ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱུང་ནས་ལོ་ངོ་ ༥༠ འཁོར་བར་དྲན་གསོ་ཞུ་བའི་ཚོགས་འདུར་ཞུགས་པ་མ་ཟད་གསུངས་བཤད་གལ་ཆེན་གནང་བ།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས ༢༥ ཉིན་པེ་ཅིང་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱུང་ནས་ལོ་ངོ་ ༥༠ འཁོར་བར་དྲན་གསོ་ཞུ་བའི་ཚོགས་འདུར་ཞུགས་གནང་བ་མ་ཟད་གསུངས་བཤད་གལ་ཆེན་གནང་ཡོད། ཞི་ཅིན་ཕིང་གིས། ཀྲུང་གོ་གསར་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་ཐུབ་ཚུན་གྱི་ལོ་ངོ་ ༥༠ ནི་ཀྲུང་གོ་ཞི་བདེ་གོང་འཕེལ་དང་མིའི་རིགས་ལ་ཕན་པ་སྐྲུན་པའི་ལོ་ངོ་ ༥༠ ཡིན། ཀྲུང་གོས་ཞི་བདེ་གོང་འཕེལ་གྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ཞི་བདེ་བསྐྲུན་མཁན་དང་། སྒྱུར་བཅོས་སྒོ་དབྱེའི་འགྲོ་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་གོང་འཕེལ་ལ་ལེགས་སྐྱེས་འབུལ་མཁན། ཕྱོགས་མང་རིང་ལུགས་འགྲོ་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་སྒྲིག་སྲོལ་ལ་སྲུང་སྐྱོང་བྱེད་མཁན་བཅས་བྱ་རྒྱུ་ཡིན། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་གྲོས་མཉམ་བསྐྲུན་མཉམ་སྤྱོད་བཅས་ཀྱི་འདུ་ཤེས་འཛིན་ནས་མིའི་རིགས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བ་དང་། ཕྱོགས་མང་རིང་ལུགས་དངོས་ལག་བསྟར་བྱེད་པ། ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་དང་མིའི་རིགས་ཀྱི་ཡར་རྒྱས་ཀྱི་ཕྱོགས་སུ་ལངས་ནས། འཛམ་གླིང་རྒྱུན་མཐུད་ཞི་བདེ་གོང་འཕེལ་ཡོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་འདོད་ཡོད་ཅེས་ནན་གསུངས་གནང་ཡོད་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས་ཡོད།
སྟོན་དུས་ཀྱི་པེ་ཅིང་ནི་ནམ་མཁའ་སྔོ་ཞིང་དྭངས་ལ། དྲོ་གྲང་སྙོམས་པོ་ཡོད། ཚོགས་ར་གཙོ་བོ་ཡིན་པའི་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་ནང་གློག་འོད་རབ་ཏུ་བཀྲ་ཞིང་མེ་ཏོག་རྣམ་པར་བཞད་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དར་ཆ་མཉམ་དུ་བཙུགས་ཡོད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གི་རྒྱལ་དར་ལས་གྲུབ་པའི་དར་ཆའི་སྟར་པ་བརྗིད་ཉམས་ཆེན་པོ་ཡོད་པ་རེད།
ཞི་བདེ་དང་ལས་དབང་གཅིག་མཐུན་མ་ལག་ཅེས་པའི་རོལ་དབྱངས་ཁྲོད། ཞི་ཅིན་ཕིང་ཚོགས་རར་ཕེབས་པ་དང་། ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲས་ཁེངས་ཡོད།
ཞི་ཅིན་ཕིང་གིས་གསུངས་བཤད་གལ་ཆེན་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས། ལོ་ངོ་ ༥༠ ཡི་གོང་གི་དེ་རིང་། སྐབས ༢༦ པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ཐོག་མོས་མཐུན་འཕེན་ཤོག་མང་ཆེ་བའི་ཐོག་ནས་གྲོས་ཆོད་ཨང་ ༢༧༥༨ ལ་གྲོས་འཆམ་བྱུང་སྟེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁེ་དབང་ཚང་མ་སླར་གསོ་བྱེད་པའི་གཏན་འཁེལ་བྱས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་འཐུས་མི་ནི་མཉམ་འབྲེལ་རྒྱལ་ཚོགས་སུ་ཀྲུང་གོའི་ཁྲིམས་མཐུན་འཐུས་མི་ཉག་ཅིག་དེ་ཡིན་པའི་ཁས་ལེན་བྱས་ཡོད། དེ་ནི་ཀྲུང་གོའི་མི་དམངས་ལ་ཐོབ་པའི་རྒྱལ་ཁ་ཡིན་ལ། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་ཐོབ་པའི་རྒྱལ་ཁ་ཞིག་ཀྱང་ཡིན་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་གསར་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་ཐུབ་པ་ནི་འཛམ་གླིང་ཐོག་གི་དོན་ཆེན་ཞིག་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དོན་ཆེན་ཞིག་ཀྱང་རེད། དེ་ནི་འཛམ་གླིང་ཐོག་ཞི་བདེར་དགའ་ཞེན་དང་དྲང་བདེན་འཛིན་སྐྱོང་བྱེད་མཁན་རྒྱལ་ཁབ་ཀྱིས་ཐུན་མོང་འབད་བརྩོན་བྱས་པའི་གྲུབ་འབྲས་ཤིག་ཡིན་ཞིང་། འཛམ་གླིང་མི་འབོར་གྱི་བཞི་ཆ་གཅིག་ཟིན་པའི་ཀྲུང་གོའི་མི་དམངས་དུས་དེ་ནས་བཟུང་བསྐྱར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གར་སྟེགས་ཐོག་བསྐྱོད་པ་མཚོན་གྱི་ཡོད། དེས་ཀྲུང་གོ་དང་འཛམ་གླིང་ལ་གལ་ཆེ་ཞིང་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད་ཅེས་ནན་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་གསར་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱས་ཚུན་གྱི་ལོ་ངོ་ ༥༠ ནི་ཀྲུང་གོ་ཞི་བདེའི་གོང་འཕེལ་འགྲོ་བ་དང་མིའི་རིགས་ལ་ཕན་པ་བསྐྲུན་པའི་ལོ་ངོ་ ༥༠ ཡིན།
ལོ་ངོ་ ༥༠ ཡི་རིང་། ཀྲུང་གོའི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་རང་སྟོབས་རང་འཕེལ་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། འགྱུར་ལྡོག་ཁྲོད་ཀྲུང་གོའི་མདུན་སྐྱོད་ཁ་ཕྱོགས་དམ་འཛིན་བྱས་ཏེ། ཀྲུང་གོ་དང་དེ་བཞིན་མིའི་རིགས་གོང་འཕེལ་གྱི་བརྗིད་ཉམས་ལྡན་པའི་ལོ་རྒྱུས་སྙན་ངག་བརྩམས་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་རྒྱལ་ཁབ་འཛུགས་སྐྲུན་དང་གོང་འཕེལ་གྱི་རྨང་གཞིའི་ཐོགཀྲུང་གོའི་མི་དམངས་ཀྱིས་སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་ཀྱི་དུས་མཚམས་གསར་པ་བཏོད་ཡོད་པ་དང་། ལེགས་གྲུབ་ལྡན་པའི་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསྐྲུན་པ་དང་གོང་འཕེལ་བཏང་ཡོད་ལ། ཐོན་སྐྱེད་ནུས་པ་ཅུང་རྗེས་ལུས་ཡིན་པའི་གནས་བབ་ནས་དཔལ་འབྱོར་སྤྱི་འབོར་འཛམ་གླིང་གི་ཨང་གཉིས་པར་སླེབས་པའི་ལོ་རྒྱུས་རང་བཞིན་གྱི་འགག་གཏོར་མངོན་འགྱུར་ཐུབ་ཡོད། དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། ཀྲུང་གོའི་མི་དམངས་ཀྱིས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཀྲུང་ཧྭ་ས་གཞི་ཆེན་མོའི་ཐོག་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཟིན་པ་བྱེད་པའི་དམིགས་འབེན་མངོན་འགྱུར་ཐུབ་པ་དང་། དབུལ་གྲོལ་འགག་གཏོར་དམག་འཐབ་ལ་རྒྱལ་ཁ་ལེན་ཡོད་ལ། ལོ་རྒྱུས་རང་བཞིན་གྱི་ཐོག་ནས་བལྟོས་མེད་དབུལ་ཕོངས་གནད་དོན་ཐག་གཅོད་བྱས་ཡོད་པས། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་འགོ་བཙུགས་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་ལ་བསུ་བ་ཞུས་ཡོད།
ལོ་ངོ་ ༥༠ ཡི་རིང་། ཀྲུང་གོའི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་མཐུན་སྒྲིལ་མཉམ་ལས་བྱས་ནས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱས་ཏེ། འཛམ་གླིང་ཞི་བདེ་དང་གོང་འཕེལ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་ལག་ལེན་བསྟར་ནས་དྲང་གཞག་འཛིན་སྐྱོང་དང་། བདེན་དོན་དར་སྤེལ། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཡོད། རྒྱ་ཆེའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རང་ཉིད་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་དྲང་བདེན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་བཞིན་ཡོད། ཀྲུང་གོའི་མི་དམངས་ཀྱིས་ཐུན་མོང་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུར་འབད་བརྩོན་གྱིས་ཐན་ཙན་ལྕགས་ལམ་ནས་རྒྱུད་གཅིག་ལམ་གཅིག་བར་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ལ་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་བྱས་ཏེ། ཀྲུང་གོའི་གོང་འཕེལ་ལ་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་པ་རྒྱུན་ཆད་མེད་པར་བསྐྲུན་ཡོད། ཏོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོར་མཆེད་པའི་ཉེན་ཁའི་དུས་སུ་ཀྲུང་གོས་འཛམ་གླིང་དང་མཉམ་དུ་སྔོན་འགོག་ཚོད་འཛིན་གྱི་ཉམས་མྱོང་མཉམ་སྤྱོད་ཧུར་ཐག་བྱས་པ་དང་། རྒྱལ་ཁབ་ཁག་ལ་རིམས་ནད་འགོག་བཅོས་དངོས་རྫས་དང་རིམས་འགོག་སྨན་ཁབ་དང་སྨན་རྫས་འབོར་ཆེན་མཁོ་འདོན་བྱས་པ། ནད་དུག་ཁུངས་འདེད་ཐད་ཚན་རིག་དང་མཐུན་པའི་མཉམ་ལས་གཏིང་ཟབ་བྱས་ནས། མིའི་རིགས་ཀྱིས་རིམས་ནད་ལས་རྦད་དེ་རྣམ་པར་རྒྱལ་ཆེད་འབད་བརྩོན་ཧུར་ཐག་བྱས་ཡོད།
ལོ་ངོ་ ༥༠ ཡི་རིང་། ཀྲུང་གོ་མི་དམངས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་གནས་བབ་ཐོག་མཐའ་བར་གསུམ་དུ་སྲུང་སྐྱོང་དང་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་བས། ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་དབར་གྱི་མཉམ་ལས་ཉིན་བཞིན་གཏིང་ཟབ་ཏུ་ཕྱིན་ཡོད། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཀྱི་འགན་འཁྲི་དང་ལས་འགན་ལྷག་བསམ་རྣམ་དག་གིས་སྒྲུབ་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་སྲུང་སྐྱོང་བྱེད་པ། རྒྱལ་སྤྱིའི་བྱ་དོན་ཁྲོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲོག་ཤིང་ནུས་པར་སྲུང་སྐྱོང་བྱེད་ཀྱི་ཡོད། ཀྲུང་གོས་ཞི་བའི་ཐབས་ལ་བརྟེན་ནས་ཆབ་སྲིད་ཐོག་ནས་རྩོད་གཞི་ཐག་གཅོད་བྱ་རྒྱུ་དར་སྤེལ་ཧུར་ཐག་གཏོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྟོང་ལོའི་གོང་འཕེལ་དམིགས་འབེན་སྔོན་ལ་མངོན་འགྱུར་བྱས་པ། ༢༠༣༠ ལོའི་རྒྱུན་མཐུད་གོང་འཕེལ་གྱི་གྲོས་རིམ་སྔོན་ལ་དོན་འཁྱོལ་བཅས་བྱས་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དང་༼འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་བསྒྲགས་གཏམ༽གྱི་དགོངས་དོན་ལ་བརྩི་སྲུང་དང་། འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་རང་བཞིན་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་ཞིང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་བའི་བགྲོད་ལམ་དུ་བསྐྱོད་དེ། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས། འཛམ་གླིང་གི་རླབས་རྒྱུན་རྔམ་བརྗིད་ལྡན་པས་དེ་དང་བསྟུན་ན་དར་ཐུབ་པ་དང་དེ་དང་ལྡོག་ན་འཇིག་རྒྱུ་རེད། མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་མོར་རིམ་བཞིན་འཕོ་འགྱུར་ཡོང་བཞིན་ཡོད་པ་དང་། ཞི་བདེ་དང་། གོང་འཕེལ། ཡར་རྒྱས་བཅས་ཀྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད། ང་ཚོས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་ནས་མཉམ་ལས་རྒྱུན་འཁྱོངས་བྱེད་པ་ལས་འགྲན་རྒོལ་མི་བྱེད་པ་དང་། སྒོ་དབྱེ་རྒྱུན་འཁྱོངས་བྱེད་པ་ལས་བཀག་སྡོམ་མི་བྱེད་པ། གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱེད་པ་ལས་རྒྱལ་ཕམ་འགྲན་རེས་མི་བྱེད། རྣམ་པ་གང་རུང་གི་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། རྣམ་པ་གང་རུང་གི་ཕྱོགས་རྐྱང་པའི་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་བཅས་བྱ་དགོས།
དེ་ཡང་ང་ཚོས་ཞི་བདེ་དང་། གོང་འཕེལ། དྲང་སྙོམས། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་ཤུགས་ཆེན་བཏང་ནས་སྔར་བས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་སྐྲུན་ཆེད་ཡང་དག་པའི་འདུ་ཤེས་ཀྱི་ཁྲིད་སྟོན་བྱེད་དགོས། ཞི་བདེ་དང་གོང་འཕེལ་ནི་ང་ཚོའི་ཐུན་མོང་གི་བྱ་གཞག་དང་། དྲང་གཞག་དྲང་བདེན་ནི་ང་ཚོའི་ཐུན་མོང་གི་ཕུགས་བསམ། དམངས་གཙོ་དང་རང་དབང་ནི་ང་ཚོའི་ཐུན་མོང་གི་དོན་གཉེར་བྱ་ཡུལ་བཅས་ཡིན། སྣ་མང་རང་བཞིན་ནི་མིའི་རིགས་ཀྱི་ཤེས་དཔལ་གྱི་ཡིད་དབང་འགུག་ཡུལ་དེ་ཡིན་ལ་འཛམ་གླིང་གོང་འཕེལ་གྱི་གསོན་ཤུགས་དང་སྒུལ་ཤུགས་ཀྱི་འབྱུང་ཁུངས་ནི་དེ་བས་ཀྱང་ཡིན་ཞེས་ནན་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས། ཤེས་དཔལ་ལ་ཁྱད་ཆོས་དང་ས་ཁོངས་ཀྱི་དབྱེ་བ་ཡོད་པ་ལས་མཐོ་དམན་དང་བཟང་ངན་གྱི་དབྱེ་བ་མེད། སྤེལ་རེས་ཁྲོད་གཞི་ནས་མཉམ་འདྲེས་ཐུབ་པ་དང་མཉམ་འདྲེས་ཁྲོད་གཞི་ནས་ཡར་རྒྱས་ཡོང་ཐུབ། རྒྱལ་ཁབ་གཅིག་གི་བགྲོད་ལམ་དེ་ཡང་དག་མིན་གྱི་འགག་རྩ་ནི་རྒྱལ་ཁབ་དེ་རང་གི་རྒྱལ་ཚུལ་དང་འཚམ་མིན་དང་། དུས་རབས་གོང་འཕེལ་འགྲོ་བའི་རླབས་རྒྱུན་དང་འཚམ་མིན། དཔལ་འབྱོར་གོང་འཕེལ་དང་། སྤྱི་ཚོགས་ཡར་ཐོན། དམངས་འཚོ་ལེགས་གཏོང་། སྤྱི་ཚོགས་བརྟན་ལྷིང་བཅས་ཡོང་མིན། མི་དམངས་ཀྱི་རྒྱབ་སྐྱོར་དང་བརྩི་བཀུར་ཐོབ་མིན། མིའི་རིགས་ཡར་ཐོན་ཡོང་བའི་བྱ་གཞག་ལ་ལེགས་སྐྱེས་འབུལ་ཐུབ་མིན་བཅས་ལ་ཐུག་ཡོད་ཅེས་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས། ང་ཚོས་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་བཏང་སྟེ། ཡུན་རིང་ཞི་བདེ་དང་། ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་དབྱེ་ཁོང་ཡངས། དྭངས་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་ཞིག་ཐུན་མོང་ཐོག་སྐྲུན་དགོས་པ་དང་། མིའི་རིགས་ཀྱིས་ཕྱར་བ་གྲུ་འདེགས་དང་ཞི་མཐུན་མཉམ་གནས་བྱ་དགོས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ནི་ལམ་ལུགས་གཅིག་གིས་ལམ་ལུགས་གཞན་ཞིག་གི་ཚབ་བྱེད་པ་དང་། ཤེས་དཔལ་གཅིག་གིས་ཤེས་དཔལ་གཞན་ཞིག་གི་ཚབ་བྱེད་པ་མིན་པར། སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་དང་། འདུ་ཤེས་འཛིན་སྟངས་མི་འདྲ་བ། ལོ་རྒྱུས་དང་རིག་གནས་མི་འདྲ་བ། གོང་འཕེལ་གྱི་ཆུ་ཚད་མི་འདྲ་བ་བཅས་ཀྱི་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་བྱ་དོན་ཁྲོད་ཁེ་ཕན་མཉམ་གནས་དང་། ཁེ་དབང་མཉམ་སྤྱོད། འགན་འཁྲི་མཉམ་འཁུར་བཅས་བྱས་ནས་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་སྐྲུན་བྱེད་པའི་སྤྱིའི་བགོ་གྲངས་ཆེ་ཤོས་གྲུབ་པ་བྱ་རྒྱུ་དེ་ཡིན།
ང་ཚོས་གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ་མི་དམངས་ལ་བདེ་སྐྱིད་སྔར་ལས་ལྷག་པ་བསྐྲུན་དགོས། མི་དམངས་ཀྱི་ཆེད་དུ་གོང་འཕེལ་བཏང་ན་ད་གཟོད་གོང་འཕེལ་ལ་དོན་སྙིང་ལྡན་པ་དང་། མི་དམངས་ལ་བརྟེན་ནས་གོང་འཕེལ་བཏང་ན་གོང་འཕེལ་ལ་གཞི་ནས་སྒུལ་ཤུགས་ཡོང་ཐུབ། འཛམ་གླིང་རྒྱལ་ཁབ་ཁག་གིས་མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་སྔར་ལས་མཐོ་བ་དང་། ལས་ཕྱོད་སྔར་ལས་ཆེ་བ། སྔར་བས་གཞུང་དྲང་། སྔར་བས་རྒྱུན་མཐུད། སྔར་བས་བདེ་འཇགས་བཅས་ཀྱི་གོང་འཕེལ་ཡོང་གང་ཐུབ་བྱ་དགོས་ཞེས་ནན་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས། གོང་འཕེལ་དོ་སྙོམས་མིན་ཞིང་འཐུས་སྒོ་མི་ཚང་བའི་གནད་དོན་ཐག་གཅོད་བྱས་ནས་གོང་འཕེལ་གྱི་དོ་སྙོམས་རང་བཞིན་དང་། མཐུན་སྦྱོར་རང་བཞིན། ཁོང་ཡངས་རང་བཞིན་བཅས་ཆེ་རུ་གཏོང་དགོས། མི་དམངས་ཀྱི་གོང་འཕེལ་ནུས་པ་ཆེ་རུ་བཏང་ནས་མི་ཚང་མ་ཐེ་ཞུགས་དང་མི་ཚང་མར་ལོངས་སྤྱོད་བྱ་རྒྱུ་ཡོད་པའི་གོང་འཕེལ་གྱི་ཁོར་ཡུག་ཅིག་ཆགས་པ་བྱེད་པ་དང་། གོང་འཕེལ་གྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་གཞུང་དྲང་གི་སྒོ་ནས་རྒྱལ་ཁབ་ཚང་མ་དང་མི་ཚང་མར་ཕན་པ་ཐོབ་པ་བྱེད་དགོས། མི་རིང་བའི་གོང་། ང་རང་ནས་སྐབས ༧༦ པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་གྲོས་འགོ་བཏོན་ནས་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ཏོག་གསར་གློ་ཚད་རིམས་ནད་ཀྱིས་གོ་ལ་ཧྲིལ་པོའི་གོང་འཕེལ་ལ་ཕོག་ཐུག་ཐེབས་པ་ཁྱད་བསད་བྱས་ཐོག ༢༠༣༠ ལོའི་རྒྱུན་མཐུད་གོང་འཕེལ་གྱི་གྲོས་རིམ་དོན་འཁྱོལ་བྱེད་མགྱོགས་སུ་བཏང་ནས་གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་གཅིག་མཐུན་མ་ལག་གཏོད་རྒྱུའི་རེ་བ་བཏོན་ཡོད། ང་ཚོས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་མིའི་རིགས་ལ་འཕྲད་པའི་འགྲན་རྩོད་དང་འཛམ་གླིང་ཧྲིལ་པོའི་རང་བཞིན་གྱི་གནད་དོན་སྣ་ཚོགས་ལ་ཐུན་མོང་ཐོག་ཁ་གཏད་གཅོག་དགོས། སྔར་བས་ཁོང་ཡངས་ཀྱི་གོ་ལ་ཧྲིལ་པོ་བཅོས་སྐྱོང་དང་། སྔར་བས་ནུས་ལྡན་གྱི་ཕྱོགས་མང་ལམ་སྲོལ། དེ་བས་དགེ་མཚན་ལྡན་པའི་ས་ཁོངས་མཉམ་ལས་བཅས་ཆགས་ཚེ། གཞི་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ལ་ཁ་གཏད་ནུས་ལྡན་གཅོག་ཐུབ། འཛམ་གླིང་རྒྱལ་ཁབ་ཁག་གིས་བྱ་སྤྱོད་དངོས་ལ་བརྟེན་ནས་རང་བྱུང་ཁམས་ཀྱི་བདེ་འཇགས་མཐའ་མཚམས་སྲུང་བའི་ཐོག་ནས་ལྗང་མདོག་སླར་གསོ་དང་། ལྗང་མདོག་ཐོན་སྐྱེད། སྦགས་མེད་འཛད་སྤྱོད་བཅས་ལ་སྐུལ་མ་གཏོང་བ་དང་། ཤེས་དཔལ་དང་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཆགས་རྒྱུར་སྐུལ་མ་གཏོང་བ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་ཞིག་ཆགས་པ་བཅས་བྱས་ནས། སྐྱེ་ཁམས་ཁོར་ཡུག་བཟང་པོ་དེ་རྒྱུན་མཐུད་གོང་འཕེལ་གྱི་འཛད་མཐའ་མེད་པའི་འབྱུང་ཁུངས་ཤིག་ཏུ་འགྱུར་བ་བྱེད་དགོས་ཞེས་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས། ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་གནས་བབ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་ཕྱོགས་མང་རིང་ལུགས་དངོས་ཐུན་མོང་ཐོག་ལག་ལེན་བསྟར་དགོས། འཛམ་གླིང་རྒྱལ་ཁབ་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་མ་ལག་དང་། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་རྨང་གཞི་བྱེད་པའི་རྒྱལ་སྤྱིའི་སྒྲིག་ལམ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་རྨང་གཞིར་བྱེད་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་བཅས་སྲུང་སྐྱོང་བྱེད་དགོས། རྒྱལ་སྤྱིའི་སྒྲིག་སྲོལ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ ༡༩༣ གྱིས་ཐུན་མོང་ཐོག་གཏན་འབེབས་བྱེད་པ་ལས་རྒྱལ་ཁབ་རེ་ཟུང་དང་རྒྱལ་ཁབ་ཚོགས་པས་ཐག་གཅོད་བྱེད་མི་རུང་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ ༡༩༣ གྱིས་ཐུན་མོང་ཐོག་བརྩི་སྲུང་ཞུ་དགོས་པ་ལས་དམིགས་བསལ་ཟེར་བ་མེད་ལ་ཡོད་ཀྱང་མི་ཆོག མཉམ་འབྲེལ་རྒྱལ་ཚོགས་ལ་ཆ་མཚོན་ན། འཛམ་གླིང་རྒྱལ་ཁབ་ཁག་ཚང་མས་བརྩི་འཇོག་གི་རྣམ་འགྱུར་བཟུང་ནས་ཁྱིམ་ཚང་ཆེན་མོ་དེར་གཅེས་སྐྱོང་དང་སྲུང་སྐྱོང་ཡག་པོ་བྱེད་པ་ལས། མཐུན་ན་བེད་སྤྱོད་དང་མི་མཐུན་ན་དོར་རྒྱུ་གཏན་ནས་བྱེད་མི་རུང་བ་དང་། མིའི་རིགས་ཀྱི་ཞི་བདེ་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་བླ་ན་མེད་པའི་བྱ་གཞག་ཁྲོད་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པ་ཐུབ་པ་བྱེད་དགོས། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་འདུ་ཤེས་བཅངས་ནས་མཉམ་ལས་ཀྱི་རིག་ལམ་འཚོལ་ཞིབ་དང་མཉམ་ལས་བྱེད་སྟངས་གསར་གཏོད་བྱས་ཏེ། དུས་བབ་གསར་པའི་འོག་ཕྱོགས་མང་རིང་ལུགས་ཀྱི་ལག་ལེན་ཟམ་མི་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་འདོད་ཡོད་ཅེས་ནན་གསུངས་གནང་ཡོད་པ་རེད།
མཇུག་ཏུ་ཞི་ཅིན་ཕིང་གིས། སྔར་སོང་མེ་ལོང་བྱས་པས་ན། རྗེས་ལ་ཇི་ཡོང་རྟོགས་པར་ནུས། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག ཀྲུང་གོས་ཞི་བདེ་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་པ་ཞིག་བྱ་རྒྱུ་དང་། སྒྱུར་བཅོས་སྒོ་དབྱེའི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་གོ་ལ་ཧྲིལ་པོའི་གོང་འཕེལ་ལ་ལེགས་སྐྱེས་འབུལ་མཁན་ཞིག་བྱ་རྒྱུ། ཕྱོགས་མང་རིང་ལུགས་ཀྱི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན་ཞིག་བྱ་རྒྱུ་ཡིན། ང་ཚོས་ལག་གདང་སྦྲེལ་ནས་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་པ་དང་མིའི་རིགས་ཡར་ཐོན་ཡོང་བའི་ཕྱོགས་སུ་ལངས་ཏེ། འཛམ་གླིང་རྒྱུན་མཐུད་ངང་ཞི་བདེ་གོང་འཕེལ་ཡོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་ཤིས་ཚིག་སྒྲོན་ནས། ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱུང་ནས་ལོ ༥༠ སོང་རིང་མཉམ་འབྲེལ་རྒྱལ་ཚོགས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བློས་འགེལ་ཆོག་པའི་རོགས་ཟླ་དང་རྒྱལ་སྤྱིའི་མཉམ་ལས་ཀྱི་སྲོག་ཤིང་ལྟ་བུ་ཞིག་རེད། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི ༢༠༣༠ ལོའི་རྒྱུན་མཐུད་གོང་འཕེལ་གྱི་དམིགས་ཚད་མངོན་འགྱུར་དང་། དབུལ་ཕོངས་སེལ་བ། ནུས་རྒྱུ་སྦགས་མེད། ཐཱན་ཉུང་གོང་འཕེལ་བཅས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་གྲོས་འགོ་དོན་འཁྱོལ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་དང་། ཕྱོགས་མང་མ་ལག་ལ་ཤུགས་སྣོན། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཐུན་སྒྲིལ་ངང་ཁ་གཏད་གཅོག་རྒྱུ་བཅས་ཀྱི་རེ་འབོད་བྱ་རྒྱུ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ནས་ཀྲུང་གོའི་བློ་བརྟན་འགྱུར་མེད་ཀྱི་རོགས་ཟླ་མུ་མཐུད་བྱས་ཏེ་དེ་བས་དྲང་གཞག་དང་རྒྱུན་མཐུད་ཀྱི་འབྱུང་འགྱུར་ཞིག་ཐུན་མོང་ཐོག་གཏོད་རྒྱུ་ཡིན་པའི་ནན་བཤད་བྱ་རྒྱུ་ཡིན་ཞེས་གསུངས་གནང་ཡོད་པ་རེད།
ཏིང་ཞུའེ་ཞང་དང་དབྱང་ཅེ་ཁྲེ་སོགས་ཚོགས་འདུར་ཞུགས་ཡོད།
ཝང་དབྱིས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
འབྲེལ་ཡོད་སྡེ་ཚན་ཁག་གི་འགན་འཁུར་བ་དང་། ཀྲུང་གོའི་དུས་ཡུན་རིང་པོའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་སྒྲུབ་མཁན་ཕྱི་འབྲེལ་དང་ཕྱི་དོན་མི་སྣའི་འཐུས་ཚབ། ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་ཁག་གི་གཞུང་ཚབ་པ། ཀྲུང་གོར་བཅའ་སྡོད་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་འཐུས་མི་སོགས་མི ༢༠༠ ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་བཞུགས་ཀྲུང་གོའི་འཐུས་མི་ཟུར་པ་ཝང་ཀོང་ཡ་དང་། ཀྲུང་གོར་བཅའ་སྡོད་ཨུ་རུ་སུའི་གཞུང་ཚབ་ཆེ་མོ་བ་ཅེ་ཉི་སུའོ་ཕུའུ། ཀྲུང་གོར་བཅའ་སྡོད་ཨར་ཅི་རི་ཡའི་གཞུང་ཚབ་ཆེ་མོ་བ་པུའུ་ཧ་ལི་ཧྥ་བཅས་ཀྱིས་ཤིས་ཚིག་གསུངས་པ་རེད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཧྲན་ཏུང་ཏུང་ཡིང་དུ་རྟོག་ཞིབ་གནང་བ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོཊ་འཚོགས་པ། ཞི་ཅིན་ཕིང་གིས་དབྱང་ཧྲའོ་རིག་གནས་ཤེས་རྟོགས་དང་ཀྲུང་གོའི་དེང་རབས་ཀྱི་གནའ་རྫས་རྟོག་ཞིབ་རིག་པ་བྱུང་ནས་ལོ་ངོ་༡༠༠ འཁོར་བར་རྟེན་འབྲེལ་ཞུས་པ། ཞི་ཅིན་ཕིང་ནས་ཀྲུང་དབྱང་མི་དམངས་འཐུས་ཚོགས་ལས་དོན་གྲོས་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་བ།