྱོན་ཡོངས་དང་ནན་ཏན་ངང་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་ཆེས་མཐོའི་ཆབ་སྲིད་ཀྱི་རྩ་དོན་དེ་དར་ཆ་གསལ་སྒྲེང་དང་། བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱེད་པ། མི་དམངས་འཐུས་ཚོགས་ཀྱི་བྱ་དོན་ཁག་ཏང་གི་འགོ་ཁྲིད་འོག་སྤེལ་རྒྱུར་འགན་ལེན་བཅས་བྱེད་དགོས། ཆབ་སྲིད་ཐད་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་རྒྱུན་འཁྱོངས་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཀྱི་གོང་འཕེལ་ལམ་བུའི་རྩ་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། མི་དམངས་དམངས་གཙོའི་དར་ཆ་མཐོན་པོར་སྒྲེང་ནས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དེ་རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་པོ་མི་དམངས་དམངས་གཙོ་ཡིན་པའི་གལ་ཆེའི་ལམ་ལུགས་གཞི་རྟེན་གྱི་ནུས་པ་འདོན་སྤེལ་ལེགས་པོ་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྱོན་ཡོངས་དེ་མི་དམངས་འཐུས་ཚོགས་ལས་དོན་ནས་འགོ་རྩོམ་དགོས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་གཙོ་གནད་གང་དུ་ཡོད་ཚེ། ཏན་ཏན་ཏིག་ཏིག་ངང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་གང་དུ་སླེབས་པ་བྱེད་པ་དང་། སྟོབས་ཤུགས་གང་དུ་གཅིག་སྡུད་ཐུབ་པ་བྱེད་པ། ནུས་པ་འདོན་སྤེལ་གང་དུ་ཐུབ་པ་བཅས་བྱ་དགོས། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཏན་ཏན་ཏིག་ཏིག་ངང་ཡག་པོ་སྒྲུབ་སྟེ། རིམ་པ་ཁག་གི་མི་དམངས་འཐུས་ཚོགས་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུ་དེ་མི་དམངས་ཀྱི་རང་ཁྱིམ་རང་བདག་གི་མཚོན་ཚུལ་གཙོ་བོ་འགྱུར་བ་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ཀྱི་བཟང་ཆ་དེ་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་ཕན་འབྲས་སུ་འགྱུར་བ་བྱེད་དགོས། ཕྱོགས་ཡོངས་ནས་མི་དམངས་འཐུས་ཚོགས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། འདུ་ཤེས་བཞི་ཤུགས་ཆེར་གཏོང་བ། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ནས། ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་། མི་དམངས་མང་ཚོགས་འདོད་བློ་ཚིམས་པའི་ཆབ་སྲིད་ལས་ཁུངས་དང་། རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས། ལས་དོན་ལས་ཁུངས། འཐུས་མིའི་ལས་ཁུངས་བཅས་ཧུར་ཐག་ངང་གཏོད་དགོས་ཞེས་ནན་སྟོན་གནང་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་སོགས་གྲོགས་ཚོགས་ལ་ཞུགས་ཡོད་པ་རེད།
ཞིང་ཆེན་ཁག་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་ཏང་ཨུད་ཧྲུའུ་ཅི་དང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན། ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་གྱི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཚན་པ་ཁག་པ་དང་འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་དམག་ཨུད་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པའི་འགན་ཁུར་བློ་མཐུན་གཙོ་བོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་སོགས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།།