གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ཐུང་དང་མཇལ་མོལ་གནང་བ།

སྤེལ་དུས་: 2023ལོ་01ཟླ་07ཚེས་ 14:59 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཟླ་བ་དང་པོའི་ཚེས ༦ ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ཐུང་ཤེར་ཏར·པེར་ཏེ་མུའུ་ཧ་མེ་ཏུའོ་ཧྥུ་དང་མཇལ་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས། ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་གྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

ཞི་ཅིན་ཕིང་གིས། དེ་ནི་ཁྱེད་ཀྱིས་ཙུང་ཐུང་གི་འགན་བཞེས་རྗེས་ཀྲུང་གོར་འཚམས་འདྲི་གནང་ཐེངས་དང་པོ་ཡིན་ལ། དེ་རིང་ཡང་ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་དབར་ཕྱི་འབྲེལ་བཙུགས་པའི་དྲན་གསོའི་ཉིན་མོ་རེད། ང་ཚོས་ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་དབར་གྱི་འབྲེལ་བའི་གོམ་སྟབས་རྗེས་མའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་ཇུས་འགོད་བྱས་ཏེ། ཐུན་མོང་ཐོག་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཁྱོན་ཡོངས་འཐབ་ཇུས་རོགས་ཟླར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་པས། དེར་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་ཐུའུ་ཁུའུ་མན་སི་ཐན་བསྐྱར་དར་གྱི་འཐབ་ཇུས་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད། ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་རྒྱལ་ཁབ་གཉིས་པོའི་འདུ་ཤེས་གཅིག་མཐུན་ཡིན་པ་དང་། དམིགས་འབེན་འདྲ་མཚུངས་ཡིན་ལ། ཁེ་ཕན་མཉམ་དུ་འདྲེས་ཡོད། གོང་འཕེལ་དར་རྒྱས་ཀྱི་ལམ་བུའི་ཐོག་ལག་གདང་སྦྲེལ་ནས་འབད་བརྩོན་བྱེད་པ་དང་། ཕན་ཚུན་ལེགས་ཆ་གསབ་རེས་དང་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ནས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱེད་དགོས། ཀྲུང་གོས་ཐུའུ་ཁུའུ་མན་སི་ཐན་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་གྱི་ཁྱོན་ཡོངས་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་གྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བའི་ཐོག་མདུན་ཕྱོགས་སུ་འཕེལ་རྒྱས་གཏོང་འདོད་ཡོད་ཅེས་གསུངས་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་རྒྱལ་ཁབ་གཉིས་པོས་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པ་ནི་ཕན་ཚུན་བརྩི་འཇོག་དང་། ཟོལ་མེད་ཡིད་ཆེས། གཉིས་ཕན་གཉིས་རྒྱལ་བཅས་ཀྱི་རྨང་གཞིའི་ཐོག་གཉིས་ཕན་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། ཕ་རོལ་པོའི་དོ་ཁུར་བྱ་ཡུལ་ལ་ལྟ་རྟོག་བྱེད་པ། མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་བརྟན་དུ་གཏོང་བ་ཞིག་རེད། ཕྱོགས་གཉིས་པོས་ཕ་རོལ་པོའི་ལྟེ་བའི་ཁེ་ཕན་གྱི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་དང་རང་སོ་སོའི་རྒྱལ་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་བརྩི་འཇོག་བྱེད་དགོས། རྒྱལ་ཁབ་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་བྱེད་མགྱོགས་སུ་གཏོང་བ་དང་། ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་མཉམ་ལས་ཨུ་ཡོན་ལྷན་ཁང་སོགས་ཀྱི་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། མཉམ་ལས་ཀྱི་གཞི་ཁྱོན་དང་གཏིང་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། དངོས་དངོས་རྗེན་རྗེན་གྱི་མཉམ་ལས་གྲུབ་འབྲས་ལ་བརྟེན་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་འདེགས་སྐྱོར་བྱེད་དགོས། རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་གསར་པ་དང་འགྲན་རྩོད་གསར་པའི་མདུན་དུ། ཕྱོགས་གཉིས་པོས་ཁྲིམས་འཛིན་བདེ་འཇགས་དང་སྐྱེ་དངོས་བདེ་འཇགས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཐུན་མོང་ཐོག་སྟོབས་ཤུགས་ངན་པ་གསུམ་ལ་རྡུང་རྡེག་བཏང་ནས། རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་པའི་བདེ་འཇགས་སྲུང་རྭ་བརྟན་པོ་བསྐྲུན་དགོས། ཕྱོགས་གཉིས་པོས་ཁྱབ་ཁོངས་ཁག་དང་རིམ་པ་ཁག་གི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། མི་ཆོས་རིག་གནས་ཀྱི་མཉམ་ལས་བྱེད་པ། མི་དམངས་དབར་གྱི་བརྩེ་བ་ཟབ་ཏུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བའི་དམངས་འདོད་དང་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། ཕྱོགས་གཉིས་པོས་སྔོན་ལ་ནུས་རྒྱུའི་མཉམ་ལས་རྒྱ་ཆེར་གཏོང་དགོས། རང་བྱུང་སོལ་རླངས་ཀྱི་མཉམ་ལས་ནི་ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་གྱི་འབྲེལ་བའི་རྨང་རྡོ་ཡིན་པས་རང་བྱུང་སོལ་རླངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ་དེ་ནི་ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་ཕྱོགས་གཉིས་པོའི་འཐབ་ཇུས་དང་ཕུགས་ཀྱི་ཁེ་ཕན་དང་མཐུན་ཡོད། ཕྱོགས་གཉིས་པོས་རྣམ་གྲངས་གལ་ཆེན་གྱི་མཉམ་ལས་ལག་བསྟར་བྱེད་མགྱོགས་སུ་གཏོང་བ་དང་དུས་མཚུངས་སྦགས་མེད་ནུས་རྒྱུ་དང་། རང་བྱུང་སོལ་རླངས་བེད་སྤྱོད། ལག་རྩལ་སྒྲིག་ཆས་སོགས་ཁྱབ་ཁོངས་ནང་གི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཁྱོན་ཡོངས་ནས་སྔོག་འདོན་བྱས་ཏེ། ཐོན་ལས་སྦྲེལ་ཐག་ཡོངས་ཀྱི་མཉམ་ལས་གཏོད་དགོས། ཕྱོགས་གཉིས་པོས་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་སྐུལ་འདེད་བརྟན་པོ་གཏོང་བ་དང་།༼དཔལ་འབྱོར་འབྲེལ་བ་རྒྱ་ཆེར་གཏོང་རྒྱུའི་སྐོར་གྱི་ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་སྲིད་གཞུང་གི་མཉམ་ལས་འཆར་འགོད༽ཅེས་པ་དོན་འཁྱོལ་ཡག་པོ་བྱས་ནས། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་རྒྱ་ཆེར་གཏོང་རྒྱུའི་ཐབས་ལམ་གསར་པ་དང་བྱ་ཐབས་གསར་པ་འཚོལ་ཞིབ་བྱེད་དགོས། ཀྲུང་གོས་སྟོབས་ཤུགས་ལྡན་པའི་ཀྲུང་གོའི་མ་འཇོག་ཁེ་ལས་དེ་བས་མང་བས་ཐུའུ་ཁུའུ་མན་སི་ཐན་དུ་མ་འཇོག་དང་ལས་གཏོད་བྱེད་པར་བསྐྱོད་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། མཉམ་འབྲེལ་མཉམ་མཐུད་ལ་སྐུལ་འདེད་བྱེད་མགྱོགས་སུ་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་མི་སྣའི་འགྲོ་འོང་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཏོག་གསར་རིམས་ནད་ཐོན་པ་ནས་བཟུང་། ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་གྱིས་སྔོན་འགོག་སྨན་གྱི་ཐད་མཉམ་ལས་ཧུར་ཐག་བྱས་ཡོད་པས། ཕྱར་བ་གྲུ་འདེགས་དང་དུས་ངལ་མཉམ་སེལ་གྱི་མཉམ་ལས་འདུ་ཤེས་གང་ལེགས་མངོན་པར་བྱས་ཡོད། ཕྱོགས་གཉིས་པོས་སྨན་བཅོས་འཕྲོད་བསྟེན་མཉམ་ལས་དང་དེ་བཞིན་སྲོལ་རྒྱུན་གསོ་རིག་ཁྱབ་ཁོངས་ཀྱི་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ཐུའུ་ཁུའུ་མན་སི་ཐན་དུ་སྲོལ་རྒྱུན་གསོ་རིག་ལྟེ་གནས་འཛུགས་མགྱོགས་སུ་གཏོང་དགོས། མི་ཆོས་རིག་གནས་སྤེལ་རེས་ཟབ་མོ་རྒྱུན་མཐུད་བྱེད་པ་དང་། ཕན་ཚུན་དབར་རིག་གནས་ལྟེ་གནས་འཛུགས་པའི་ལས་དོན་ལ་སྐུལ་འདེད་བྱེད་མགྱོགས་སུ་བཏང་ནས། ལུའུ་པན་བཟོ་ཁང་སྔ་ཙམ་བསྐྲུན་ཐུབ་པ་བྱེད་དགོས། གསར་འགྱུར་དང་སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་ནས། ༢༠༢༣ ནས ༢༠༢༤ ལོའི་བར་གྱི་ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་དབར་གྱི་རིག་གནས་ལོའི་བྱེད་སྒོ་ཡག་པོ་གཉེར་ནས། རྒྱལ་ཁབ་གཉིས་པོའི་ས་གནས་དབར་གྱི་མཉམ་ལས་རྒྱ་ཆེར་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས།  ཀྲུང་གོའི་ཐོག་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ལྔ་སྣོན་ཞེས་པའི་མཉམ་ལས་སྒྲིག་གཞི་ནི་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་བར་མཉམ་ལས་བྱེད་པའི་སྒྲིག་གཞི་གསར་པ་ཞིག་ཡིན་ཞིང་ཡོངས་བསྒྲགས་ཁ་གསལ་དང་གཉིས་ཕན་མཉམ་རྒྱལ། འདྲ་མཉམ་གཉིས་ཕན། དངོས་གཉེར་གོ་ཆོད་བཅས་བྱུང་ཡོད། ཀྲུང་གོའི་ཕྱོགས་ནས་ཐུའུ་ཁུའུ་མན་སི་ཐན་ཕྱོགས་དང་འབྲེལ་གཏུག་རོགས་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་གོའི་ཐོག་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ལྔ་སྣོན་ཞེས་པའི་དབུ་ཚོགས་སྐབས་དང་པོ་ཡག་པོ་གཉེར་འདོད་ཡོད། ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་ཕྱོགས་གཉིས་པོས་ཞི་བདེ་སྲུང་སྐྱོང་དང་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འདོད་ཚུལ་འཛིན་གྱི་ཡོད་པ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་དང་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཁ་ཕྱོགས་གཅིག་གི་མི་རེད། ཀྲུང་གོའི་ཕྱོགས་ནས་ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་ཧྲང་ཧེའི་མཉམ་ལས་སྒྲིག་འཛུགས་དང་དགེ་མཚན་ལྡན་པའི་མཉམ་ལས་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ་ཐུའུ་ཁུའུ་མན་སི་ཐན་ཕྱོགས་དང་མཉམ་དུ་དོན་ངོ་མའི་ཕྱོགས་མང་རིང་ལུགས་ལག་བསྟར་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།

ཤེར་ཏར·པེར་ཏེ་མུའུ་ཧ་མེ་ཏུའོ་ཧྥུ་ཡིས། ཐུའུ་ཁུའུ་མན་སི་ཐན་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ ༣༡ འཁོར་བའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཉིན་མོ་འདིར། ཀྲུང་གོར་རྒྱལ་དོན་འཚམས་འདྲི་ཐེངས་དང་པོར་ཞུ་རྒྱུ་བྱུང་བར་དགའ་ཚོར་ཧ་ཅང་ཆེན་པོ་བྱུང་། ཐུའུ་ཀྲུང་དབར་གྱི་མཛའ་གྲོགས་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་གནའ་བོའི་དར་གོས་ལམ་བུ་དེས་རྒྱལ་ཁབ་གཉིས་པོ་དམ་པོར་འབྲེལ་ཡོད། ཕྱི་འབྲེལ་བཙུགས་ཚུན་དང་ལྷག་པར་དུ་ ༢༠༡༣ ལོར་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ ༡༠ སོང་ཚུན། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་རིམ་པ་མང་བའི་སྤེལ་རེས་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས། མི་དམངས་ཀྱི་མཛའ་གྲོགས་སྔར་བས་ཟབ་ཏུ་དང་ཉིན་བཞིན་བརྟན་དུ་ཕྱིན་ཡོད། ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱེད་པ་དང་། རྒྱལ་ཁབ་གཉིས་པོའི་ཆུ་ཚད་མཐོ་བའི་ཕན་ཚུན་ཡིད་ཆེས་དང་མཉམ་ལས་ཀྱི་གྲུབ་འབྲས་ལ་སྤོབས་སེམས་ཆེན་པོ་བྱེད་ཀྱི་ཡོད་ལ། ཀྲུང་གོའི་ཕྱོགས་དང་ཕན་ཚུན་འཚམས་འདྲི་དང་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་གོའི་ལེགས་འགྲུབ་ལྡན་པའི་གོང་འཕེལ་གྱི་ཉམས་མྱོང་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། རྒྱལ་ཁབ་གཉིས་པོའི་གཉིས་ཕན་མཉམ་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱེད་འདོད་ཡོད། ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་ཀྲུང་གོས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས། ཀྲུང་གོ་ཁ་ཕྲལ་གཏོང་བའི་བྱ་སྤྱོད་གང་རུང་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་བསྐྱར་དར་དར་གོས་ལམ་བུའི་འཐབ་ཇུས་དང་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་དང་སྦྲེལ་མཐུད་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་སྔར་བས་རྒྱ་ཆེར་གཏོང་བ། རང་བྱུང་སོལ་རླངས་སོགས་ནུས་རྒྱུའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། རྒྱལ་མཚམས་ལས་སྒྲོལ་བའི་ལྕགས་ལམ་སོགས་མཉམ་འབྲེལ་མཉམ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་ཆེ་བ་བསྐྲུན་འདོད་ཡོད། ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་ཀྱང་ཀྲུང་གོའི་ཕྱོགས་དང་རིག་གནས་དང་། སློབ་གསོ། མི་ཆོས་རིག་གནས་བཅས་ཀྱི་སྤེལ་རེས་དང་། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་བས་ཟབ་ཏུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་པོའི་འབྲེལ་བ་དེ་ཁྱོན་ཡོངས་འཐབ་ཇུས་རོགས་ཟླར་རིམ་སྤོར་བྱ་རྒྱུ་མ་ཟད། ཐུའུ་ཀྲུང་གི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་ཆེ་བ་བསྐྲུན་འདོད་ཡོད་ཅེས་བསྟན་འདུག

ཤེར་ཏར·པེར་ཏེ་མུའུ་ཧ་མེ་ཏུའོ་ཧྥུ་ཡིས། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་ཐུགས་གྲ་ལེགས་འགྲིག་ངང་སྐོང་འཚོགས་བྱས་པར་ངས་སླར་ཡང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་དང་སྟོབས་ཆེའི་འགོ་ཁྲིད་འོག ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་ནས། དེ་བས་གཞུང་དྲང་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་གཏོད་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་མི་དམངས་ཀྱི་སྲོག་ཤིང་ཡིན། ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱིས། འབྱུང་འགྱུར་ཀྲུང་གོར་གྲུབ་འབྲས་དེ་བས་ཆེ་བ་ཐོབ་ནས་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་དར་རྒྱས་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ་ངེས་ཡིན་པར་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་མང་པོའི་ཐད་གཅིག་མཚུངས་སམ་འདྲ་མཚུངས་ཀྱི་ལྟ་སྟངས་འཛིན་གྱི་ཡོད་ལ། ཀྲུང་གོའི་ཕྱོགས་དང་ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། མཉམ་ལས་དེ་བས་དམ་ཟབ་བྱེད་འདོད་ཡོད། ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་ཐོག་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ལྔ་སྣོན་པའི་མཉམ་ལས་ལམ་སྲོལ་ལ་ཚད་མཐོའི་གདེང་འཇོག་དང་རྦད་དེ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་གོའི་ཐོག་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ལྔ་སྣོན་པའི་དབུ་ཚོགས་ལེགས་འགྲུབ་ལྡན་པའི་ངང་གཉེར་རྒྱུར་རྒྱབ་སྐྱོར་ཧུར་ཐག་ཞུས་ཐོག ས་ཁུལ་གྱི་བདེ་འཇགས་དང་འཕེལ་རྒྱས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

གྲོས་མོལ་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཐུའུ་ཁུའུ་མན་སི་ཐན་གྱི་མཉམ་འབྲེལ་གསལ་བསྒྲགས༽ལ་མིང་རྟགས་བཀོད་གནང་བ་མ་ཟད་ཁྱབ་བསྒྲགས་ཀྱང་གནང་ནས། རྒྱུད་གཅིག་ལམ་གཅིག་དང་། སྦགས་མེད་གོང་འཕེལ། གྲངས་འཛིན་དཔལ་འབྱོར། འཕྲོད་བསྟེན། རིག་གནས། ལུས་རྩལ། གསར་འགྱུར་སྨྱན་སྦྱོར། རང་བྱུང་སོལ་རླངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་བདེན་དཔང་གནང་ཡོད།

གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་ཤེར་ཏར·པེར་ཏེ་མུའུ་ཧ་མེ་ཏུའོ་ཧྥུ་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་ཡོད།

གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་རྟེན་འབྲེལ་མེ་སྒྱོགས ༢༡ བརྒྱབ་པ་དང་གུས་ལུགས་དམག་གིས་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུའི་ཐོག་ཕེབས་པ་དང་དམག་དཔུང་རོལ་ཆ་རུ་ཁག་གིས་ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་བླངས་ཡོད། ཤེར་ཏར·པེར་ཏེ་མུའུ་ཧ་མེ་ཏུའོ་ཧྥུ་ཡིས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་མ་ཟད་དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས་གནང་ཡོད།

ཉིན་དེའི་ཉིན་དགུང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་ཤེར་ཏར·པེར་ཏེ་མུའུ་ཧ་མེ་ཏུའོ་ཧྥུ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་ཡོད།

ཝང་དབྱི་དང་ཧོ་ལི་ཧྥེང་སོགས་འབྲེལ་ཡོད་བྱེད་སྒོར་ཞུགས་གནང་ཡོད།

ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་མེ་ལེ་ཏུའོ་ཧྥུ་སོགས་ནང་བློན་ཁང་གི་ཙུང་ལི་གཞོན་པ་དྲུག་ལྷན་དུ་འཚམས་འདྲིར་ཕེབས་པ་མ་ཟད། འབྲེལ་ཡོད་བྱེད་སྒོར་ཞུགས་གནང་ཡོད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་དང་ཐ་ལུང་ནས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ། ཞི་ཅིན་ཕིང་དང་ཅི་ལུའོ་ནས་ཕན་ཚུན་ཤིས་འཕྲིན་སྤྲིངས། བློ་མཐུན་ཅང་ཙེ་རྨིན་གྱི་གདུང་ཐལ་རྒྱ་མཚོའི་ནང་དུ་གཏོར་བ། མང་ཚོཊ་ཀུན་གྱིས་བློ་མཐུན་ཅང་ཙེ་རྨིན་ལ་མྱ་ངན་དང་རྗེས་དྲན་ཞུས་པ།