ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་དུས་དྲ་གྲོགས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འབྲེལ་ཡོད་ལས་དོན་ཐད་བཏོན་པའི་བསམ་འཆར་དང་གྲོས་འགོར་ཞིབ་འཇུག་དང་བསྡུ་ལེན་བྱེད་པའི་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་འབྲེལ་ཡོད་ལས་དོན་ལ་གཞིགས་ནས་དྲ་ཐོག་ཏུ་བསམ་འཆར་བསྡུ་ལེན་བྱེད་པ་དེ་ནི་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ནས་རྒྱལ་ཁབ་གོང་འཕེལ་དང་། མི་རིགས་བསྐྱར་དར་ཆེད་ཐབས་དང་ཇུས་འདོན་པའི་ནུས་ལྡན་བྱ་ཐབས་ཤིག་རེད་ལ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་གསོན་ཉམས་དོད་པའི་མངོན་ཚུལ་ཞིག་ཀྱང་རེད། ད་ཐེངས་ཀྱི་གྲོས་འགོ་བསྡུ་ལེན་བྱེད་པའི་བྱེད་སྒོར་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་དོ་ཁུར་ཆེན་པོ་བྱས་ཡོད་ལ། དེའི་ནང་ཧུར་ཐག་ངང་ཞུགས་ཏེ་དགེ་མཚན་ལྡན་པའི་གྲོས་འགོ་དང་བསམ་འཆར་ཡང་མང་པོ་བཏོན་ཡོད་པས། འབྲེལ་ཡོད་ཕྱོགས་ཁག་གིས་དེར་ཞིབ་འཇུག་ནན་ཏན་དང་བསྡུ་ལེན་གང་ལེགས་བྱེད་དགོས་པ་དང་། ད་ཐེངས་བྱེད་སྒོའི་ལེགས་འགྲུབ་ལྡན་པའི་ཉམས་མྱོང་ལ་ཕྱོགས་བསྡོམས་བྱེད་པ་དང་། དུས་བབ་གསར་པའི་འོག་གི་མང་ཚོགས་ལམ་ཕྱོགས་ཐོག་ཡག་པོ་བསྐྱོད་དེ། དྲ་སྦྲེལ་སོགས་ཀྱི་ཐབས་ལམ་སྣ་ཚོགས་བརྒྱུད་དེ་དགོས་མཁོ་དམངས་ལ་འདྲི་བ་དང་ཐབས་དང་ཇུས་དམངས་ལ་འདྲི་བ། དམངས་ཀྱི་སེམས་སྒྲ་ཉན་པ་དང་དམངས་ཀྱི་འདོད་མོས་ལ་བརྩི་འཇོག་བྱེད་པ། དམངས་སེམས་དང་མཐུན་པ་བཅས་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་སྔར་བས་ཡག་པོ་བསྒྲུབ་དགོས་ཞེས་ནན་སྟོན་གནང་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ལོའི་སྤྱི་ཟླ ༢ པར་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གཞིགས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འབྲེལ་ཡོད་ལས་དོན་ལ་དྲ་ཐོག་ནས་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱེད་པའི་བྱེད་སྒོ་དེ་སྤྱི་ཟླ ༤ པའི་ཚེས ༡༥ ཉིན་ནས་སྤྱི་ཟླ ༥ པའི་ཚེས ༡༦ ཉིན་བར་སྤེལ་བ་དང་། མི་དམངས་ཉིན་རེའི་ཚགས་པར་དང་། ཤིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཁོངས་གཏོགས་གཞུང་ཕྱོགས་དྲ་ཚིགས་དང་གསར་འགྱུར་སྤྱོད་སྣེ། དེ་བཞིན་སློབ་བརྩོན་སྟོབས་ཆེན་རྒྱལ་ཁབ་ཀྱི་སློབ་སྦྱོང་སྟེགས་བུ་སོགས་སུ་ཆེད་དོན་བཀོད་སྒྲིག་བྱས་ནས་སྤྱི་ཚོགས་ཡོངས་ཀྱི་བསམ་འཆར་དང་གྲོས་འགོར་གསན་ཡོད། བྱེད་སྒོ་དེར་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་དོ་ཁུར་ཆེན་པོ་ཐོབ་པ་དང་དེའི་ནང་ཞུགས་ཚད་མཐོ་བར་རིམ་རྩིས་བྱས་ན་དྲ་གྲོགས་ཀྱི་གྲོས་འགོ་ཁྲི ༨༥༤.༢ ཙམ་བཏོན་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འབྲེལ་ཡོད་ལས་དོན་ལ་དཔྱད་གཞི་ནུས་ལྡན་མཁོ་འདོན་བྱས་ཡོད་པ་རེད།།