གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་སྨི་ཤེར་དང་ཧྥོང་ཏེ་ལའེ་ཨེན་དང་མཇལ་འཕྲད་གནང་བ།

སྤེལ་དུས་: 2022ལོ་04ཟླ་02ཚེས་ 12:23 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ ༤ པའི་ཚེས ༡ ཉིན་གྱི་དགོང་མོ་པེ་ཅིང་དུ་བརྙན་ལམ་བརྒྱུད་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཤེར་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥོང་ཏེ་ལའེ་ཨེན་དང་མཇལ་འཕྲད་གནང་ཡོད།

ཞི་ཅིན་ཕིང་གིས། ལོ་བརྒྱད་ཀྱི་གོང་དུ། ང་རང་ནས་ཀྲུང་གོས་ཡོ་རོབ་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་དབར་ཞི་བདེ་དང་འཕར་སྣོན། བསྒྱུར་བཅོས། ཤེས་དཔལ་བཅས་ཀྱི་རོགས་ཟླའི་འབྲེལ་བ་ཆེན་པོ་བཞི་འཛུགས་འདོད་ཡོད་པ་བཏོན་པ་ཡིན། ཀྲུང་གོའི་འདོད་ཚུལ་དེར་ད་བར་འགྱུར་བ་གཏན་ནས་བྱུང་མེད། མིག་སྔའི་དུས་བབ་ངོས་ནས་བརྗོད་ན་དེར་དོན་དངོས་ཀྱི་དོན་སྙིང་དེ་བས་ཆེ་བ་ལྡན་ཡོད། ཀྲུང་གོ་དང་ཡོ་རོབ་དབར་ཐུན་མོང་གི་ཁེ་ཕན་དང་མཉམ་ལས་ཀྱི་རྨང་གཞི་ཟབ་མོ་ལྡན་ཡོད། ཀྲུང་གོས་ཡོ་རོབ་ལ་འཛིན་པའི་སྲིད་ཇུས་རྒྱུན་མཐུད་དང་བརྟན་པོ་ཡིན།ཡོ་རོབ་ནས་ཀྲུང་གོར་འཛིན་པའི་རང་བདག་གི་ལྟ་བ་གྲུབ་པ་བྱེད་པ་དང་རང་བདག་གི་ཀྲུང་གོར་འཛིན་པའི་སྲིད་ཇུས་ལག་བསྟར་བྱས་ཏེ། ཀྲུང་གོ་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་འཛམ་གླིང་གི་ཟང་ཟིང་གནས་བབ་ལ་བརྟན་ལྷིང་གི་རྒྱུ་རྐྱེན་སྣོན་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད།

ཞི་ཅིན་ཕིང་གིས།ཀྲུང་གོ་དང་ཡོ་རོབ་ནས་འཛམ་གླིང་ཞི་བདེར་སྲུང་སྐྱོབ་བྱེད་པའི་སྟོབས་ཤུགས་ཆེན་པོ་གཉིས་སུ་འགྱུར་བ་བྱེད་དགོས་པ་དང་།ཀྲུང་གོ་དང་ཡོ་རོབ་འབྲེལ་བའི་བརྟན་ལྷིང་རང་བཞིན་གྱིས་རྒྱལ་སྤྱིའི་གནས་བབ་ཀྱི་ངེས་གཏན་མེད་པའི་རང་བཞིན་ལ་ཁ་གཏད་གཅོག་དགོས།མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བ་བྱས་པའི་རྒྱལ་སྤྱིའི་མ་ལག་དང་།རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་རྨང་གཞི་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ།མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་གྱིས་རྨང་གཞི་བྱས་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་བཅས་ལ་སྲུང་སྐྱོབ་བྱ་རྒྱུར་སྣེ་ཁྲིད་བྱས་ཏེ། ཁ་གཏད་དུ་ལངས་པའི་བསམ་བློ་བསྐྱར་ལོག་བྱ་རྒྱུར་མཉམ་དུ་ངོ་རྒོལ་བྱེད་པ་དང་འཇམ་འཐབ་གསར་པ་ཐོན་རྒྱུར་ངོ་རྒོལ་བྱས་ནས་འཛམ་གླིང་ཞི་བདེ་བརྟན་ལྷིང་ཡོང་རྒྱུར་སྲུང་སྐྱོབ་བྱེད་དགོས་ཞེས་ནན་སྟོན་གནང་བ་དང་།ཁོང་གིས།ཀྲུང་གོ་དང་ཡོ་རོབ་ཀྱིས་ཐུན་མོང་ཐོག་གོང་འཕེལ་བཏང་བའི་ཁྲོམ་ར་ཆེན་པོ་གཉིས་ལ་སྐུལ་འདེད་གཏོང་དགོས་པ་དང་།ཀྲུང་གོ་དང་ཡོ་རོབ་ཀྱི་སྒོ་དབྱེ་མཉམ་ལས་ཐོག་ནས་དཔལ་འབྱོར་གོ་ལ་ཅན་དུ་གོང་འཕེལ་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་བསྒྱུར་བཅོས་ཟབ་གཏོང་དང་སྒོ་དབྱེ་རྒྱ་བསྐྱེད་གཏོང་རྒྱུ་དང་།ཡོ་རོབ་ཀྱི་ཁེ་ལས་ཀྲུང་གོར་མ་འཇོག་དང་ལས་གཏོད་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ།ཡོ་རོབ་ཕྱོགས་ཀྱིས་ཀྱང་ཀྲུང་གོའི་ཁེ་ལས་ཡོ་རོབ་ཏུ་མ་འཇོག་བྱེད་པར་སྐྱོད་རྒྱུར་གཞུང་དྲང་དང་ཁ་གསལ། མཐོང་ཆུང་མེད་པ་བཅས་ཀྱི་ཁོར་ཡུག་སྐྲུན་རྒྱུའི་རེ་བ་ཡོད།ཕྱོགས་གཉིས་པོས་གོང་འཕེལ་གྱི་འཐབ་ཇུས་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ཀྲུང་གོའི་གོང་འཕེལ་གྱི་འདུ་ཤེས་གསར་པ་དང་གོང་འཕེལ་གྱི་གནས་སྟངས་གསར་པ་དང་ཡོ་རོབ་མནའ་འབྲེལ་གྱི་སྒོ་དབྱེ་རྣམ་པའི་འཐབ་ཇུས་རང་བདག་གི་དཔལ་འབྱོར་སྲིད་ཇུས་བར་གྱི་མཐུན་པའི་ཆ་འཚོལ་ཞིབ་བྱེད་དགོས་ཞེས་གསུངས་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཡོ་རོབ་ཀྱིས་མིའི་རིགས་ཡར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཤེས་དཔལ་ཆེན་པོ་གཉིས་བྱེད་དགོས་པ་དང་། ཀྲུང་གོ་དང་ཡོ་རོབ་དབར་གྱི་མཐུན་སྒྲིལ་རོགས་ལས་ལ་བརྟེན་ནས་གོ་ལའི་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་གཅོག་དགོས། དོན་དམ་པའི་ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་དགོས་པ་དང་། མཉམ་གྲོས་མཉམ་འཛུགས་མཉམ་སྤྱོད་བཅས་རྩ་དོན་དུ་བཟུང་བའི་གོ་ལའི་བཅོས་སྐྱོང་ལྟ་བ་དར་སྤེལ་བཏང་སྟེ། འཛམ་གླིང་ཡོངས་ནས་གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པ་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་མཉམ་ལས་བྱ་རྒྱུར་མུ་མཐུད་ཁྲིད་སྟོན་བྱེད་པ་དང་། ལག་གདང་སྦྲེལ་ནས་ཏོག་གསར་གློ་ཚད་རིམས་ནད་ལས་རྣམ་པར་རྒྱལ་བ་བྱེད་དགོས། ཡོ་རོབ་ནས་གོ་ལའི་གོང་འཕེལ་གྱི་གྲོས་ཆོད་ལ་རྒྱབ་སྐྱོར་བྱེད་པ་དང་དེའི་ནང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད།

སྨི་ཤེར་དང་ཧྥོང་ཏེ་ལའེ་ཨེན་གྱིས། ཀྲུང་གོ་ནི་འཛམ་གླིང་ཐོག་གི་སྟོབས་ཤུགས་གལ་ཆེན་ཞིག་རེད། ཡོ་རོབ་ཀྱིས་ཀྲུང་གོའི་རྒྱལ་སྤྱིའི་གནས་བབ་དང་ནུས་པར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཀྲུང་གོའི་དབར་གྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ཡང་མཐོང་ཆེན་བྱེད་བཞིན་ཡོད། དུས་ཡུན་རིང་པོའི་ནང་ཡོ་རོབ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་གཉིས་ཕན་མཉམ་རྒྱལ་གྱི་འབྲེལ་བ་ཞིག་ཡིན་པ་དང་།ཕྱོགས་གཉིས་པོས་ཞི་བདེར་སྲུང་སྐྱོབ་དང་ཕྱོགས་མང་རིང་ལ་སྲུང་སྐྱོབ་བྱེད་བཞིན་ཡོད། མིག་སྔའི་རྒྱལ་སྤྱིའི་དུས་བབ་འོགཡོ་རོབ་དང་ཀྲུང་གོའི་དབར་གླེང་མོལ་མཉམ་ལས་བྱ་རྒྱུ་དེ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད།ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱ་རྒྱུ་བསྐྱར་བཤད་བྱ་རྒྱུ་དང་། ཀྲུང་གོའི་དབར་སྦ་གསང་མེད་པའི་སྤེལ་རེས་བྱས་ཏེ་ཡོ་རོབ་དང་ཀྲུང་གོའི་འབྲེལ་བའི་འཕེལ་ཕྱོགས་བཟང་པོ་མུ་མཐུད་རྒྱུན་འཁྱོངས་ཐུབ་པ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོའི་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་དང་མ་འཇོགནུས་པའི་འབྱུང་ཁུངས།སྦགས་མེད་གོང་འཕེལ་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་མུ་མཐུད་ཟབ་ཏུ་གཏོང་འདོད་ཡོད་ཅིང་། མཉམ་དུ་ཏོག་གསར་གློ་ཚད་རིམས་ནད་དང་གནམ་གཤིས་འགྱུར་བ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་སོགས་གོ་ལའི་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་བཅག་སྟེ། འཛམ་གླིང་ཞི་བདེ་དང་དཔལ་འབྱོར་འཕར་སྣོན། ཐུན་མོང་དར་རྒྱས་བཅས་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་བྱ་རྒྱུ་ཡིན།ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོས་༼སྐྱེ་དངོས་སྣ་མང་རང་བཞིན་སྤྱི་ཆིངས༽ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཅོ་ལྔ་པའི་དུས་མཚམས་གཉིས་པའི་ཚོགས་འདུ་རྒྱལ་ཁའི་ངང་སྐོང་འཚོགས་ཐུབ་རྒྱུར་རྒྱབ་སྐྱོར་དང་མཉམ་ལས་བྱ་འདོད་ཡོད་ཅེས་གསུངས་ཡོད།

ཕྱོགས་གཉིས་པོས་ཨུ་ཁེ་ལན་གྱི་དུས་བབ་ཐད་དགོངས་འཆར་བརྗེ་རེས་གནང་ཡོད།ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་མི་སྣས་ཡོ་རོབ་ཀྱིས་ཨུ་ཁེ་ལན་གྱི་ཉམས་ཉེན་ཐད་འཛིན་པའི་ལྟ་སྟངས་དང་འདོད་ཚུལ་ངོ་སྤྲོད་བྱས་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོས་ཨུ་ཁེ་ལན་གྱི་དུས་བབ་མིག་སྔའི་འདི་འདྲར་གྱུར་བའི་ཐད་བློ་ཕམ་ཆེན་པོ་བྱེད་ཀྱི་ཡོད།ཀྲུང་གོས་ཨུ་ཁེ་ལན་གྱི་གནད་དོན་ཐད་འཛིན་པའི་ལངས་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་འགྱུར་ལྡོག་མེད་པ་ཞིག་དང་ཁ་གསལ་པོ་ཞིག་ཡིན།ཀྲུང་གོས་ནམ་ཡང་ཞི་བདེའི་ཕྱོགས་སུ་ལངས་ཀྱི་ཡོད་པ་དང་།གནད་དོན་དེ་ཉིད་ཀྱི་བདེན་རྫུན་དྲང་འཁྱོག་ལ་གཞིགས་ཏེ་རང་ཚུགས་རང་བརྟེན་སྒོ་ནས་བརྡར་ཤ་བཅད་དེ། རྒྱལ་སྤྱིའི་བཅའ་ཁྲིམས་དང་སྤྱི་ཡོངས་ནས་ཁས་ལེན་བྱེད་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་རྩ་དོན་སྲུང་སྐྱོང་བྱ་རྒྱུ་དར་སྤེལ་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་ལྟར་ལས་དོན་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱེད་པ།ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་རུང་བ་བཅས་ཀྱི་བདེ་འཇགས་ལྟ་བ་འཛིན་གྱི་ཡོད་ཅེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས་མིག་སྔའི་དུས་བབ་འོག་ཨུ་ཁེ་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་སྐོར་གྱི་དགོངས་འཆར་ཁག་གཅིག་བཏོན་གནང་ཡོད་པ་སྟེ།

གཅིག་ནི་ཞི་བའི་གྲོས་མོལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས།ཡོ་རོབ་ཕྱོགས་ནས་ཨུ་ཁེ་ལན་གྱི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་པའི་ཆེད་འབད་བརྩོན་བྱས་པར་ཀྲུང་གོས་རྒྱབ་སྐྱོར་བྱེད་པ་མ་ཟད།རང་སོའི་བྱ་ཐབས་ལ་བརྟེན་ནས་ཞི་བའི་གྲོས་མོལ་བྱ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད།ཞི་གྲོས་བྱེད་པ་ནི་དུས་བབ་སྔར་བས་ཛ་དྲག་ཏུ་འགྲོ་རྒྱུ་བཀག་འགོག་བྱེད་པའི་ཐབས་ལམ་ཉག་གཅིག་དེ་ཡིན།རྒྱལ་སྤྱིའི་སྤྱི་ཚོགས་ནས་ཨུ་རུ་སུ་དང་ཨུ་ཁེ་ལན་དབར་གྲོས་མོལ་བྱེད་པའི་འཕེལ་རིམ་ལ་མུ་མཐུད་ནས་ཆ་རྐྱེན་དང་ཁོར་ཡུག་བསྐྲུན་དགོས་པ་དང་།ཆབ་སྲིད་ཐོག་ནས་གནད་དོན་ཐག་གཅོད་བྱ་རྒྱུར་བར་ཁམས་གཏོད་པ་ལས།མེ་ཚ་བའི་སྒང་ལ་ཤིང་གཤག་པ་སྣོན་པའི་དཔེ་ལྟར་འགལ་ཟླ་ཚབས་ཆེ་རུ་གཏོང་མི་རུང་།

གཉིས་ནི་གཞི་ཁྱོན་དེ་བས་ཆེ་བའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཐོན་རྒྱུ་སྔོན་འགོག་བྱེད་དགོས། ཀྲུང་གོས་ཨུ་ཁེ་ལན་གྱི་མི་ཆོས་རིང་ལུགས་ཀྱི་དུས་བབ་སྐོར་ལ་གྲོས་འགོ་ཁག་ལྔ་བཏོན་ཡོད་པ་དང་།ཨུ་ཁེ་ལན་ཕྱོགས་ལ་ཛ་དྲག་གི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཁག་མང་པོ་མཁོ་འདོན་བྱས་ཟིན་ཞིང་།ཉམ་ཐག་མི་སེར་འབོར་ཆེན་དང་ལེན་བྱེད་མཁན་ཡོ་རོབ་རྒྱལ་ཁབ་ལ་དངོས་ཟོག་མཁོ་འདོན་བྱས་ཡོད། ཀྲུང་གོས་ཡོ་རོབ་དང་འབྲེལ་མཐུད་རྒྱུན་འཁྱོངས་བྱས་ཏེ་གཞི་ཁྱོན་དེ་བས་ཆེ་བའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཐུན་མོང་ཐོག་སྔོན་འགོག་བྱེད་འདོད་ཡོད།

གསུམ་ནི་ཡོ་རོབ་དང་ཨེ་ཤ་ཡ་དང་ཡོ་རོབ་སྐམ་ས་ཆེན་མོའི་ཡུན་རིང་ཞི་བདེ་འཛུགས་སྐྱོང་བྱེད་དགོས།ཨུ་ཁེ་ལན་གྱི་ཉམས་ཉེན་ནི་ཡོ་རོབ་ཏུ་དུས་ཡུན་རིང་པོར་ཐག་གཅོད་བྱེད་མི་ཐུབ་པར་ལུས་པའི་ས་ཁུལ་གྱི་བདེ་འཇགས་འགལ་ཟླ་ལས་བྱུང་བ་རེད།དེའི་རྩ་བ་བཅོས་སྐྱོང་བྱེད་པའི་བྱ་ཐབས་ནི་འབྲེལ་ཡོད་ཕྱོགས་ཁག་གི་ལུགས་དང་མཐུན་པའི་བདེ་འཇགས་ཐད་ཀྱི་དོ་ཁུར་བྱ་ཡུལ་ལ་བསམ་བློ་གཏོང་དགོས་པ་དེ་ཡིན། དུས་རབས་འཕེལ་རྒྱས་ཕྱིན་ནས་ད་ལྟའི་མཚམས་ལ་སླེབས་དུས།འཇམ་འཐབ་སྐབས་ཀྱི་བསམ་བློ་སྤྱད་ནས་འཛམ་གླིང་དང་ས་ཁུལ་བདེ་འཇགས་སྐོར་གྱི་སྒྲོམ་གཞི་བཟོ་མི་རུང་།ཡོ་རོབ་དང་ལྷག་པར་དུ་ཡོ་རོབ་མནའ་འབྲེལ་ནས་གཙོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་ཀྲུང་གོས་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་།ཡོ་རོབ་དང་ཨུ་རུ་སུ་ཨ་རི་དེ་བཞིན་བྱང་ཆིངས་དབར་སྐད་ཆ་ཤོད་རེས་བྱས་ནས་ལོ་མང་རིང་ཐག་གཅོད་བྱེད་མི་ཐུབ་པར་ལུས་པའི་འགལ་ཟླའི་ཐད་གྲོས་མོལ་བྱེད་རྒྱུར་རྒྱབ་སྐྱོར་བྱས་ནས།གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་གསར་རྙེད་ཐུབ་པ་བརྒྱུད།དེ་བས་དོ་སྙོམས།ནུས་མཐོ།རྒྱུན་མཐུད་བཅས་ཀྱི་ཡོ་རོབ་ཀྱི་བདེ་འཇགས་སྒྲོམ་གཞི་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས།

བཞི་ནི་ཆ་ཤས་ཀྱི་གདོང་ཐུག་དེ་མུ་མཐུད་ཁྱབ་རྒྱ་ཆེ་རུ་འགྲོ་རྒྱུ་སྔོན་འགོག་བྱེད་དགོས། ཨུ་ཁེ་ལན་གྱི་ཉམས་ཉེན་ཐག་གཅོད་འོས་འཚམ་བྱ་དགོས།ཡིན་ནའང་རྨ་ལ་ཕན་ན་ཁྱི་ཚིལ་ཡིན་ནའང་ཆོག་བསམ་པའི་བསམ་བློ་འཆང་མི་རུང་ལ།དོན་དག་གཅིག་ཐག་གཅོད་བྱ་རྒྱུ་ཁོ་ན་བསམ་པ་ལས་གཞན་ལ་བསམ་བློ་མི་གཏོང་བའི་རིགས་བྱེད་མི་རུང་།འཛམ་གླིང་ཧྲིལ་པོ་རྩོད་རྙོག་དེའི་ཁྲོད་ལྷུང་དུ་འཇུག་མི་རུང་ལ།ཡང་སྒོས་སུ་རྒྱལ་ཁབ་ཁག་གི་མང་ཚོགས་ཚོས་དོན་དེའི་ཆེད་བློས་གཏོང་ཆེན་པོ་བྱེད་དུ་འཇུག་མི་རུང་།ཉེན་ཁ་ཇི་ཙམ་ཆེ་ན་དེ་ཙམ་གྱིས་སེམས་རྣལ་དུ་ཕབ་ནས་བསམ་གཞིགས་བྱེད་དགོས།ད་ལྟའི་འཛམ་གླིང་དཔལ་འབྱོར་གྱི་གནས་སྟངས་ནི་འཛམ་གླིང་རྒྱལ་ཁབ་ཁག་ནས་དུས་ཡུན་རིང་པོའི་ནང་འབད་བརྩོན་བྱས་ནས་གྲུབ་པའི་སྒྲོམ་གཞི་ཞིག་ཡིན་པས།དེ་ནི་སྤྱི་ཡོངས་དང་འབྲེལ་བ་ཡོད་པ་ཞིག་རེད།ཕྱོགས་ཁག་གིས་གྲུབ་འབྲས་དེར་གཅེས་སྤྲས་བྱེད་དགོས་པ་དང་།ད་ཡོད་ཀྱི་འཛམ་གླིང་དཔལ་འབྱོར་མ་ལག་ལ་གཏོར་བཤིག་གང་བྱུང་གཏོང་མི་རུང་ལ། ཡང་སྒོས་སུ་འཛམ་གླིང་དཔལ་འབྱོར་ཆབ་སྲིད་ཅན་དང་།ལག་ཆ་ཅན།གོ་མཚོན་ཅན་དུ་བསྒྱུར་ནས། འཛམ་གླིང་གི་དངུལ་རྩ་དང་། ཉོ་ཚོང་།ནུས་ཁུངས། ཚན་རྩལ། འབྲུ་རིགས། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་སོགས་ཁྱབ་ཁོངས་ཀྱི་ཉམས་ཉེན་ཚབས་ཆེན་ཐོན་དུ་འཇུག་མི་རུང་།མིག་སྔའི་གནས་སྟངས་དེས་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཀྱིས་ལོ་བཅུ་ཕྲག་ནང་དཀའ་བ་སྤྱད་ནས་ཐོབ་པའི་གྲུབ་འབྲས་དག་ཡུད་ཙམ་ཞིག་ལ་བརླག་ཏུ་འཇུག་མི་རུང་།གལ་སྲིད་དུས་བབ་མུ་མཐུད་ནས་སྡུག་ཏུ་ཕྱིན་ཚེ།ཕྱིས་སུ་བསྐྱར་བསྐྲུན་བྱེད་སྐབས་ལོ་ཁ་ཤས་དང་ཡང་ན་ལོ་བཅུ་གྲངས་དང་ཐ་ན་ལོ་བཅུ་ཕྲག་ཁ་ཤས་འགོར་སྲིད།དེར་བརྟེན་ཀྲུང་གོ་དང་ཡོ་རོབ་ཀྱིས་དུས་བབ་དོ་དམ་ཚོད་འཛིན་ཐད་གཞོལ་ནས།ཉམས་ཉེན་ཆེ་རུ་འགྲོ་རྒྱུ་སྔོན་འགོག་བྱེད་དགོས་པ་དང་། ལྷག་པར་དུ་འཛམ་གླིང་དཔལ་འབྱོར་གྱི་སྒྲིག་གཞི་དང་། སྒྲིག་སྲོལ། རྨང་གཞི་བཅས་བརྟན་པོ་ཡོང་རྒྱུ་སྲུང་སྐྱོང་བྱེད་དགོས་པ་དང་། མི་རྣམས་ཀྱི་སེམས་ཤུགས་འཕེལ་བ་བྱེད་དགོས།དེ་ལྟར་བྱས་ཚེ། ཕྱོགས་གཉིས་པོས་དོན་དེའི་ཐད་མཐུན་སྦྱོར་དང་མཉམ་ལས་བྱེད་ཆོག་པ་བཅས་ཡིན།

ཕྱོགས་གཉིས་པོའི་འགོ་ཁྲིད་ནས།ཐེངས་འདིའི་ཐུག་འཕྲད་ནང་ཕྱོགས་ཁག་གིས་ལྷག་བསམ་ཟོལ་མེད་དང་སྦ་གསང་བྱས་མེད་པར་བརྟེན།ཕན་ཚུན་དབར་རྒྱུས་མངའ་ཆེ་རུ་ཕྱིན་ཡོད་ལ་ཐུན་མོང་ངོས་འཛིན་ཡང་མང་པོ་བྱུང་ཡོད་པས།མུ་མཐུད་ནས་སྤེལ་རེས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས།མཐུན་སྦྱོར་མཉམ་ལས་བྱེད་རྒྱུར་མོས་མཐུན་བྱུང་ཡོད་པའི་ངོས་འཛིན་གནང་ཡོད་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་པ། ཞི་ཅིན་ཕིང་སོགས་འགོ་ཁྲིད་ཀྱིས་མྱ་ངན་ཞུས། དམག་ཡོངས་ནས་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་ལེན་བསྟར་བཞིན་པ། ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་༣.༢༨ལ་དྲན་གསོ་ཞུ་བའི་མཛད་སྒོ་གཟབ་རྒྱས་ཤིག་འཚོགས།