ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་ཨུད་ཀྱི་ཤེས་ལྡན་མི་སྣའི་ལས་དོན་གྲོས་ཚོགས་ཐོག་དམག་དཔུང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུར་གཅིག་སྡུད་བྱས་ནས་དུས་རབས་གསར་པའི་ཤེས་ལྡན་མི་སྣས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་དགོས་ཞེས་ནན་སྟོན་གནང་བ།
ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་དབྱང་དམག་ཨུད་ཀྱི་ཤེས་ལྡན་མི་སྣའི་ལས་དོན་གྲོས་ཚོགས་སྤྱི་ཚེས ༢༦ ཉིན་ནས ༢༨ ཉིན་བར་པེ་ཅིང་དུ་འཚོགས་པ་དང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་ཡོད། ཁོང་གིས། དམག་དཔུང་སྟོབས་ཆེར་གཏོང་བའི་ཐབས་ལམ་ནི་མི་སྣར་ཐུག་ཡོད། ཤེས་ལྡན་མི་སྣ་ནི་རང་རེའི་དམག་དཔུང་སྤུས་མཐོའི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། དམག་དོན་འགྲན་རྩོད་དང་མ་འོངས་པའི་དམག་འཁྲུག་ཁྲོད་རང་འགུལ་དབང་ཆ་བརྩོན་ལེན་ཐུབ་པའི་འགག་རྩའི་རྒྱུ་རྐྱེན་ཞིག་ཡིན་པས། ཏང་གིས་དུས་རབས་གསར་པར་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པ་དང་། རང་རེའི་དམག་དཔུང་ཉིད་འཛམ་གླིང་རྩེར་སོན་དམག་དཔུང་དུ་སྒོ་ཀུན་ནས་འཛུགས་སྐྱོང་བྱེད་པའི་ཐད་དོན་དངོས་ཀྱི་དོན་སྙིང་དང་རྒྱང་རིང་བའི་ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ལྡན་ཡོད། ཀྲུང་དབྱང་གི་ཤེས་ལྡན་མི་སྣའི་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པ་དང་། དུས་རབས་གསར་པར་ཤེས་ལྡན་མི་སྣས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་དམག་དཔུང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་ཆེད་སྲ་ཞིང་བརྟན་པའི་འདེགས་སྐྱོར་བྱེད་དགོས་པ་དང་། ཤེས་ལྡན་མི་སྣའི་སྤྱི་ཡོངས་ཆུ་ཚད་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཀྱི་དམག་དཔུང་གི་མདུན་གྲལ་དུ་ཚུད་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
སྤྱི་ཚེས ༢༦ ཉིན་གྱི་ཕྱི་དྲོའི་ཆུ་ཚོད ༤ པ་ཙམ་ལ། ཞི་ཅིན་ཕིང་ཅིང་ཞི་མགྲོན་ཁང་དུ་ཕེབས་པ་དང་། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཚོགས་ཞུགས་འཐུས་མི་དང་མཛའ་བརྩེའི་ཐུགས་འཕྲད་གནང་བ་མ་ཟད་ཁོང་ཚོ་དང་དྲན་རྟེན་སྐུ་པར་ཡང་བསྐྱོན་ཡོད་པ་རེད།
ཞི་ཅིན་ཕིང་གིས་གསུང་བཤད་ནང་། དང་ཐོག་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ང་ཚོའི་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་ཆེན་པོ་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་སྒོ་ཀུན་ནས་ཕྱོགས་བསྡོམས་བྱས་པ་དང་། ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ། དུས་རབས་གསར་པར་ཤེས་ལྡན་མི་སྣས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། འཛམ་གླིང་གི་ཤེས་ལྡན་མི་སྣའི་ལྟེ་གནས་དང་གསར་གཏོད་མཐོ་ས་གལ་ཆེན་གང་མགྱོགས་འཛུགས་སྐྲུན་བྱེད་པ། གནམ་འོག་གི་ཤེས་ལྡན་མི་སྣ་རུབ་བསྡུས་བྱས་ནས་བཀོལ་སྤྱོད་བྱེད་པ་བཅས་ནན་བཤད་བྱས་ཡོད་ཅེས་ནན་སྟོན་གནང་བ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས་དུས་རབས་གསར་པར་ཤེས་ལྡན་མི་སྣས་དམག་དཔུང་སྟོབས་ཆེར་གཏོང་བའི་ལས་དོན་ཁག་སྒོ་ཀུན་ནས་ཡག་པོ་བསྒྲུབ་དགོས་ཞེས་གསུངས་ཡོད།
ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཤེས་ལྡན་མི་སྣས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་པ་དང་། ཤེས་ལྡན་མི་སྣའི་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱས་པ། དམག་གྲབས་དམག་རྒྱག་ཐད་གཅིག་སྡུད་བྱས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་པ། དམག་དོན་མི་སྣ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བཀོད་སྒྲིག་ལ་ཤུགས་སྣོན་བརྒྱབ་པ། དམག་དོན་མི་ཤུགས་ཐོན་ཁུངས་ཀྱི་སྲིད་ཇུས་ལམ་ལུགས་ལ་བསྒྱུར་བཅོས་གཏིང་ཟབ་བྱས་པ། ཤེས་ལྡན་མི་སྣའི་ཁྱབ་ཁོངས་སྒོ་དབྱེ་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་བཏང་བ་བཅས་བྱས་པས་རང་རེའི་དམག་དཔུང་གི་ཤེས་ལྡན་མི་སྣའི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅེས་གསུངས་ཡོད།
ཞི་ཅིན་ཕིང་གིས། འཛམ་གླིང་ལ་ལོ་བརྒྱར་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པ་དང་། རེ་འཁོར་གསར་པའི་ཚན་རྩལ་གསར་བརྗེ་དང་དམག་དོན་གསར་བརྗེར་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་བཞིན་ཡོད། རང་རེའི་དམག་དཔུང་གིས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་གོམ་སྟབས་གསར་པ་གསུམ་ལ་དབྱེ་ནས་འགྲོ་བའི་འཐབ་ཇུས་བཀོད་སྒྲིག་ལྟར་དམག་དཔུང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ཕྱོགས་སུ་སྐྱོད་བཞིན་ཡོད། དམག་ཡོངས་ཀྱིས་དུས་རབས་གསར་པར་ཤེས་ལྡན་མི་སྣས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པའི་འགན་སེམས་དང་ཁ་ཚ་དགོས་གཏུག་གི་སེམས་པ་ཤུགས་ཆེར་བཏང་སྟེ་ཚན་རིག་དང་མཐུན་པའི་ཇུས་འགོད་དང་། བྱ་སྤྱོད་ལ་དམ་འཛིན་བྱེད་པ། ཤེས་ལྡན་མི་སྣའི་ལས་དོན་ལ་ཆ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཤེས་ལྡན་མི་སྣས་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ལ་སྣེ་ཁྲིད་དང་འདེགས་སྐྱོར་བྱེད་པའི་ནུས་པ་སྔར་བས་འདོན་སྤེལ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པར། དུས་རབས་གསར་པར་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱེད་པ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པ། དམག་དཔུང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་གཅིག་སྡུད་བྱེད་པ། དམག་དོན་མི་སྣའི་ནུས་པའི་བྱང་ཚད་དང་། གྲུབ་གཞི་བཀོད་སྒྲིག གསར་སྤེལ་དོ་དམ་བཅས་སྒོ་ཀུན་ནས་བརྗེ་སྒྱུར་རིམ་འཕར་ཐུབ་རྒྱུར་སྐུལ་འདེད་གཏོང་བ། སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་ཞིང་ཆེད་ལས་ཅན་གྱི་རྣམ་པ་གསར་པའི་དམག་དོན་མི་སྣ་གསོ་སྐྱོང་བྱེད་པ་བཅས་བྱས་ནས་དམག་དོན་མི་སྣ་དེང་རབས་ཅན་དུ་འགྱུར་རྒྱུར་འཕེལ་རིམ་གསར་པ་ཐོན་རྒྱུར་འགན་ལེན་བྱེད་པ་དང་འགག་རྩའི་ཁྱབ་ཁོངས་སུ་ཤེས་ལྡན་མི་སྣ་གོང་འཕེལ་གཏོང་རྒྱུར་འགག་གཏོར་ཆེན་པོ་ཡོང་བ་བྱེད་དགོས། དུས་རབས་གསར་པར་ཤེས་ལྡན་མི་སྣས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པར། ངེས་པར་དུ་ཏང་གིས་དམག་དཔུང་ལ་བལྟོས་མེད་འགོ་ཁྲིད་བྱ་རྒྱུ་དེ་ཤེས་ལྡན་མི་སྣའི་ལས་དོན་གྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་པ་དང་། ངེས་པར་དུ་དམག་རྒྱག་ཐུབ་པ་དང་། རྒྱལ་ཁ་ལེན་ཐུབ་པ་བྱེད་པ་དེ་ཤེས་ལྡན་མི་སྣའི་ལས་དོན་གྱི་འགོ་འཛུགས་ས་དང་མཇུག་བསྡུ་སར་བརྩི་བ། ངེས་པར་དུ་འཛམ་གླིང་དམག་དོན་གྱི་མདུན་གྲལ་ལ་ཕྱོགས་པ་དང་རྒྱལ་ཁབ་བདེ་འཇགས་ཀྱི་དགོས་མཁོ་ཆེན་པོར་ཕྱོགས་དགོས་པ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་ཕྱོགས་པ། ངེས་པར་དུ་ཤེས་ལྡན་མི་སྣ་ཕྱོགས་ནས་གསོ་སྐྱོང་ཡག་པོ་དང་བཀོལ་སྤྱོད་ཡག་པོ་བྱེད་པ། ངེས་པར་དུ་དམག་དོན་མི་ཤུགས་ཐོན་ཁུངས་ཀྱི་སྲིད་ཇུས་ལམ་ལུགས་བསྒྱུར་བཅོས་ཟབ་ཏུ་གཏོང་བ། ངེས་པར་དུ་ཤེས་ལྡན་མི་སྣའི་སྟོབས་ཆེན་རྒྱལ་ཁབ་འཐབ་ཇུས་ལག་བསྟར་བྱེད་པ་བཅས་བྱེད་དགོས་ཞེས་གསུངས་ཡོད།
ཞི་ཅིན་ཕིང་གིས། དུས་རབས་གསར་པར་ཤེས་ལྡན་མི་སྣས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པར། སྤྱི་ཡོངས་གནས་བབ་ལ་གཅིག་འགྱུར་བཀོད་སྒྲིག་དང་། གཙོ་གནད་འབུར་དུ་ཐོན་པ་བྱེད་པ་དང་། སྒོ་ཀུན་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། བཀོལ་སྤྱོད། འདེགས་འཇོག ཞབས་ཞུ། རྒྱབ་སྐྱོར། སྐུལ་ལྕག་སོགས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་བཏང་ནས་གཙོ་གནད་འགག་གཏོར་གྱི་སྤྱི་ཡོངས་མཐོར་འདེགས་ཡོང་བ་བྱེད་དགོས། ཏང་དང་རྒྱལ་ཁབ་ཀྱི་ཤེས་ལྡན་མི་སྣའི་ལས་དོན་ཀྱི་གནས་བབ་ཆེན་མོའི་ཁྲོད་དུ་རང་རེའི་དམག་གི་ཤེས་ལྡན་མི་སྣའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་འཆར་འགོད་བྱེད་པ་དང་། དམག་དོན་དགོས་མཁོའི་སྟོན་ཕྱོགས་རྒྱུན་འཁྱོངས་བྱས་ཐོག འཆར་འགོད་སྦྲེལ་མཐུད་དང་། སྲིད་ཇུས་སྦྲེལ་མཐུད། ལས་དོན་སྦྲེལ་མཐུད་བཅས་ཡག་པོ་བྱས་ནས་རང་རེའི་དམག་གི་ཤེས་ལྡན་མི་སྣའི་ལས་དོན་ལ་ནུས་མཐོའི་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་གྲུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ཆབ་སྲིད་ཚད་གཞི་ནི་རང་རེའི་དམག་གིས་ཤེས་ལྡན་མི་སྣར་འཛིན་པའི་ཚད་གཞི་དང་པོ་ཡིན་པ་དང་། ཆབ་སྲིད་བླང་བྱ་ནི་རང་རེའི་དམག་གིས་ཤེས་ལྡན་མི་སྣར་འཛིན་པའི་རྩ་བའི་བླང་བྱ་ཞིག་རེད། ཆབ་སྲིད་ཀྱི་འགག་སྒོ་བརྟན་པོ་སྲུང་བ་དང་། བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། བླ་སྲོག་གཏོད་ནས་མི་སྣ་སྐྱོང་བ་དང་ཆབ་སྲིད་བརྟག་ཞིབ་ལས་དོན་ཡག་པོ་བསྒྲུབ་ཏེ་གསོ་སྐྱོང་དང་བཀོལ་སྤྱོད་བྱེད་པའི་ཤེས་ལྡན་མི་སྣ་རྣམས་ཆབ་སྲིད་ཐད་བློས་འགེལ་ཆོག་པ་ཡིན་པའི་འགན་ལེན་བྱེད་དགོས་ཞེས་གསུངས་ཡོད།
ཞི་ཅིན་ཕིང་གིས། ཤེས་ལྡན་མི་སྣ་རང་བརྟེན་གསོ་སྐྱོང་བྱེད་པའི་ལམ་བུའི་ཐོག་སྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དམག་དཔུང་གིས་གསོ་སྐྱོང་བྱ་རྒྱུ་གཙོ་བོར་འཇོག་པ་དང་བྱ་ཐབས་སྣ་མང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རང་རེའི་དམག་གི་ཁྱད་ཆོས་ལྡན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་བཀོལ་སྤྱོད་བྱེད་པའི་རྣམ་པ་གྲུབ་པ་བྱས་ཐོག དམག་གྲབས་དམག་རྒྱག་ཐད་ཤེས་ལྡན་མི་སྣ་མཁོ་སྤྲོད་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། ཚན་རྩལ་བྱང་ཚད་མཐོར་གཏོང་དང་དེང་རབས་དམག་འཁྲུག་ལ་རྒྱལ་ཁ་ལེན་པའི་དོན་དངོས་འཇོན་ཐང་ཆེ་རུ་གཏོང་བའི་ཐད་ནུས་ཤུགས་གང་ཡོད་འདོན་དགོས། དུས་རབས་གསར་པའི་དམག་དོན་སློབ་གསོའི་བྱེད་ཕྱོགས་ལག་བསྟར་བྱེད་པ་དང་། སློབ་གྲྭ་དང་སློབ་གླིང་སྔོན་ལ་གོང་འཕེལ་གཏོང་བའི་འཐབ་ཇུས་དོན་འཁྱོལ་བྱེད་པ་དང་། རྩེར་དོན་དམག་དོན་སློབ་གླིང་གང་མགྱོགས་འཛུགས་སྐྲུན་བྱེད་པ་དང་རྩེར་སོན་དམག་དོན་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས། ལག་ལེན་དངོས་ཀྱི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་དང་། དཔོན་དམག་རྣམས་ནས་དམག་དོན་ལག་ལེན་དངོས་ཀྱི་ཁྲོད་དུ་གང་ས་ཅི་ཐད་ཀྱི་འཇོན་ནུས་མཐོ་རུ་གཏོང་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ཕྱོགས་གང་ཅིའི་ཐད་ཀྱི་ཤེས་ལྡན་མི་སྣ་བེད་སྤྱོད་ཡག་པོ་དང་བེད་སྤྱོད་མཁས་པོ་གཏོང་བ་དང་། བེད་སྤྱོད་གཏོང་རྒྱུ་རྩ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། དམག་དོན་མི་ཤུགས་ཐོན་ཁུངས་གནད་འཕིགས་དང་ལས་ཆོད་མཐོ་བའི་སྒོ་ནས་བཀོད་སྒྲིག་བཅས་བྱས་ཏེ་ཤེས་ལྡན་མི་སྣ་བཀོད་སྒྲིག་ལེགས་ཤོས་ཐུབ་པ་དང་འཇོན་ནུས་ཆེ་ཤོས་འདོན་སྤེལ་ཐུབ་རྒྱུ་འགན་ལེན་བྱེད་དགོས། རིགས་དབྱེ་ཇུས་འདོན་རྒྱུན་འཁྱོངས་བྱེད་པ་དང་། མཉམ་འབྲེལ་དམག་འཐབ་ཀྱི་བཀོད་འདོམས་ཤེས་ལྡན་མི་སྣ་དང་རྣམ་པ་གསར་པའི་དམག་འཐབ་ནུས་པའི་ཤེས་ལྡན་མི་སྣ། མཐོ་རིམ་ཚན་རྩལ་གསར་སྐྲུན་ཤེས་ལྡན་མི་སྣ། ཆུ་ཚད་མཐོ་བའི་འཐབ་ཇུས་དོ་དམ་ཤེས་ལྡན་མི་སྣ་བཅས་གསོ་སྐྱོང་དང་བེད་སྤྱོད་གཏོང་རྒྱུར་དམ་འཛིན་ཡག་པོ་བྱས་ནས་ཅུན་ཧྲེ་དམག་མི་དང་ཞི་བའི་ལས་འགན་འཁུར་མཁན་མི་སྣའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།
ཞི་ཅིན་ཕིང་གིས། དམག་དོན་ཤེས་ལྡན་མི་སྣའི་འཚར་ལོངས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ་བྱེད་པ་དང་རིགས་ཁག་གི་ཤེས་ལྡན་མི་སྣ་གོང་འཕེལ་གཏོང་བའི་ཁྱད་ཆོས་དང་བླང་བྱ་ཁོང་དུ་ཆུད་པ་བྱེད་པ། དོ་དམ་འདུ་ཤེས་དང་བྱེད་སྟངས་བྱེད་ལུགས་གསར་སྐྲུན་བྱེད་པ། ཆེད་ལས་ཅན་དང་ཞིབ་ཚགས་ཅན། ཚན་རིག་ཅན་བཅས་ཀྱི་དོ་དམ་བྱ་ཤུགས་ཆེ་རུ་གཏོང་དགོས། དམག་དོན་མི་ཤུགས་ཐོན་ཁུངས་ཀྱི་སྲིད་ཇུས་དང་ལམ་ལུགས་མ་ལག་ལེགས་སྒྱུར་བྱེད་རྒྱུར་སྐུལ་འདེད་བཏང་ནས་སྲིད་ཇུས་ལམ་ལུགས་ཆ་སྦྱོར་འཛུགས་སྐྲུན་བྱ་ཤུགས་ཆེ་རུ་གཏོང་དགོས། དམག་ཡོངས་སུ་ཤེས་ལྡན་མི་སྣར་ཡིད་ཆེས་བྱེད་པ་དང་བརྩི་འཇོག་བྱེད་པ། རྒྱབ་སྐྱོར་བྱེད་པ། གཅེས་སྐྱོང་བཅས་བྱེད་པའི་རྣམ་པ་ཟབ་མོ་ཞིག་ཆགས་པ་བྱས་ནས་ཤེས་ལྡན་མི་སྣས་ལས་བསྒྲུབ་དང་ལས་སྐྲུན་བྱེད་པའི་ཧུར་བརྩོན་རང་བཞིན་དང་རང་སྒུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་ཐུབ་པ་བྱེད་དགོས་ཅེས་ནན་སྟོན་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས། དམག་ཨུད་ཀྱིས་ཤེས་ལྡན་མི་སྣའི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་རིམ་ཁག་ཏང་ཨུད་ཀྱིས་གཙོ་གཟུགས་འགན་འཁྲི་ཡག་པོ་འཁུར་དགོས། འགོ་ཁྲིད་ལས་བྱེད་པ་དང་ལྷག་དོན་དུ་མཐོ་རིམ་ལས་བྱེད་པར་ཤེས་ལྡན་མི་སྣའི་འདུ་ཤེས་ཆེན་པོ་དགོས་པ་དང་དུས་རབས་གསར་པའི་མི་བརྟག་མཁས་པ་ཡག་པོ་ཞིག་བྱ་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ས་གནས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དམག་དཔུང་གི་ཤེས་ལྡན་མི་སྣའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་ནས་སེམས་ནུས་གཅིག་སྒྲིལ་གྱིས་དམག་དོན་བྱ་གཞག་ཟམ་མི་ཆར་པར་མདུན་ཕྱོགས་སུ་སྐུལ་སྤེལ་གཏོང་དགོས་ཞེས་གསུངས་ཡོད་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལིའང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡའུ་ཞྭ་གྲོས་ཚོགས་ལ་ཞུགས་པ་མ་ཟད་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་དུས་རབས་གསར་པའི་རང་དམག་གི་ཤེས་ལྡན་མི་སྣའི་ལས་དོན་ཡག་པོ་བྱ་དགོས་པའི་ཐད་བླང་བྱ་བཏོན་གནང་ཡོད་པ་རེད།
ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ཝེ་ཧྥུང་ཧོ་དང་ལི་ཙུའོ་ཁྲེང་། མིའོ་ཧྭ། ཀྲང་ཧྲེང་རྨིན་བཅས་གྲོས་ཚོགས་ལ་ཞུགས་པ་དང་། དམག་ཨུད་ལས་ཁངས་ཀྱི་སྡེ་ཁག་ཁག་དང་འཐབ་ཁུལ་ཁག དམག་རིགས་ཁག དམག་དོན་ཚན་རིག་ཁང་། རྒྱལ་སྲུང་སློབ་ཆེན། རྒྱལ་སྲུང་ཚན་རྩལ་སློབ་ཆེན། དྲག་ཆས་ཉེན་རྟོག་དཔུང་སྡེ་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་སོགས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།།
པར་རིས་ཡོངས་ཁུངས། ཤིན་ཧྭ་དྲ་བ།