གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ནས་ཧའེ་ནན་ལ་རྟོག་ཞིབ་གནང་དུས་ནན་སྟོན་འདི་ལྟར་གནང་འདུག

སྤེལ་དུས་: 2022ལོ་04ཟླ་15ཚེས་ 12:47 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་དུས་ཧའེ་ནན་དུ་རྟོག་ཞིབ་གནང་སྐབས། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་མཐའ་ཅིག་ཏུ་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་སྤྱིའི་རྩ་དོན་རྒྱུན་འཁྱོངས་བྱེད་པ། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་ལ་ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། སྒོ་ཀུན་ནས་བསྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་གཏོང་བ། གསར་གཏོད་ཀྱིས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་གཅིག་གྱུར་འཆར་འགོད་བྱེད་པ། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། བསམ་བློར་བཅིངས་འགྲོལ་གཏོང་བ་དང་གསར་འབྱེད་ཡར་བརྩོན་བྱེད་པ། མཐུན་སྒྲིལ་འབད་འཐབ་དང་འགག་གཏོར་དཀའ་སེལ་བྱེད་པ་བཅས་བྱས་ཐོག འཛམ་གླིང་ཐོག་ཤུགས་རྐྱེན་ལྡན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་རང་མོས་ཉོ་ཚོང་གྲུ་ཁ་མགྱོགས་མྱུར་བསྐྲུན་ཏེ། ཧའེ་ནན་དེ་ཉིད་དུས་རབས་གསར་པའི་ཀྲུང་གོའི་བསྒྱུར་བཅོས་སྒོ་དབྱེའི་དཔེ་སྟོན་དུ་འགྱུར་བ་བྱེད་པ་དང་། བྱ་སྤྱོད་ངོ་མའི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་འཚོགས་བྱ་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་སྟོན་གནང་ཡོད།

སྤྱི་ཟླ ༤ པའི་ཚེས ༡༠ ཉིན་ནས ༡༣ ཉིན་བར། ཞི་ཅིན་ཕིང་གིས་ཧའེ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧྲེན་ཞའོ་མིང་དང་ཞིང་ཆེན་འགོ་འཛིན་ཧྥོང་ཧྥེ་ཡི་ཕེབས་རོགས་འོག སྔ་རྗེས་སུ་སན་ཡ་དང་། ཝུའུ་ཀྲེ་ཧྲན། ཏན་ཀྲའུ་སོགས་སུ་ཕེབས་ནས་ཚན་ཞིབ་ལས་ཁུངས་དང་། རྒྱལ་ཁབ་སྤྱི་གླིང་། ལི་རིགས་གྲོང་ཚོ། གྲུ་ཁ་སོགས་སུ་རྟོག་ཞིབ་གནང་ཡོད་པ་རེད། སྤྱི་ཚེས ༡༠ ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་སྔོན་ལ་སན་ཡ་གྲོང་ཁྱེར་ཡཱ་ཀྲོའུ་ཝན་ཚན་རྩལ་གྲོང་གི་ཡཱ་ཀྲོའུ་ཝན་ས་བོན་ཚོད་ལྟ་ཁང་དུ་རྟོག་ཞིབ་གནང་བར་ཕེབས་ཡོད། ཞི་ཅིན་ཕིང་གིས་ཚན་རྩལ་གྲོང་གི་འཆར་འགོད་འཛུགས་སྐྲུན་དང་ཚོད་ལྟ་ཁང་གི་སྤྱི་ཡོངས་གནས་ཚུལ་ངོ་སྤྲོད་ཞུས་པར་གསན་པ་དང་། ཚོད་ལྟ་ཁང་གིས་སྟེགས་བུ་བསྐྲུན་ནས་ས་བོན་ལས་རིགས་ལ་རྒྱབ་སྐྱོར་བྱས་པའི་གྲུབ་འབྲས་གསར་ཤོས་ཀྱི་འགྲེམས་སྟོན་ལ་གཟིགས་ཞིབ་གནང་ཞིང་། ཧའེ་ནན་ཞིང་ཆེན་གྱིས་ཞིང་ལས་ཚན་རྩལ་གྱི་གསར་གཏོད་མ་དཔེ་འཚོལ་ཞིབ་བྱས་པ་དང་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱ་རྒྱུར་འདེགས་སྐྱོར་བྱས་པར་ཁས་ལེན་གང་ལེགས་གནང་ཡོད། ཞི་ཅིན་ཕིང་གིས་སྔ་རྗེས་སུ་ཡོ་ཆས་ཆེ་གྲས་ཀྱི་སྤྱི་པའི་ཞབས་ཞུའི་ལྟེ་གནས་དང་གནད་འཕིགས་ཆ་རྡུལ་ཇུས་འགོད་ཀྱི་སོན་གསོའི་ལྟེ་གནས་སུ་ཕེབས་ནས་ཚན་ཞིབ་མི་སྣ་དང་སྤེལ་རེས་ཟབ་མོ་གནང་ཡོད། ཞི་ཅིན་ཕིང་གིས། ཀྲུང་གོ་བའི་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་དགོས་ན། ངེས་པར་དུ་ས་བོན་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་དགོས། འབྲུ་རིགས་བདེ་འཇགས་དང་ཞིང་ཞོར་ཐོན་རྗས་གལ་ཆེན་མཁོ་སྤྲོད་བྱ་རྒྱུར་འགན་སྲུང་བྱེད་པའི་གཅིག་སྡུད་འགག་གཏོར་ལ་གཞིགས་ནས་ས་བོན་ལས་རིགས་ཀྱི་ཚན་རྩལ་རང་ཚུགས་དང་ས་བོན་འབྱུང་ཁུངས་རང་བརྟེན་ཚོད་འཛིན་ཐུབ་པ་བྱས་ཏེ། ཀྲུང་གོའི་ས་བོན་ལ་བརྟེན་ནས་ཀྲུང་གོའི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་དགོས། སེམས་ཁོངས་སུ་མེས་རྒྱལ་བཅངས་ཤིང་མི་དམངས་ལ་ཞབས་ཞུ་སྒྲུབ་པའི་ཞིང་ལས་ཚན་ཞིབ་ལས་དོན་པ་རྒན་གྲས་ཀྱི་ཕུལ་བྱུང་གཤིས་སྤྱོད་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། འབད་འཐབ་ཆེན་པོས་ཞིང་ལས་ཚན་རྩལ་གྱི་མཐོ་སར་འཛེགས་དགོས་ཞེས་གསུངས་ཡོད། དེ་རྗེས། ཞི་ཅིན་ཕིང་ཀྲུང་གོའི་རྒྱ་མཚོ་སློབ་ཆེན་གྱི་སན་ཡ་རྒྱ་མཚོ་ཞིབ་འཇུག་གླིང་དུ་ཕེབས་ནས་རྒྱ་མཚོའི་ལྟ་ཞིབ་ཚོད་དཔག་གི་སྒྲིག་ཆས་དང་ཆ་འཕྲིན་ཞབས་ཞུའི་མ་ལག་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་གནས་ཚུལ་ལ་མཁྱེན་རྟོགས་གནང་བ་དང་། མཚོ་གཏིང་དང་པོ་རྟགས་ཅན་གྱི་ལས་སྒྲུབ་སྟེགས་བུ་དང་སྦྲེལ་མཐུད་གནང་ཡོད། མདུན་ཕྱོགས་ཀྱི་ལས་དོན་མི་སྣས་སྤྱི་ཁྱབ་ཧྲུའུ་ཅིར་འཐབ་ས་དང་པོའི་ལས་ཀའི་གནས་ཚུལ་སྙན་སེང་ཞུས་ཡོད། ཞི་ཅིན་ཕིང་གིས་ཁོང་ཚོར་ལྷག་བསམ་དག་པའི་འཚམས་འདྲི་ཞུས་གནང་བ་དང་། ཁོང་ཚོས་བདེ་འཇགས་ལ་ཡིད་གཟབ་དང་གཟུགས་པོར་བདག་གཅེས་བྱ་རྒྱུའི་མངག་བྱ་གནང་ཡོད། ཞི་ཅིན་ཕིང་གིས། རྒྱ་མཚོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འཐབ་ཇུས་ལས་འགན་གལ་ཆེན་ཞིག་རེད། རྒྱ་མཚོའི་ཚན་རྩལ་ཆུ་ཚད་མཐོ་པོའི་སྒོ་ནས་རང་ཚུགས་རང་བརྟེན་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་། སྔོན་གཏོད་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ཚན་རྩལ་འགག་གཏོར་ཐུབ་རྒྱུར་ཤུགས་སྣོན་རྒྱག་པ། སྒྲིག་ཆས་བཟོ་སྐྲུན་བྱ་རྒྱུ་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་བ། ང་ཚོ་རང་ཉིད་ཀྱི་སྒྲིག་ཆས་ལ་བརྟེན་ནས་སྣུམ་རླངས་ཐོན་ཁུངས་གསར་སྤེལ་བྱེད་པ་བཅས་བྱས་ནས། ནུས་རྒྱུ་རང་ཁ་རང་གསོ་ཐུབ་ཚད་མཐོ་རུ་གཏོང་བ་དང་རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། རྟོག་ཞིབ་གནང་བའི་ལམ་བར་དུ། ཞི་ཅིན་ཕིང་གིས་རླངས་འཁོར་ནས་བབ་སྟེ་མཚོ་རྒྱུད་ཀྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་གཟིགས་ཞིབ་གནང་བ་མ་ཟད། ཁོང་གིས་ལོ་ངོ་བཅུ་གཉིས་གོང་བཏབ་གནང་བའི་གསོམ་ཤིང་ལ་ལུད་དང་ཆུ་བརྒྱབ་གནང་ཡོད། ཞི་ཅིན་ཕིང་གིས་ས་གནས་དེ་གའི་འགན་འཁུར་བློ་མཐུན་ནས་སྐམ་མཚོར་གཅིག་གྱུར་འཆར་འགོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་འབྱུང་ཁམས་སྲུང་སྐྱོབ་ཀྱི་ལས་དོན་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་ཡག་པོ་བྱེད་དགོས་པའི་མངགས་བཅོལ་གནང་ཡོད། ཧའེ་ནན་ཞིང་ཆེན་གྱིས་སྤྱི་ལོ ༢༠༡༡ ལོའི་ཟླ ༤ པའི་ཚེས ༢༠ ཉིན་ནས་གླིང་ཕྲན་བྲལ་བའི་ཁྲལ་གཅོག་སྲིད་ཇུས་ཚོད་ལྟའི་ལག་བསྟར་བྱེད་འགོ་ཚུགས་ཡོད། སྤྱི་ཚེས ༡༡ ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་སན་ཡ་རྒྱལ་སྤྱིའི་ཁྲལ་གཅོག་གྲོང་དུ་ཕེབས་ནས་གླིང་ཕྲན་བྲལ་བའི་ཁྲལ་གཅོག་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་ཚུལ་ཐད་མཁྱེན་རྟོགས་གནང་ཡོད། ཞི་ཅིན་ཕིང་གིས། འཛད་སྤྱོད་ཀྱིས་དཔལ་འབྱོར་གོང་འཕེལ་ལ་ཐོན་པའི་རྨང་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། རྒྱལ་ནང་གི་ཁྲོམ་ར་ཆེན་མོའི་བཟང་ཆར་བརྟེན་ནས་ཁྲོམ་རའི་ཁོར་ཡུག་དང་ཁྲིམས་སྐྱོང་ཁོར་ཡུག་ཡག་པོ་གཏོད་དགོས། ཡིད་རྟོན་གཉེར་སྐྱོང་དང་ཕུལ་བྱུང་ཞབས་ཞུའི་ཐོག་ནས་འཛད་སྤྱོད་པ་ཡིད་འགུག་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་རང་མོས་ཉོ་ཚོང་གྲུ་ཁ་གཏོད་རྒྱུར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་བསྟན་གནང་ཡོད། སྤྱི་ཚེས ༡༡ ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་ཧའེ་ནན་གླིང་ཕྲན་དབུས་ལྷོའི་རྒྱུད་དུ་གནས་པའི་ཝུའུ་ཀྲེ་ཧྲན་གྲོང་ཁྱེར་དུ་རྟོག་ཞིབ་གནང་བར་ཕེབས་ཡོད། ཧའེ་ནན་གྱི་ཚ་ཁུལ་ནགས་ཆར་རྒྱལ་ཁབ་སྤྱི་གླིང་ནི་རང་རྒྱལ་གྱི་ཁག་དང་པོའི་རྒྱལ་ཁབ་སྤྱི་གླིང་ལྔའི་གྲས་ཤིག་རེད། ཞི་ཅིན་ཕིང་ཝུའུ་ཀྲེ་ཧྲན་ཡུག་གཅིག་སྦྲེལ་ཁུལ་དུ་ཟབ་བསྐྱོད་གནང་སྟེ་དོས་ལམ་བརྒྱུད་ཞབས་ཐང་མར་ཕེབས་ནས་སྤྱི་གླིང་གི་འབྱུང་ཁམས་ཁོར་ཡུག་ལ་གཟིགས་ཞིབ་གནང་བ་དང་། མཚམས་མཚམས་སུ་ཕེབས་མཚམས་བཞག་ནས་རྩི་ཤིང་གི་སྐྱེ་འཚར་དང་ཆུ་ཁུངས་གསོ་སྐྱོང་། སྲོག་ཆགས་དང་རྩི་ཤིང་ཐོན་ཁུངས་སྲུང་སྐྱོབ་སོགས་ཀྱི་གནས་ཚུལ་ལ་བཀའ་འདྲི་གནང་ཡོད། ཁོང་གིས། ཧའེ་ནན་གྱིས་འབྱུང་ཁམས་ལ་བརྟེན་ནས་ཞིང་ཆེན་འཛུགས་སྐྲུན་བྱ་རྒྱུར་གཡོ་འགུལ་མི་གཏོང་བར་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས་ཚ་ཁུལ་ནགས་ཆར་ལ་སྲུང་སྐྱོབ་བྱས་ཏེ། འབྱུང་ཁམས་སྲུང་སྐྱོབ་དང་། སྦགས་མེད་གོང་འཕེལ། དམངས་འཚོ་ལེགས་བཅོས་བཅས་གཅིག་གྱུར་ཐུབ་པ་བྱེད་པ་དང་། འཛམ་གླིང་ལ་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱས་པའི་གཡུར་ཟའི་གྲུབ་འབྲས་ངོམས་དགོས་ཞེས་གསུངས་ཡོད། ཧྲུའེ་མན་ཤང་མའོ་ནཱ་གྲོང་ཚོ་ནི་ཝུའུ་ཀྲེ་ཧྲན་གྲོང་ཁྱེར་གྱི་ལི་རིགས་གྲོང་ཚོ་ཞིག་རེད། ཉེ་ལམ་ལོ་ཤས་རིང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ཧུར་ཐག་བྱས་པ་དང་གྲོང་གསེབ་ཡུལ་སྐོར་གོང་འཕེལ་ཤུགས་ཆེན་བཏང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་ཚོའི་ནང་དུ་གཟིགས་ཞིབ་གནང་བར་ཕེབས་པ་དང་། གྲོང་ཚོའི་ནང་གི་ལམ་ཆུང་རྒྱུད་དེ་ཕེབས་ཀྱིན་ཕེབས་ཀྱིན་ཕྱོགས་གང་སར་གཟིགས་སྐོར་གནང་ཡོད། ལི་རིགས་གྲོང་མི་ཝང་པའེ་ཧོ་ཡི་ནང་མིས་སྤྲོ་སེམས་འཁོལ་པོས་སྤྱི་ཁྱབ་ཧྲུའུ་ཅི་ཁོང་ཚོའི་ནང་དུ་གདན་འདྲེན་ཞུས་པ་དང་། ཞི་ཅིན་ཕིང་གིས་སྒོ་ར་དང་། ཚོམས་ཆེན། ཉལ་ཁང་སོགས་སུ་གཟིགས་གནང་བ་དང་། ལག་འགུལ་ཇ་བཟོ་ཁང་དུ་ཕེབས་ནས་ཇ་རྔོ་བའི་ངལ་རྩོལ་ནང་ཞུགས་པ་མ་ཟད་ཇ་ལོ་ཤོག་ཆག་གཉིས་གཟིགས་གནང་ཡོད། ཞི་ཅིན་ཕིང་གིས་ཁོང་ཚོས་ཇ་ལོ་ལས་གཉེར་ཡག་པོ་བྱས་ནས་འཚོ་བ་སྐྱིད་པོ་ཞིག་སྐྱེལ་དགོས་པའི་སྐུལ་མ་གནང་ཡོད། གྲོང་ཚོའི་བསིལ་ཁང་ནང་དུ། ཞི་ཅིན་ཕིང་གིས་གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་དང་། ཤང་གྲོང་གི་གྲོང་གསེབ་དར་རྒྱས་ལས་དོན་རུ་ཁག་གི་རུ་དཔོན། གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི། ཏང་ཡོན་རྒན་གྲས། ཕྱུག་འགྱུར་སྣེ་ཁྲིད་འཐུས་མི་སོགས་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ནས། ས་གནས་དེ་གས་ཡུལ་བབ་ལ་གཞིགས་ནས་ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་བ་དང་། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་གིས། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འགག་རྩ་དེ་མི་ལ་ཐུག་ཡོད། ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་། འཇོན་ནུས་ཐད་ཉམས་སད་ཐེག་ཐུབ་པ། སྤྱོད་ཚུལ་ཐད་ཉམས་སད་ཐེག་ཐུབ་པ་བཅས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་ལས་བྱེད་དཔུང་ཁག་ཅིག་བཙུགས་ནས། ཕྱུག་འགྱུར་སྣེ་ཁྲིད་པ་དང་། ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་སློབ་ཆེན་སློབ་མ། དམག་ཞབས་འཐིམ་པའི་དམག་མི་སོགས་ཚུད་པའི་རིགས་ཁག་གི་ཤེས་ལྡན་མི་སྣ་ཡིད་འགུག་བྱས་ཏེ་ཤང་གྲོང་དར་རྒྱས་ཁྲོད་ནུས་པ་འདོན་སྤེལ་ཐུབ་པ་བྱེད་པ་དང་། ཤང་གྲོང་གི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། ཞི་ཅིན་ཕིང་གིས་ཁྱམས་རིང་བརྒྱུད་ལི་རིགས་ཀྱི་ཁྱད་ལྡན་ཞིང་ཞོར་ཐོན་རྫས་དང་། ལི་རིགས་ཀྱི་གོས་ཆེན། འཁྲི་ཤིང་བསླས་འཐག་སོགས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་འགྲེམ་སྟོན་ལ་གཟིགས་ཡོད། ཐང་ཆེན་ཐོག སྙན་འཇེབས་ལྡན་པའི་གླུ་སྒྲའི་ཁྲོད་ཡུལ་མི་ཚོས་སྨྱུག་བྲོ་འཁྲབ་སྟོན་བྱས་ཏེ་ཐག་རིང་གི་སྐུ་མགྲོན་ལ་བསུ་བ་ཞུས་ཡོད། ཞི་ཅིན་ཕིང་གིས་མཛའ་བརྩེའི་ངང་ཚང་མར། ལི་རིགས་ཀྱི་ཡུལ་མི་ཚོར་ལྟ་བར་ཡོང་ཐུབ་པར་ང་རང་ཧ་ཅང་དགའ་པོ་བྱུང་ལ། ཡུལ་མི་ཚོ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད་པ་མཐོང་སྐབས་ང་རང་བློ་བདེ་པོ་ཡང་བྱུང་། ང་ཚོས་འབྱོང་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་ཟིན་རྗེས། ད་དུང་མུ་མཐུད་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བ་བྱེད་པའི་ཕྱོགས་སུ་མདུན་སྐྱོད་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས། ཤང་གྲོང་དར་རྒྱས་གཏོང་སྐབས་ཐོན་ལས་འབྱུང་ཁམས་ཅན་དང་འབྱུང་ཁམས་ཐོན་ལས་ཅན་དུ་འགྱུར་རྒྱུར་འབད་བརྩོན་བྱེད་དགོས་པ་དང་། མུ་མཐུད་སྐྱེ་ལྡན་ཞིང་ལས་ཐོན་རྫས་དང་། གྲོང་གསེབ་ཡུལ་སྐོར། སྤྲོ་གསེང་ཞིང་ལས་སོགས་ཐོན་ལས་སྟོབས་ཆེར་གཏོང་བ་དང་། དངོས་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ལེགས་པོ་བྱེད་པ། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་ཤང་གྲོང་ཁྱོན་ཡོངས་ནས་དར་རྒྱས་གཏོང་རྒྱུ་གཉིས་འབྲེལ་མཐུད་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་བསྟར་བ་དང་། ཏང་གི་རྩ་བའི་དགོངས་དོན་བློ་ལ་བརྟན་པོར་ངེས་པ། མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ་བཅས་ཀྱིས། སེམས་ནུས་ཡོད་རྒུ་མང་ཚོགས་ཀྱིས་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བྱེད་པའི་ཐད་སྤྱོད་དགོས་ཞེས་གསུངས་ཡོད། སྤྱི་ཚེས་12ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་ཧའེ་ནན་གླིང་ཕྲན་གྱི་ནུབ་བྱང་རྒྱུད་དུ་གནས་པའི་ཏན་ཀྲོའུ་གྲོང་ཁྱེར་དུ་གཟིགས་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་པ་རེད། འགྲེམས་སྟོན་ཁང་ནང་། ཞི་ཅིན་ཕིང་གིས་དབྱང་ཕུའུ་དཔལ་འབྱོར་གསར་སྤེལ་ཁུལ་འཛུགས་སྐྲུན་གོང་འཕེལ་གྱི་སྤྱི་ཡོངས་གནས་ཚུལ་ངོ་སྤྲོད་ཞུས་པ་གསན་གནང་བ་མ་ཟད། གསར་སྤེལ་ཁུལ་གྱི་འཕེལ་རིམ་དང་། འཛུགས་སྐྲུན་གྲུབ་འབྲས། འབྱུང་འགྱུར་འཆར་འགོད། དེ་བཞིན་ནང་ཞུགས་ཁེ་ལས་ཀྱི་གྲུབ་འབྲས་སོགས་འགྲེམས་སྟོན་ལ་གཟིགས་པ་རེད།ཞི་ཅིན་ཕིང་གིས། དབྱང་ཕུའུ་དཔལ་འབྱོར་གསར་སྤེལ་ཁུལ་དེ་ཉིད་ཧའེ་ནན་གྱི་རང་མོས་ཉོ་ཚོང་གྲུ་ཁའི་སྔོན་སྐྱོད་ཁུལ་དང་དཔེ་སྟོན་ཁུལ་ཞིག་ཡིན་པའི་ངོས་ནས། ཧའེ་ནན་གྱིས་དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་གཉེར་བྱེད་པའི་ཉམས་མྱོང་ལ་ཕྱོགས་སྡོམ་ཡག་པོ་རྒྱག་པ་དང་། ཀྲུང་གོའི་དབྱང་ཕུའུ་གྲུ་ཁའི་གྲུ་ཐོ་བཀོད་པའི་གྲུ་ཁའི་སྲིད་ཇུས་ཀྱི་བཟང་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། བློ་ཁོག་ཆེན་པོས་གསར་གཏོད་དང་། སྔོན་སྐྱོད་དང་སྔོན་ལ་ཚོད་ལྟ་བྱེད་དགོས་ཞེས་བསྟན་གནང་ཡོད། དེ་རྗེས་ཞི་ཅིན་ཕིང་དབྱང་ཕུའུ་རྒྱལ་སྤྱིའི་དོས་སྒམ་གྲུ་ཁའི་གྲུ་ཁ་ཆུང་ཁུལ་དུ་ཕེབས་ནས། གྲུ་ཁ་འཛུགས་སྐྲུན་གོང་འཕེལ་གཏོང་བའི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། ཡུལ་དངོས་ཀྱི་ལས་དོན་པ་དང་འགན་འཁྱེར་ལས་བྱེད་པའི་འཐུས་མི་སོགས་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་རེད། ཞི་ཅིན་ཕིང་གིས། གྲུ་ཁ་དར་སྤེལ་གཏོང་བ་དང་སྐྱེལ་འདྲེན་ལས་རིགས་དར་སྤེལ་གཏོང་བར། ངེས་གནས་ལ་དམ་འཛིན་ཡག་པོ་བྱེད་པ་དང་། འཕྲོད་མཐུན་རང་བཞིན་ཆེ་རུ་གཏོང་བ། སྦགས་མེད་གོང་འཕེལ་དང་འབྱུང་ཁམས་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ། གྲུ་ཁ་གོང་འཕེལ་དང་དབྱང་ཕུའུ་དཔལ་འབྱོར་གསར་སྤེལ་ཁུལ་དང་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱ་རྒྱུ་གཉིས་ཆར་པ་ཆུ་གྲོགས་དང་། ཕན་ཚུན་སྐུལ་འདེད་བཏང་ནས། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་རྒྱུར་ཞབས་ཞུ་དེ་བས་ལེགས་པོ་ཞུ་དགོས་ཞེས་ནན་སྟོན་གནང་ཡོད། ཞི་ཅིན་ཕིང་གིས། ཏང་ཀྲུང་དབྱང་གིས་ལས་བྱེད་པ་ལེགས་འདེམས་བྱས་ཏེ་རང་མོས་ཉོ་ཚོང་གྲུ་ཁར་འགན་འཁྱེར་ལས་དོན་སྒྲུབ་པར་བཏང་བ་དེའི་ཐོག་ནས། ཏང་ཀྲུང་དབྱང་གིས་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་མངོན་ཡོད་ལ། ལས་བྱེད་པ་རང་ཉིད་ལ་གསོ་སྦྱོང་སྦྱོང་བརྡར་སྤྲོད་པ་ཞིག་ཀྱང་ཡིན་པས། འགན་འཁྱེར་ལས་བྱེད་པའི་དགེ་མཚན་ལྡན་པའི་ནུས་པ་དོན་སྤེལ་གང་ལེགས་བྱས་ཏེ། ཁོང་ཚོས་གཞི་རིམ་གྱི་འཐབ་ས་དང་པོར་འཐབ་རྩལ་ངོམ་ཐུབ་པ་བྱེད་དགོས་ཞེས་བསྟན་གནང་ཡོད། སྤྱི་ཚེས ༡༣ ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་ནས་ཧའེ་ནན་གྱིས་ཁྱོན་ཡོངས་ནས་བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་གྱི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་རྗེས། ཧའེ་ནན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་ཞུས་པར་གསན་ཞིང་། ཧའེ་ནན་གྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་མ་ཟད། ཧའེ་ནན་གྱིས་བྱས་རྗེས་བཞག་ཀྱང་ངོམ་སོ་མི་སྟོན་པ་དང་། ལས་དོན་སྒྲུབ་མཁན་ཁྲོད་ང་ངེས་པར་དུ་ཡོད་དགོས་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཁུར་སེམས་ཐོག་ནས། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་དེ་ཉིད་ཀྲུང་གོའི་ཉམས་སྣང་མངོན་པར་བྱེད་པའི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུ་གཏོད་རྒྱུའི་ཐུགས་རེ་གནང་ཡོད། ཞི་ཅིན་ཕིང་གིས། རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ནི་རྙོག་འཛིང་ཆེ་ལ་བརྒྱུད་རིམ་ལྡན་པའི་ལས་གྲྭ་གཅིག་ཡིན་པས། དེར་ཡུན་རིང་འབད་འཐབ་བྱེད་པའི་བསམ་བློའི་གྲ་སྒྲིག་དང་ལས་ཀའི་གྲ་སྒྲིག་ཡག་པོ་བྱེད་དགོས། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་གྱི་སྤྱིའི་ཇུས་གཞི་དང་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ་ལམ་ལུགས་གཅིག་སྡུད་གསར་གཏོད་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ཀྲུང་དབྱང་གིས་སྤྱི་འདོམས་གནང་བ་དང་། སྡེ་ཚན་གྱིས་རྒྱབ་སྐྱོར་བྱེད་པ། ཞིང་ཆེན་གྱིས་དོན་འཁྱོལ་བྱེད་པ་བཅས་ཀྱི་ལས་དོན་སྐུལ་འདེད་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་ནས། ཧའེ་ནན་གྱི་རང་མོས་ཉོ་ཚོང་གྲུ་ཁ་དུས་བཀག་ལྟར་འགག་སྒོ་བཀག་ནས་འཁོར་སྐྱོད་བདེ་བླག་ཡོང་བའི་འགན་ལེན་བྱེད་དགོས། ཏང་གི་འགོ་ཁྲིད་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་རང་རྟོགས་ངང་ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ལ་དམིགས་ནས་གནད་དོན་ལ་བསམ་གཞིག་དང་ལས་དོན་སྒྲུབ་པ་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོར་སྟངས་འཛིན་ནན་པོ་བྱེད་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུར་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཉེན་ཁ་ཆེ་རིགས་དབྱེ་འབྱེད་ངོས་འཛིན་དང་དོགས་ཟོན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྒྱུར་འཕེལ་བརྟན་གསུམ་ལ་གཅིག་འགྱུར་ཐོག་འཆར་འགོད་བྱེད་པ་བཅས་བྱས་ནས། སྔོན་བཙུགས་རྗེས་གཏོར་དང་། མ་བཙུགས་ན་མི་གཏོར་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཞེས་བསྟན་གནང་ཡོད། ཞི་ཅིན་ཕིང་གིས། ཧའེ་ནན་གོང་འཕེལ་དེ་བས་ཡག་པ་ཡོང་དགོས་ན། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་རྒྱུ་དང་སྤུས་ལེགས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་ནི་རྩ་བའི་འགྲོ་ལམ་ཡིན། ཡུལ་སྐོར་ལས་རིགས་དང་། དེང་རབས་ཞབས་ཞུའི་ལས་རིགས། མཐོ་གསར་ལག་རྩལ་ཐོན་ལས། ཚ་ཁུལ་ཁྱད་ལྡན་ནུས་མཐོའི་ཞིང་ལས་བཅས་གོང་འཕེལ་གཏོང་རྒྱུར་དང་དོད་བྱེད་པ་དང་། དེང་རབས་ཐོན་ལས་མ་ལག་གང་མགྱོགས་འཛུགས་དགོས། ཚན་རྩལ་ལམ་ལུགས་སྒྲིག་གཞི་བསྒྱུར་བཅོས་མགྱོགས་སུ་གཏོང་བ་དང་ཚན་རྩལ་གསར་སྐྲུན་དང་གྲུབ་འབྲས་བརྗེ་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་དགོས། སྐམ་མཚོ་གཅིག་གྱུར་འཆར་འགོད་དང་། རི་མཚོ་མཉམ་འགུལ། ཐོན་ཁུངས་མཉམ་མཐུད་བཅས་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས། ཕྱོགས་ཁག་གི་ལམ་ལུགས་སྒྲིག་གཞིའི་ཞན་ཆ་བསལ་ནས། གཞི་ཁྱོན་དེ་བས་ཆེ་བ་དང་། ཁྱབ་ཁོངས་སྔར་བས་ཆེ་བ། བང་རིམ་དེ་ལས་མཐོ་བ་བཅས་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་རྣམ་པ་གྲུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། ཞི་ཅིན་ཕིང་གིས། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་པ་དང་། ཞིང་ལས་ཐོན་ལས་འབྲེལ་ཐག་ཧྲིལ་པོའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། འབྱུང་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་དང་། གཏན་ཆགས་གཞི་རྩའི་ས་ཞིང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་སྤེལ་ས་མཚམས་བཅས་ཀྱི་ཚོད་འཛིན་ས་ཐིག་གསུམ་ནན་སྲུང་བྱེད་དགོས། གྲོང་ཁྱེར་དང་གྲོང་རྡལ། དེ་བཞིན་གསར་སྦོལ་ཁུལ་བཅས་ཀྱི་གཞི་གཅིག་ཅན་གྱི་མཐུན་སྦྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་པ་དང་། རྒྱལ་ཁབ་ལྷོ་ཕྱོགས་ཚན་ཞིབ་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་མགྱོགས་སུ་གཏོང་དགོས་པ། རང་བྱུང་འགྱིག་གི་རྒྱུ་ཆའི་ཐོན་ལས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། སྦགས་གཙོག་འགོག་བཅོས་ཀྱི་འགག་གཏོར་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་། ཆེས་ནན་པའི་མཚོ་བསུབ་རྒྱུའི་སྐོར་གྱི་དོ་དམ་ཚོད་འཛིན་དང་རྒྱ་མཚོའི་ངོགས་ཀྱི་གསར་སྤེལ་དོ་དམ་ཚོད་འཛིན་བྱ་ཐབས་ནན་ཤོས་ལག་བསྟར་བྱེད་དགོས། རྒྱལ་ཁབ་འབྱུང་ཁམས་དཔལ་ཡོན་ཚོད་ལྟའི་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཚགས་ཚུད་པོ་གཏོང་དགོས། ཆར་ཆུ་འཛོམས་པའི་ཚ་ཁུལ་ནགས་ཚལ་རྒྱལ་ཁབ་སྤྱི་གླིང་ནི་རྒྱལ་ཁབ་ཀྱི་མཆོག་ནོར་ཡིན་པས། ཆུ་མཛོད་རེད་ལ། འབྲུ་མཛོད་དང་དངུལ་མཛོད་ཀྱང་རེད། ཡང་སྒོས་སུ་ཐཱན་གྱི་མཛོད་ཀྱང་རེད། དེའི་རྒྱལ་ཁབ་ཀྱི་འཐབ་ཇུས་དོན་སྙིང་ལ་ངོས་འཛིན་གང་ལེགས་བྱེད་དགོས་ལ། གཡུར་ཟའི་གྲུབ་འབྲས་ཀྱང་ཐོབ་པ་བྱེད་དགོས་ཞེས་བསྟན་འདུག ཞི་ཅིན་ཕིང་གིས། བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་སྒོ་དབྱེ་རྒྱ་ཆེར་ག་ཚོད་གཏོང་དགོས་ན། དེ་རྩིས་ཀྱིས་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་དང་དོད་བྱེད་དགོས། ཕུགས་བསམ་དད་སེམས་ཀྱི་སློབ་གསོ་རྒྱུན་བསྲིངས་ལྷོད་མེད་ངང་ཡག་པོ་སྒྲུབ་པ་དང་། སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྤེལ་དང་དར་སྤེལ་གཏོང་བ། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱེད་སྒོ་རྒྱ་ཆེར་སྤེལ་བ། མི་དམངས་ཀྱི་དཔལ་ཡོན་བྱང་ཚད་དང་སྤྱི་ཚོགས་ཧྲིལ་པོའི་དཔལ་ཡོན་ཚད་གཞི་མཐོ་རུ་ཟམ་མི་ཆད་པར་གཏོང་དགོས། ཡིད་རྟོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྒྲིག་བཀུར་ཁྲིམས་སྲུང་དང་དྲང་གཞག་ཡིད་རྟོན་གྱི་སྤྱི་ཚོགས་དར་སྲོལ་དར་སྤེལ་གཏོང་དགོས་ཞེས་ནན་སྟོན་གནང་བ་རེད། ཞི་ཅིན་ཕིང་གིས། མང་ཚོགས་ལ་ཕན་པའི་བྱ་ཐབས་སྔར་བས་མང་བ་ལག་བསྟར་དང་། དམངས་སེམས་དྲོ་བར་བྱེད་པའི་བྱ་སྤྱོད་སྔར་བས་མང་བ་དོན་འཁྱོལ་བྱེད་དགོས། སེམས་ནུས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་བྲེལ་བ་ཆེ་བ་དང་དཀའ་ལས་ཆེ་བ། སེམས་ཁྲལ་ཆེ་བ། རེ་སྒུག་ཆེ་བ་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བའི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱེད་དགོས། ཁུར་པོ་ཡང་དུ་བཏང་ནས་ལས་གནས་བརྟན་དུ་གཏོང་བ་དང་ལས་ཞུགས་རྒྱ་ཆེར་གཏོང་རྒྱུའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ཏེ། དམངས་འཚོའི་ཚོང་ཟོག་གལ་ཆེན་མཁོ་འདོན་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། འོས་འགན་སློབ་གསོ་བཏང་སྙོམས་གོང་འཕེལ་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཏུ་འགྱུར་བར་གཅིག་གྱུར་འཆར་འགོད་བྱེད་དགོས། སྤྱི་ཚོགས་བཅོས་སྐྱོང་གི་ལས་དོན་ཁྱོན་ཡོངས་ནས་ཡག་པོ་སྒྲུབ་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཏན་ཏིག་སྒྲུབ་པ། རྒྱུན་རྣམ་ཅན་གྱི་ཐོག་ནས་ནག་སེལ་ངན་འཇོམས་ཀྱི་འཐབ་རྩོད་སྤེལ་བ་བཅས་བྱས་ཏེ་རྒྱ་མཚོ་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་གཏོང་དགོས་ཞེས་གསུངས་ཡོད། ཞི་ཅིན་ཕིང་གིས། སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཏང་ནན་པོས་སྐྱོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་སྤྱི་འདོམས་སུ་བྱས་ནས་ཏང་གི་ཕྱོགས་ཁག་གི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཏང་འཛུགས་སྐྱོང་བྱེད་པའི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ། ཧའེ་ནན་ཆུང་ཡ་གཞུང་སྒྲིག་རུ་ཁག་དྲན་གསོ་ར་བ་དང་། དམར་པོའི་བུད་མེད་དམག་གི་དྲན་གསོ་གླིང་སོགས་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་ཕུགས་བསམ་དད་སེམས་བརྟན་དུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ཡག་པོ་བྱེད་པ། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་ཡག་པོ་བྱེད་དགོས། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་གསར་སྐྲུན་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་རྒྱུར་སྣེ་ཁྲིད་བྱེད་པ། ཐོག་མའི་བསམ་འདུན་དང་ལས་འགན་རང་རྟོགས་ངང་ལག་བསྟར་བྱེད་པ། འཇོན་ཐང་གི་འཇིགས་སྣང་དང་ནུས་པ་མི་འདང་བའི་གནད་དོན་ཐག་གཅོད་བྱེད་པར་ཤུགས་རྒྱག་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཁྱད་བསད་བྱེད་པར་ཤུགས་སྣོན་རྒྱག་དགོས། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་ཏང་རྩ་འཛུགས་ཀྱི་ནུས་ལྡན་ཁྱབ་ཁྱོན་མུ་མཐུད་ཆེ་རུ་བཏང་ནས། ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་དེ་དམག་འཐབ་ཀྱི་མཁར་རྫོང་བརྟན་པོ་ཞིག་ཏུ་བསྐྲུན་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་དམ་གནོན་གནས་བབ་རྒྱུན་འཁྱོངས་བྱས་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པར་སྟངས་འཛིན་ཡང་དག་བྱེད་པ་དང་། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་ནུས་པ་བཅས་ལ་གཅིག་གྱུར་ཐོག་སྐུལ་འདེད་གཏོང་བ། ས་ཞིང་བོགས་གཏོང་དང་། ས་ཁང་བདག་ཁོངས་གསར་སྤེལ། ཚོང་འགུགས་མ་འདྲེན། རྣམ་གྲངས་འཛུགས་སྐྱོང་སོགས་ཀྱི་ཐད་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་སྐྱོན་ཆ་བཀག་འགོག་བྱས་ནས་ཆབ་སྲིད་ཀྱི་ཁོར་ཡུག་ཡག་པོ་གཏོད་དགོས་ཞེས་ནན་སྟོན་གནང་བ་རེད། ཞི་ཅིན་ཕིང་གིས། མིག་སྔར་གོ་ལ་ཧྲིལ་པོར་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔར་བཞིན་ཚབས་ཆེ་བ་དང་། ལྷག་པར་དུ་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ལྷོད་གཡེང་གཏན་ནས་གཏོང་མི་རུང་། རྒྱུན་འཁྱོངས་ཐུབ་ན་རྒྱལ་ཁ་ཡིན། མི་དམངས་རྩ་བའི་རྩེ་ལ་འཇོག་པ་དང་ཚེ་སྲོག་གོང་མའི་གོང་དུ་བཀུར་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཕྱི་ནས་འགོས་རྒྱུ་དང་ནང་དུ་བསྐྱར་ལོག་ཐེབས་རྒྱུ་སྔོན་འགོག་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཚན་རིག་དང་མཐུན་ཞིང་གནད་ལ་འཕིགས་པ་དང་འགུལ་རྣམ་གཙང་སེལ་རྒྱུན་འཁྱོངས་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བྱེད་ཐབས་ཁག་དམ་འཛིན་ཞིབ་ཕྲ་བྱེད་དགོས། བག་གཡེང་གི་བསམ་བློ་དང་། དམག་འཁྲུག་ལ་སུན་སྣང་སྐྱེ་བའི་བསམ་ཚུལ། སྟེས་དབང་གི་བསམ་པ། དམ་ལྷོད་ཀྱི་བསམ་པ་བཅས་ཁྱད་དུ་བསད་དེ་ནད་དུག་གཞན་འགྱུར་ཀྱི་ཁྱད་ཆོས་གསར་པར་དམིགས་ནས། ཚན་རིག་དང་མཐུན་ཞིང་གནད་ལ་འཕིགས་པའི་སྔོན་འགོག་ཚོད་འཛིན་གྱི་འཇོན་ཐང་ཆེ་རུ་གཏོང་བ་དང་། འཕྲལ་སྡོམ་སྔོན་ཇུས་སྣ་ཚོགས་འཐུས་ཚང་དུ་གཏོང་བ། རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ནན་པོ་བཅས་བྱས་ཏེ། རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ཤུགས་རྐྱེན་ཐེབས་ཚད་ཆུང་དུ་གཏོང་གང་ཐུབ་བྱེད་དགོས་ཞེས་གསུངས་ཡོད། ཏིང་ཞུའེ་ཞང་དང་། ལིའུ་ཧོ། ཁྲེན་ཞི། ཧོ་ལི་ཧྥེང་བཅས་དང་། དེ་བཞིན་ཀྲུང་དབྱང་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་ནས་རྟོག་ཞིབ་གནང་བར་ཕེབས་རོགས་ཞུས་གནང་ཡོད་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

དགུན་ཨོ་ཡིས་རང་རྒྱལ་གྱི་ལུས་རྩལ་དར་རྒྱས་ལ་རྨང་གཞི་བརྟན་པོ་བཏིངས། པེ་ཅིང་དུ་དགུན་དུས་ཨོ་རྩལ་འགྲན་ཚོཌ་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོཌ་ཀྱི་ཕྱོཊ་བསྡོམས་གཟེངས་བསྟོད་ཚོཊ་ཆེན་འཚོག་རྒྱུ། ཞི་ཅིན་ཕིང་ནས་ཝུའུ་ཆི་ཆིར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། ཞི་ཅིན་ཕིང་གིས་སྨི་ཤེར་དང་ཧྥོང་ཏེ་ལའེ་ཨེན་དང་མཇལ་འཕྲད་གནང་བ།