རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས ༡༡ ཉིན་གདན་ཞུས་ལྟར་པེ་ཅིང་དུ་བརྙན་ལམ་ཐོག་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་དབུ་ཚོགས་ཐོག་ཁ་བྱང་དུ་༼རྒྱུན་མཐུད་གོང་འཕེལ་རྒྱུན་འཁྱོངས་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་ལས་དབང་གཅིག་མཐུན་མ་ལག་མཉམ་དུ་བསྐྲུན་དགོས༽ཞེས་འཁོད་པའི་བརྗོད་དོན་གཙོ་བོའི་གསུང་བཤད་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས་མིག་སྔར་ཏོག་གསར་གློ་ཚད་རིམས་ནད་དེ་སྔར་བཞིན་གོ་ལ་ཧྲིལ་པོར་མཆེད་བཞིན་ཡོད་པ་དང་། འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱེད་པར་དཀའ་ཚེགས་དང་རྙོག་འཛིང་ཆེན་པོ་ཡོད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱིས་དུས་རབས་ཀྱི་འགན་འཁྲི་འཁུར་ཕོད་པ་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་ལས་དབང་གཅིག་མཐུན་མ་ལག་གཏོད་པའི་དམིགས་ཚད་ཕྱོགས་སུ་མདུན་སྐྱོད་བྱེད་དགོས།
དེ་ཡང་། གཅིག་ནས། རིམས་ནད་ནུས་ཤུགས་ཡོད་རྒུས་འགོག་བཅོས་བྱེད་དགོས། དཀའ་ངལ་ཇི་ཙམ་ཆེ་བའི་དུས་སུ་དེ་ཙམ་གྱིས་ཡིད་ཆེས་བརྟན་དུ་གཏོང་དགོས་པ་དང་དེ་བས་བབ་བརླིང་དང་ཞུམ་མེད་ཀྱི་སེམས་ཤུགས་ཡོད་དགོས། མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཡོད་པའི་དུས་རབས་ཀྱི་ཚོད་བགམ་དེའི་མདུན་དུ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་མ་ལག་ཁག་དང་སྤྱི་ཚོགས་ལས་རིགས་ཁག་གིས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་རྩ་བའི་རྩེ་མོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་ཚན་རིག་གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ། རིམས་ནད་འགོག་བཅོས་ཐད་རྒྱལ་ཁ་མཐར་ཕྱིན་པ་ཐོབ་རྒྱུར་འབད་བརྩོན་བྱེད་དགོས།
གཉིས་ནས། སྒོ་འབྱེད་མཉམ་ལས་རྒྱུན་འཁྱོངས་བྱེད་དགོས། ཕྱོགས་ཁག་གིས་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་བྱས་ནས་རང་འགུལ་ངང་སྒོ་མོ་འབྱེད་རྒྱ་ཆེ་རུ་ཧུར་ཐག་གཏོང་བ་དང་། ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་དང་བདེ་བླག་ཡོང་རྒྱུར་སྲུང་སྐྱོང་བྱེད་པ། དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་བ། མཉམ་འགུལ་གོང་འཕེལ་ཡོང་བ་བཅས་བྱེད་དགོས། མདུན་ཕྱོགས་སུ་ལྟ་རྒྱུ་དང་མདུན་ཕྱོགས་སུ་སྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་ལས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་དེ་ཉིད་འཇམ་འཐབ་དུས་སྐབས་ཀྱི་ཁ་གཏད་དུ་ལངས་པ་དང་ཁ་ཕྲལ་གྱི་གནས་སུ་ཕྱིར་ལོག་མི་རུང་ལ་ལོག་ཀྱང་མི་ཉན།
གསུམ་ནས། སྦགས་མེད་ཀྱི་རྣམ་པ་བརྗེ་བསྒྱུར་ལ་སྐུལ་འདེད་གཏོང་དགོས། ཐུན་མོང་ཡིན་ལ་ཁྱད་པར་ཡང་ཡོད་པའི་འགན་འཁྲིའི་རྩ་དོན་རྒྱུན་འཁྱོངས་བྱས་ནས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི༼ཕ་རི་སིའི་གྲོས་ཆོད༽དང༼སྐྱེ་དངོས་སྣ་མང་རང་བཞིན་སྤྱི་ཆིངས༽ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱས་ཏེ། སྦགས་མེད་དང་། ཐཱན་ཉུང་། རྒྱུན་མཐུད་གོང་འཕེལ་བཅས་ཀྱི་ལམ་བུའི་ཐོག་ཐུན་མོང་ཐོག་བསྐྱོད་དགོས། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཐོག དཔལ་འབྱོར་འཕར་སྣོན་དང་། དམངས་འཚོ་འགན་ལེན། ནུས་བསྲི་སྙིགས་འཕྲི་བཅས་མཐུན་སྦྱོར་ཡག་པོ་བྱས་ཏེ། དཔལ་འབྱོར་གོང་འཕེལ་ཁྲོད་སྦགས་མེད་ཀྱི་རྣམ་པ་བརྗེ་བསྒྱུར་ལ་སྐུལ་འདེད་དང་། སྦགས་མེད་ཀྱི་རྣམ་པ་བརྗེ་བསྒྱུར་ཁྲོད་གོང་འཕེལ་སྔར་ལས་ཆེ་བ་ཡོང་བ་བྱ་དགོས།
བཞི་ནས། གསར་གཏོད་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། ཚན་རྩལ་དང་ལམ་ལུགས་གསར་གཏོད་བྱེད་མགྱོགས་སུ་གཏོང་བ་དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་གོང་འཕེལ་གྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བཅས་བྱེད་དགོས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་ཚན་རྩལ་གསར་གཏོད་རོགས་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ཚན་རྩལ་གོང་འཕེལ་ཆེད་སྒོ་འབྱེད་དང་། དྲང་སྙོམས། གཞུང་དྲང་། མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཁོར་ཡུག་བསྐྲུན་དགོས། བཟོ་ཚོང་ལས་རིགས་ཀྱིས་ཞིབ་འཇུག་གསར་སྤེལ་ལ་མ་འཇོག་དང་གྲུབ་འབྲས་གཞན་སྒྱུར་བྱེད་པའི་གཙོ་ཤུགས་དམག་ཏུ་འགྱུར་རྒྱུར་འབད་བརྩོན་བྱ་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོའི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་དེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་ས་ཁོངས་མཉམ་ལས་ཀྱི་འཕེལ་རིམ་དང་མཉམ་དུ་འདྲེས་ཡོད། ཀྲུང་གོས་དུས་བཀག་ལྟར་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཏོད་ཡོད་ཅིང་། དེས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་ལ་གོ་སྐབས་དེ་བས་ཆེ་བ་བསྐྲུན་རྒྱུ་རེད། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་བཏང་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་གོང་འཕེལ་ལ་རམ་འདེགས་བྱ་རྒྱུ་ཡིན། ཀྲུང་གོས་ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཤུགས་རྒྱག་པ་དང་། ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ལ་འཕེལ་རིམ་གསར་པ་ཡོང་རྒྱུར་སྐུལ་འདེད་བཏང་ནས། ཆུ་ཚད་མཐོ་བ་དང་ལམ་ལུགས་རྣམ་པའི་ཕྱི་ཕྱོགས་སྒོ་དབྱེའི་རྣམ་པ་གཏོད་པ་དང་། ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ། གཅིག་གྱུར་སྒོ་དབྱེ་དང་འགྲན་རྩོད་གོ་རིམ་ལྡན་པའི་ཁྲོམ་རའི་མ་ལག་གཏོད་པ་བཅས་བྱས་ཏེ། ཀྲུང་གོའི་དཔལ་འབྱོར་གྱི་ཕུགས་ཀྱི་གོང་འཕེལ་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་རྒྱུ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་དང་དེ་བཞིན་གོ་ལ་ཧྲིལ་པོའི་བཟོ་ཚོང་ལས་རིགས་ཀྱིས་ཀྲུང་གོར་མ་འཇོག་དང་བྱ་གཞག་གཏོད་པར་ཡོང་རྒྱུར་དེ་བས་ལེགས་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས། ཀྲུང་གོས་ཁྱོན་ཡོངས་ནས་སྦགས་མེད་ཀྱི་རྣམ་པ་བརྗེ་བསྒྱུར་ལ་སྐུལ་འདེད་བཏང་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་དང་དེ་བཞིན་གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ལེགས་སྐྱེས་འབུལ་རྒྱུ་ཡིན། ཀྲུང་གོས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ། ཐཱན་ཉུང་གི་རྣམ་པ་བརྗེ་སྒྱུར་དང་དམངས་འཚོའི་དགོས་མཁོར་གཅིག་གྱུར་འཆར་འགོད་བྱས་ཏེ། དུས་བཀག་ལྟར་ཐཱན་རྩེ་གྲངས་ལ་སླེབས་པ་དང་ཐཱན་བཏང་སྙོམས་ཡོང་བའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱ་རྒྱུ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་བཟོ་ཚོང་ལས་རིགས་ཀྱིས་འདིའི་ནང་ཧུར་ཐག་ཞུགས་ནས་སྦགས་མེད་གོང་འཕེལ་གྱི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོས་མཉམ་ལས་མཉམ་རྒྱལ་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་གོང་འཕེལ་ཆེད་རང་ནུས་གང་ཡོད་འདོན་རྒྱུ་དང་། ཕྱོགས་མང་རིང་ལུགས་ངོ་མ་རྒྱུན་འཁྱོངས་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ནང་ཧུར་ཐག་ཞུགས་རྒྱུ། སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན། སྤུས་ཚད་མཐོ་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་བློ་བརྟན་འགྱུར་མེད་ཀྱིས་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་དབུལ་ཕོངས་ཉུང་གཏོང་དང་། འབྲུ་རིགས་བདེ་འཇགས། གོང་འཕེལ་གྱི་མ་དངུལ་གྲབས་གསོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་སླར་གསོ་དང་རྒྱུན་མཐུད་གོང་འཕེལ་ལ་སྒུལ་ཤུགས་བསྣན་རྒྱུ་དང་། གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད་པ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
བློ་མཐུན་ཞི་ཅིན་ཕིང་གི་༼མི་དམངས་ཀྱིས་རང་ཁྱིམ་རང་བདག་རྒྱུན་འཁྱོངས་བྱེད་རྒྱུའི་སྐོར་གླེང་བ་༽ཞེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས། ཞི་ཅིན་ཕིང་གིས་མཛད་སྒོ་འདིའི་ཐོག་ནན་སྟོན་འདི་ལྟར་གནང་། ཞི་ཅིན་ཕིང་གིས་དབུ་ཚོགས་འདིའི་ཐོག་ཡིག་ཐོག་ཤིས་ཚིག་གསུངས། ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོཊ་པའི་འགོ་ཁྲིད་པའི་དབུ་ཚོཊ་ལ་ཞུཊ་པ།