གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་སློབ་འགོ་ཚུཊ་པའི་མཛད་སྒོའི་ཐོག་ནན་སྟོན་གནང་བ།

སྤེལ་དུས་: 2023ལོ་02ཟླ་10ཚེས་ 12:58 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིབ་བསྡུར་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་གོ་བ་ཡང་དག་ལེན་པ་དང་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཞེས་ནན་སྟོན་གནང་བ།

ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ནང་གསར་དུ་ཞུགས་པའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཞིབ་བསྡུར་འཛིན་གྲྭ་སྤྱི་ཚེས ༧ ཉིན་གྱི་སྔ་དྲོ་ཀྲུང་དབྱང་ཏང་གི་སློབ་གྲྭར་༼རྒྱལ་ཁབ་སྲིད་འཛིན་སློབ་གླིང་༽སློབ་འགོ་ཚུགས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འགོ་ཚུགས་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་ཕྱོགས་སྡོམ་དང་བཏོན་པ་མ་ཟད་ད་དུང་གསལ་འགྲེལ་གཏིང་ཟབ་བྱས་པ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་གལ་ཆེན་ཞིག་དང་། ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་གསར་ཤོས་ཤིག་རེད། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་འཚོའི་འགོ་ཁྲིད་ནས་དུས་ཡུན་རིང་པོའི་འཚོལ་ཞིབ་དང་ལག་ལེན་ཁྲོད་དཀའ་བ་དུ་མ་ཁྱད་དུ་བསད་པ་དང་བློས་གཏོང་ཆེན་པོ་བྱས་ནས་ཐོབ་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པས། ང་ཚོས་ངེས་པར་དུ་གཅེས་འཛིན་ལྡབ་བརྒྱ་དང་། སྔ་བར་ཕྱི་གསུམ་དུ་རྒྱུན་འཁྱོངས། རྒྱ་སྐྱེད་དང་གཏིང་ཟབ་ཏུ་ཟམ་མི་ཆད་པར་གཏོང་དགོས་པ་ཞིག་རེད་ཅེས་ནན་གསུངས་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཆང་གིས་སློབ་འགོ་ཚུགས་པའི་མཛད་སྒོ་གཙོ་སྐྱོང་གནང་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་བཅས་ཞུགས་ཡོད།

ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་ནི་ཉེ་རབས་ཚུན་གྱི་ཀྲུང་གོའི་མི་དམངས་ཀྱི་ཐུན་མོང་གི་ཕུགས་བསམ་ཡིན། དོན་དེ་མངོན་དུ་འགྱུར་བའི་ཆེད་དུ་སྐྱེ་མཆོག་གྲངས་ལས་འདས་པས་འཚོལ་ཞིབ་མང་པོ་དང་ཚོད་ལྟ་སྣ་ཚོགས་བྱས་ཡོད། ཡིན་ནའང་ཚང་མ་ལེགས་འགྲུབ་བྱུང་མེད། ཀྲུང་གོའི་རྣམ་པའི་བགྲོད་ལམ་འཚོལ་ཞིབ་བྱེད་པའི་ལས་འགན་ལྕི་མོ་དེ་ལོ་རྒྱུས་དབང་གིས་ཀྲུང་གོའི་གུང་ཁྲན་ཏང་གི་ཕྲག་ཐོག་ཏུ་འབབ་ཡོད། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་མཚམས་ལ་རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་མཛད་ནས། ཁྲག་བཏོན་དམར་འཛིང་དང་། ལན་བརྒྱར་ཕམ་ཡང་དཔའ་མི་ཞུམ་པ་དང་། བྱང་འདུལ་དམག་འཁྲུག་དང་། ས་ཞིང་སྒྱུར་བཅོས་དམག་འཁྲུག ལྗར་འགོག་དམག་འཁྲུག བཅིངས་འགྲོལ་དམག་འཁྲུག་བཅས་བརྒྱུད་ཅིང་། བཙན་རྒྱལ་རིང་ལུགས་དང་། བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་མ་རྩ་རིང་ལུགས་བཅས་ཀྱི་རི་ཆེན་གསུམ་མགོ་རྟིང་སློག་པ། མི་དམངས་རང་ཁྱིམ་རང་བདག་ཡིན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་མངོན་འགྱུར་བྱུང་བ་དང་། དེང་རབས་ཅན་མངོན་འགྱུར་ཡོང་རྒྱུར་རྩ་བའི་སྤྱི་ཚོགས་ཆ་རྐྱེན་བསྐྲུན་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་ནས་སྤྱི་ཚོགས་རིང་ལུགས་གསར་བརྗེ་དོན་དུ་གཉེར་བ་དང་། ཀྲུང་གོར་ལོ་ངོ་སྟོང་ཕྲག་རིང་རྒྱུན་སྲིང་བྱས་པའི་བཀས་བཀོད་རྒྱུད་འཛིན་ལམ་ལུགས་རྩ་གཏོར་བཏང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་གཏན་ལ་འཁེལ་བ། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ནང་ཆེས་རྒྱ་ཆེ་བ་དང་ཆེས་གཏིང་ཟབ་པའི་ལོ་རྒྱུས་འཕོ་འགྱུར་མངོན་འགྱུར་བྱུང་བ། རང་ཚུགས་ཡིན་ལ་ཅུང་ཆ་ཚང་བའི་བཟོ་ལས་མ་ལག་དང་རྒྱལ་དམངས་དཔལ་འབྱོར་མ་ལག་བཙུགས་པ། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་ལ་ཐུན་མིན་གསར་གཏོད་རང་བཞིན་ལྡན་པའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་དང་རྒྱལ་ཁ་གལ་ཆེན་ཐོབ་པ། དེང་རབས་ཅན་གྱི་འཛུགས་སྐྲུན་ལ་རྩ་བའི་ཆབ་སྲིད་ཀྱི་སྔོན་འགྲོའི་ཆ་རྐྱེན་དང་རྩ་ཆེའི་ཉམས་མྱོང་། རིགས་པའི་གཞུང་ལུགས་ཀྱི་གྲ་སྒྲིག དངོས་པོའི་རྨང་གཞི་བཅས་བཏིང་ཡོད། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྱོང་གི་དུས་རབས་གསར་པར་རང་རེའི་ཏང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་འགན་གྱི་ལྟེ་བ་དཔལ་འབྱོར་འཛུགས་སྐྲུན་ཐོག་སྤོ་སྒྱུར་བྱས་ཏེ་སྒྱུར་བཅོས་སྒོ་དབྱེ་ལག་བསྟར་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་འཐབ་ཇུས་བཏིང་ཡོད། ལག་ལེན་རྨང་གཞིར་བྱས་པའི་རིགས་པའི་གཞུང་ལུགས་གསར་སྐྲུན་དང་། ལམ་ལུགས་གསར་སྐྲུན། རིག་གནས་གསར་སྐྲུན། ཕྱོགས་གཞན་ཁག་གི་གསར་སྐྲུན་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་ལག་བསྟར་བཅས་བྱས་པས། ཐོན་སྐྱེད་ནུས་པ་བལྟོས་བཅས་རྗེས་ལུས་ཀྱི་གནས་སྟངས་ནས་དཔལ་འབྱོར་སྤྱི་འབོར་འཛམ་གླིང་ཡོངས་ཀྱི་ཨང་གཉིས་པར་སླེབས་པའི་ལོ་རྒྱུས་རང་བཞིན་འགག་གཏོར་མངོན་འགྱུར་བྱུང་བ་དང་། མི་དམངས་ཀྱི་འཚོ་བ་དེ་ལྟོ་གོས་མི་འདང་བ་ནས་སྤྱི་ཡོངས་འབྱོར་འབྲིང་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ལོ་རྒྱུས་རང་བཞིན་མཆོངས་བརྒལ་མངོན་འགྱུར་བྱུང་བ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་མངོན་འགྱུར་ཡོང་བའི་ཆེད་དུ་གསོན་ཤུགས་གསར་པས་ཕྱུག་པའི་ལམ་ལུགས་ཀྱི་འགན་ལེན་དང་མགྱོགས་མྱུར་གོང་འཕེལ་འགྲོ་བའི་དངོས་པོའི་ཆ་རྐྱེན་མཁོ་འདོན་བྱས་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་གིས་ད་ཡོད་ཀྱི་རྨང་གཞིའི་ཐོག་མུ་མཐུད་མདུན་སྐྱོད་བྱས་ནས་རིགས་པའི་གཞུང་ལུགས་དང་ལག་ལེན་ཐད་ཀྱི་གསར་གཏོད་ཚད་བརྒལ་ཟམ་མི་ཆད་པར་ཡོང་བ་བྱས་པས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བདེ་བླག་ངང་སྐུལ་འདེད་དང་རྒྱ་སྐྱེད་བཏང་ཡོད། ང་ཚོས་ངོས་འཛིན་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་སྟེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཏོད་དེ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་མཆོང་སྐྱོད་གསར་པ་མངོན་འགྱུར་བྱུང་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ནང་དོན་དང་ངོ་བོར་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ་དང་རྩ་དོན་གལ་ཆེན་ཕྱོགས་སྡོམ་ཐོག་ནས་གྲུབ་པ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་རམ་ཙམ་བཙུགས་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་སྔར་བས་ཁ་གསལ་དང་། སྔར་བས་ཚན་རིག་དང་མཐུན་པ། སྔར་བས་སྤྱོད་གོ་ཆོད་པ་བཅས་བྱུང་ཡོད། ང་ཚོས་འཐབ་ཇུས་ཐོག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་སོགས་འཐབ་ཇུས་གལ་ཆེན་རབ་དང་རིམ་པ་ལག་བསྟར་གཏིང་ཟབ་བྱས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་འཐབ་ཇུས་ཀྱི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱས་ཡོད། ང་ཚོས་ལག་ལེན་ཐད་ཟམ་མི་ཆད་པར་ཕུན་སུམ་ཇེ་ཚོགས་དང་། སྒྱུར་བཅོས་རང་བཞིན་གྱི་ལག་ལེན་རབ་དང་རིམ་པར་སྐུལ་འདེད། འགག་སྒྲོལ་རང་བཞིན་གྱི་གོང་འཕེལ་རབ་དང་རིམ་པ་མངོན་འགྱུར། མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ་པ་བཅས་བྱས་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་བ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ། ལྷག་པར་དུ་བལྟོས་མེད་དབུལ་པོའི་གནད་དོན་སེལ་ནས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་ཐུབ་པ་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་དེ་བས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན་དང་། དེ་བས་སྲ་ཞིང་བརྟན་པའི་དངོས་པོའི་རྨང་གཞི། དེ་བས་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་བཅས་མཁོ་འདོན་བྱས་ཡོད་ཅེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། ཏང་གི་འགོ་ཁྲིད་དེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་རྩ་བའི་ཁ་ཕྱོགས་དང་། མདུན་ལམ་ལས་དབང་། མཐར་གཏུག་གི་རྒྱལ་ཕམ་བཅས་དང་ཐད་ཀར་འབྲེལ་བ་ཡོད། ཏང་གི་འགོ་ཁྲིད་ཀྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་རྩ་བའི་ངོ་བོ་གཏན་འཁེལ་བྱེད་ཀྱི་ཡོད་པས། གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ན། ད་གཟོད་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མདུན་ལྗོངས་འོད་ཟེར་སྟོང་ལྡན་དང་དར་རྒྱས་གོང་འཕེལ་ཡོང་ཐུབ། དེ་ལྟར་མ་བྱས་ན་ཁ་ཕྱོགས་འཛོལ་ནས་བླ་སྲོག་མེད་པར་འགྱུར་རྒྱུ་དང་ཐ་ན་རྩ་སློག་རང་བཞིན་གྱི་ནོར་འཁྲུལ་ཤོར་སྲིད། ཏང་གི་འགོ་ཁྲིད་ཀྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ལམ་བུ་གཏན་འཁེལ་བྱེད་པའི་འབད་འཐབ་དམིགས་ཚད་བརྟན་ཐོག་རྒྱང་བགྲོད་ཐུབ་པ་འགན་ལེན་བྱེད་པ་དང་། རང་རེའི་ཏང་གི་འབད་འཐབ་དམིགས་ཚད་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱེད་པ་དང་མི་རབས་ནས་མི་རབས་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང་བས། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པ་དང་ལོ་རྒྱུས་ཀྱི་དེབ་ཐེར་ནང་བཀོད་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་ཡོད། ཏང་གི་འགོ་ཁྲིད་ཀྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་ཆེན་པོ་སྐུལ་སློང་བྱས་ཏེ། རང་རེའི་ཏང་གིས་བསྒྱུར་བཅོས་གསར་གཏོད་བྱེད་ཕོད་པ་དང་། ཕྱོགས་གང་ཅིའི་ཐད་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་གྱི་སྐྱོན་ཆ་རྒྱུན་ཆད་མེད་པར་སེལ་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་འཛད་མཐའ་མེད་པའི་སྒུལ་ཤུགས་སྣོན་ཡོད། ཏང་གི་འགོ་ཁྲིད་ཀྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གོང་བུར་འགྲིལ་བ་དང་། རང་རེའི་ཏང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། མི་དམངས་ཡོངས་ཀྱི་བདག་པོའི་སྙིང་སྟོབས་སྐུལ་སློང་གང་ལེགས་བྱེད་ཀྱི་ཡོད་ཅེས་བསྟན་ཡོད།

ཞི་ཅིན་ཕིང་གིས། རྒྱལ་ཁབ་ཅིག་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པར་དེང་རབས་ཅན་གྱི་སྤྱིར་བཏང་ཆོས་ཉིད་ལ་བརྩི་སྲུང་ཞུ་དགོས་ལ་རང་རྒྱལ་ཁབ་ཀྱི་དོན་དངོས་དང་དེ་བས་འཚམ་པར་བྱེད་དགོས་པས། རང་རྒྱལ་ཁབ་ཀྱི་ཁྱད་ཆོས་ལྡན་ཡོད། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་རྒྱལ་ཁབ་ཁག་གི་དེང་རབས་ཅན་གྱི་ཐུན་མོང་ཁྱད་ཆོས་ཡོད་ལ། རང་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་པའི་མངོན་གསལ་དོད་པོའི་ཁྱད་ཆོས་ཀྱང་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་མི་འབོར་གྱི་གཞི་ཁྱོན་ཤིན་ཏུ་ཆེ་བའི་དེང་རབས་ཅན་དང་། མི་དམངས་ཡོངས་ཐུན་མོང་ཕྱུག་པོར་འགྱུར་བའི་དེང་རབས་ཅན། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་བྱེད་པའི་དེང་རབས་ཅན། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན། ཞི་བདེའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པའི་དེང་རབས་ཅན་བཅས་ཡིན་པའི་ཕྱོགས་ལྔའི་ཐད་ཀྱི་ཀྲུང་གོའི་ཁྱད་ཆོས་སྙིང་བསྡུས་གསལ་པོར་བྱས་ཡོད་ཅིང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཚན་རིག་གི་ནང་དོན་གསལ་སྟོན་གཏིང་ཟབ་བྱས་ཡོད། འདི་ནི་རིགས་པའི་གཞུང་ལུགས་ཀྱི་སྙིང་བསྡུས་ཡིན་ལ། ལག་ལེན་གྱི་བླང་བྱ་ཡང་ཡིན་པས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་ཞིག་གསལ་སྟོན་བྱས་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ལྷག་པར་དུ་བསྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ང་ཚོས་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་དུས་ཚོད་སྤྱད་དེ་ནུབ་ཕྱོགས་ཀྱི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ལོ་ངོ་བརྒྱ་ཕྲག་དུ་མ་སྤྱད་དེ་བསྐྱོད་པའི་བཟོ་ལས་ཅན་དུ་འགྱུར་བའི་ལོ་རྒྱུས་ཀྱི་ལམ་བུར་བསྐྱོད་ཟིན་པ་དང་། དཔལ་འབྱོར་འཕེལ་རྒྱས་མགྱོགས་མྱུར་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་ཡོང་བའི་ངོ་མཚར་བཏོད་ཡོད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་མདུན་ལྗོངས་རྒྱ་ཆེན་པོ་བཏོད་ཡོད། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཐོག་ཡག་པོ་བསྐྱོད་ཐུབ་པ་དང་། བརྟན་པོ་བསྐྱོད་ཐུབ་པ་བྱེད་པ་ནི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བའི་ཡང་དག་པའི་བགྲོད་ལམ་ཉག་ཅིག་དེ་ཡིན་པ་ལག་ལེན་དངོས་ཀྱི་ཐོག་ནས་ར་སྤྲོད་བྱུང་ཡོད་ཅེས་ནན་སྟོན་གནང་འདུག

ཞི་ཅིན་ཕིང་གིས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་དེ་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཁྲོད་གཞི་རྩ་བརྟན་པོ་ཚུགས་ཡོད་པ་དང་། ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་ངོ་བོ་མཚོན་ཞིང་། མིའི་རིགས་ཀྱི་ཕུལ་བྱུང་ཤེས་དཔལ་གྲུབ་འབྲས་མཐའ་དག་དཔྱད་གཞིར་འཛིན་པ་དང་བསྡུ་ལེན་བྱས་པའི་ཁར། མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་གྱི་འཕེལ་རྒྱས་ཁ་ཕྱོགས་མཚོན་ནས། ནུབ་ཕྱོགས་ཀྱི་དེང་རབས་ཅན་གྱི་རྣམ་པ་དང་མི་འདྲ་བའི་རྣམ་པ་གསར་པ་ཞིག་མངོན་ཡོད་པས། དེ་ནི་མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་རྐྱང་ཞིག་རེད། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་དེང་རབས་ཅན་ཡིན་ན་ནུབ་ཕྱོགས་ཅན་ཡིན་ཟེར་བའི་བསམ་བློའི་འཆིང་རྒྱ་གཏོར་ཡོད་པ་དང་། དེང་རབས་ཅན་གྱི་རྣམ་པ་གཞན་ཞིག་མངོན་ཡོད་ཅིང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་ལམ་བུ་རྒྱ་ཆེར་བཏང་ཡོད་པ་དང་། མིའི་རིགས་ཀྱིས་དེ་བས་ལེགས་པའི་སྤྱི་ཚོགས་ལམ་ལུགས་འཚོལ་ཞིབ་བྱ་རྒྱུར་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་དམིགས་བསལ་གྱི་འཇིག་རྟེན་ལྟ་བ་དང་། རིན་ཐང་ལྟ་བ། ལོ་རྒྱུས་ལྟ་བ། ཤེས་དཔལ་ལྟ་བ། དམངས་གཙོའི་ལྟ་བ། འབྱུང་ཁམས་ལྟ་བ་སོགས་དང་དེ་བཞིན་དེའི་རླབས་ཆེན་ལག་ལེན་ནི་འཛམ་གླིང་གི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་ཐད་ཀྱི་གསར་གཏོད་གལ་ཆེན་ཞིག་རེད། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རང་བཙན་རང་བདག་དེ་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་རྒྱུར་མིག་དཔེ་བསྟན་ཡོད་པ་དང་། གདམ་ག་གསར་རྐྱང་ཞིག་མཁོ་འདོན་བྱས་ཡོད་ཅེས་གསུངས་འདུག

ཞི་ཅིན་ཕིང་གིས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་བརྒྱུད་རིམ་ལྡན་པའི་ལས་གཞི་ཞིག་ཡིན་པས། དེར་གཅིག་གྱུར་ལྟ་རྟོག་དང་། བརྒྱུད་རིམ་ལྡན་པའི་འཆར་འགོད། སྤྱི་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ་དང་། རྩེ་རིམ་ཇུས་འགོད་དང་ལག་ལེན་འཚོལ་ཞིབ། འཐབ་ཇུས་དང་བྱ་ཐབས། དྲང་སྲུང་དང་གསར་གཏོད། ལས་ཕྱོད་དང་དྲང་སྙོམས། གསོན་ཤུགས་དང་སྒྲིག་ལམ། རང་ཚུགས་རང་འབད་དང་ཕྱི་ཕྱོགས་སྒོ་དབྱེ་སོགས་ཀྱི་འབྲེལ་བ་གལ་ཆེན་རབ་དང་རིམ་པ་ཐག་གཅོད་ཡག་པོ་བྱེད་དགོས། རྩེ་རིམ་ཇུས་འགོད་བྱེད་པར་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་གསལ་རྟོགས་གཏིང་ཟབ་དང་། མི་དམངས་མང་ཚོགས་ཀྱི་ཐུན་མོང་གི་བསམ་འདུན་ཁོང་དུ་ཡང་དག་ཆུད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་འཚོལ་ཞིབ་གཏིང་ཟབ་བཅས་བྱས་ཏེ། གཏན་འབེབས་བྱས་པའི་འཆར་འགོད་དང་སྲིད་ཇུས་མ་ལག་ལས་དུས་རབས་ཀྱི་རང་བཞིན་མངོན་པ་དང་། ཆོས་ཉིད་ཀྱི་རང་བཞིན་ཁོང་དུ་ཆུད་པ། གསར་གཏོད་རང་བཞིན་ལྡན་པ་བཅས་བྱས་ནས། ཉེ་རིང་ཟུང་འབྲེལ་དང་། གོང་འོག་འབྲེལ་མཐུད། ནང་དོན་མཐུན་སྦྱོར་བཅས་ཐུབ་པ་བྱེད་དགོས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་འཚོལ་ཞིབ་རང་བཞིན་གྱི་བྱ་གཞག་ཅིག་ཡིན་ཞིང་། ད་དུང་མ་ཤེས་པའི་ཁྱབ་ཁོངས་མང་པོ་ཞིག་ཡོད་པས། ང་ཚོས་ལག་ལེན་ཁྲོད་བློ་ཁོག་ཆེན་པོས་འཚོལ་ཞིབ་བྱེད་དགོས་པ་དང་། བསྒྱུར་བཅོས་གསར་གཏོད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས་པ་ལས། གྲུ་ལ་རྟགས་བརྒྱབ་ནས་རལ་གྲི་འཚོལ་བ་དང་སྡོང་རྩར་བསྡད་ནས་རི་བོང་སྒུག་པའི་རིགས་གཏན་ནས་བྱེད་མི་རུང་། འཐབ་ཇུས་ཀྱི་རྒྱང་ལྟའི་རང་བཞིན་ཆེ་རུ་གཏོང་བ་དང་། བྱ་དངོས་འཕེལ་རྒྱས་ཀྱི་ལྡོག་མེད་འཕེལ་ཕྱོགས་ཁོང་དུ་ཡང་དག་ཆུད་པ། མདུན་སྐྱོད་ལམ་བུའི་ཐོག་ཐོན་སྲིད་པའི་གོ་སྐབས་དང་འགྲན་སློང་ཤེས་ཚོར་རྣོན་པོས་ཤེས་པ་བཅས་བྱས་ཏེ། ཚན་རིག་དང་མཐུན་པའི་འཐབ་ཇུས་ལ་བརྟེན་ནས་འབྱུང་འགྱུར་སྔོན་དཔག་དང་འབྱུང་འགྱུར་ལ་སྣེ་ཁྲིད་བྱེད་དགོས། འཐབ་ཇུས་ཀྱི་ཁྱོན་ཡོངས་རང་བཞིན་ལ་ཤུགས་སྣོན་རྒྱག་པ་དང་། འཐབ་ཇུས་ཀྱི་དམིགས་ཚད་འཆར་འགོད་བྱེད་པ། འཐབ་ཇུས་ཀྱི་བྱ་ཐབས་བཟོ་བ། འཐབ་ཇུས་ཀྱི་བཀོད་སྒྲིག་བྱེད་པ་བཅས་ཚང་མ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་དར་རྒུད་རྒྱལ་ཕམ་དང་འབྲེལ་བ་དང་སྐྲ་གཅིག་འཐེན་ན་གཟུགས་པོ་ཡོངས་རྫོགས་འགུལ་སྲིད་པའི་གནད་དོན་གལ་ཆེན་ཐག་གཅོད་བྱ་རྒྱུར་དམིགས་དགོས། འཐབ་ཇུས་ཀྱི་བརྟན་པོའི་རང་བཞིན་ཆེ་རུ་གཏོང་བ་དང་། འཐབ་ཇུས་གྲུབ་རྗེས་དུས་ཡུན་རིང་པོར་རྒྱུན་འཁྱོངས་དང་། དམ་འཛིན་མཐའ་འཁྱོངས། ལེགས་པར་སྒྲུབ་པ་བཅས་བྱ་དགོས་པ་ལས། གང་འདོད་ལྟར་བསྒྱུར་བཅོས་བྱེད་མི་རུང་། འཐབ་ཇུས་ཀྱི་རྩ་དོན་རང་བཞིན་དང་ཐབས་ཇུས་ཀྱི་བབ་བསྟུན་རང་བཞིན་ཟུང་འབྲེལ་དམ་ཚགས་བྱས་ཐོག གང་ལ་ཅི་འོས་དང་། སྐབས་བསྟུན་འགྱུར་ལྡོག སྐབས་བསྟུན་ཐག་གཅོད་བཅས་བྱས་ནས། ཡུལ་བབ་དང་བསྟུན་པ་དང་། སྐབས་བསྟུན་གཉེར་སྒྲུབ། དུས་བསྟུན་ལས་སྒྲུབ་བཅས་བྱེད་པའི་ཁྲོད་འཐབ་ཇུས་ཀྱི་རང་འགུལ་དབང་ཆ་ཁོང་དུ་ཆུད་པ་བྱེད་དགོས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འབྱུང་གཞི་དང་བླ་སྲོག་ཡག་པོ་སྲུང་བ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་། ངོ་བོའི་བླང་བྱ། རྩ་དོན་གལ་ཆེན་བཅས་རྒྱུན་འཁྱོངས་བྱས་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཁ་ཕྱོགས་ཡང་དག་འགན་ལེན་བྱེད་དགོས། གསར་གཏོད་བྱ་རྒྱུ་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པ་བྱེད་པ་དང་། རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ཐག་གཅོད་བྱ་རྒྱུར་དམིགས་པ། འགྱུར་ལྡོག་ལ་ངོས་འཛིན་དང་། འགྱུར་ལྡོག་དང་བསྟུན་པ། འགྱུར་ལྡོག་ཡོང་རེ་བཅས་ཧུར་ཐག་བྱེད་པ། སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་བཅས་བྱས་ནས། སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་གསོན་ཤུགས་འཕེལ་བ་བྱེད་དགོས། མ་རྩ་རིང་ལུགས་ལས་དེ་བས་མཐོ་བའི་ལས་ཕྱོད་གཏོད་དགོས་ལ་སྤྱི་ཚོགས་ཀྱི་དྲང་གཞག་དེ་བས་ནུས་ལྡན་ངང་སྲུང་སྐྱོང་བྱས་ནས་ལས་ཕྱོད་དང་དྲང་གཞག་ཕན་ཚུན་ལྟ་རྟོག་དང་། ཕན་ཚུན་སྐུལ་འདེད། ཕན་ཚུན་གཅིག་གྱུར་བཅས་དེ་བས་ཡག་པོ་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དོན་འཁྱོལ། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་ནུས་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་སྲིད་དབང་བདེ་འཇགས་དང་། ལམ་ལུགས་བདེ་འཇགས། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས། གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་བཅས་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་བྱེད་དགོས། རང་བཙན་རང་བདག་དང་རང་ཚུགས་རང་འབད་མཐའ་འཁྱོངས་དང་། རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་རང་ཉིད་ཀྱི་སྟོབས་ཤུགས་ཀྱི་རྨང་གཞིའི་ཐོག་འཇོག་རྒྱུ་མཐའ་འཁྱོངས། རང་རྒྱལ་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་རྒྱུ་མཐའ་འཁྱོངས་བཅས་བྱ་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་ཟམ་མི་ཆད་པར་རྒྱ་ཆེར་བཏང་ནས་གོ་ལ་ཧྲིལ་པོའི་ཐོན་ལས་ལས་བགོས་དང་མཉམ་ལས་ནང་གཏིང་ཟབ་ཞུགས་པ་དང་། རྒྱལ་ནང་དང་རྒྱལ་སྤྱི་གཉིས་ཀྱི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འཕེལ་རྒྱས་བར་མཐོངས་རྒྱ་ཆེར་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་སྔར་བྱུང་མ་མྱོང་བའི་གསར་གཏོད་རང་བཞིན་ལྡན་པའི་བྱ་གཞག་ཅིག་ཡིན་པས། སྔོན་དཔག་བྱེད་ཐུབ་པ་དང་སྔོན་དཔག་བྱེད་དཀའ་བའི་ཉེན་ཁ་དང་འགྲན་སློང་། དཀའ་ངལ་སོགས་སྣ་ཚོགས་དང་ཐ་ན་དཀའ་ཚེགས་དེ་བས་ཆེ་བ་འཕྲད་ངེས་ཡིན་པས། ངེས་པར་དུ་སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་གཏོང་བ་དང་། མ་མཐའི་མཚམས་ཚད་ཀྱི་བསམ་བློ་མཐའ་འཁྱོངས། བདེ་དུས་ཉེན་དྲན་དང་ཆུ་མ་ཐོན་གོང་ནས་ཆུ་རགས་རྒྱག་པ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པ་བཅས་བྱས་ནས། ཞུམ་པ་མེད་པའི་འཐབ་རྩོད་བྱས་པ་བརྒྱུད་བྱ་གཞག་འཕེལ་རྒྱས་ཀྱི་གནམ་ས་གསར་པ་གཏོད་དགོས། འཐབ་ཇུས་ཐད་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱས་ཏེཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་གདེང་ཚོད་ཡོད་པ་བྱ་དགོས་པ་དང་། འཐབ་ཇུས་ཀྱི་བློ་སྤོབས་རྒྱུན་འཁྱོངས་བྱས་ཏེ་འཐབ་རྩོད་ཀྱི་གདིང་ཤུགས་ཆེ་རུ་གཏོང་དགོས་ཤིང་། འཐབ་ཇུས་ཀྱི་རང་འགུལ་རྒྱུན་འཁྱོངས་བྱས་ཏེ་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས། ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས། འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་ན་གཞོན་ལས་བྱེད་པར་བསམ་བློའི་སྦྱོང་བརྡར་དང་། ཆབ་སྲིད་ཀྱི་སྦྱོང་བརྡར། ལག་ལེན་གྱི་སྦྱོང་བརྡར། ཆེད་ལས་ཀྱི་སྦྱོང་བརྡར་བཅས་ནན་པོ་བྱེད་ཏུ་འཇུག་པ་དང་། རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བའི་འཐབ་རྩོད་ཁྲོད་དཀའ་སྡུག་མྱོང་ཐུབ་ཅིང་། ལྟ་རྒྱ་ཐོས་རྒྱ་ཆེ་རུ་འགྲོ་ཐུབ་པ། སྙིང་སྟོབས་འཕེལ་ཐུབ་པ། འཇོན་ཐང་ཆེ་རུ་འགྲོ་ཐུབ་པ་བཅས་བྱེད་དགོས། ཛ་དྲག་དང་རྙོག་འཛིང་ཆེ་བའི་འཐབ་རྩོད་ཁྲོད་དུ་ལས་བྱེད་པར་རྟོག་ཞིབ་དང་དབྱེ་འབྱེད་བྱ་རྒྱུར་སྣང་ཆེན་བྱས་ཏེ། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པ། འགན་འཁྲི་འཁུར་ཕོད་པ། ལས་དོན་སྒྲུབ་ཕོད་པ། དམ་འཛིན་བྱེད་ཕོད་པ་དང་དོ་དམ་བྱེད་མཁས་པ། ཁ་དགྲ་སྣ་དགྲ་གསོག་ཕོད་པ་བཅས་ཀྱི་ལས་བྱེད་པར་རྒྱབ་སྐྱོར་དང་སྐུལ་སློང་བྱེད་དགོས་པ་དང་། བློས་འཁེལ་ན་བློ་ཁོག་ཆེན་པོས་བཀོལ་སྤྱོད་བྱེད་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས་མཇུག་ཏུ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་འགོ་ཚུགས་ལོའི་ལས་དོན་དམ་འཛིན་ལེགས་པོ་བྱ་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། བརྟན་པོ་ཡོང་བ་བྱ་རྒྱུ་ཨང་དང་པོར་འཛིན་པ་དང་བརྟན་པོའི་ངང་ཡར་རྒྱས་ཡོང་བ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་གཅིག་གྱུར་འཆར་འགོད་སྔར་ལས་ལེགས་པ་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད་སྔར་ལས་ལེགས་པ་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་སྔར་ལས་ལེགས་པ་བྱེད་པ། བསྒྱུར་བཅོས་སྒོ་འབྱེད་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད། གཉེར་སྐྱོང་བྱེད་པོའི་སེམས་ཤུགས་དང་སྤྱི་ཚོགས་ཀྱི་སྔོན་དཔག་བརྟན་པོ་ཡོང་བར་ཁྲིད་སྟོན་སྔར་ལས་ལྷག་པ་བྱེད་པ་བཅས་བྱས་ནས། དཔལ་འབྱོར་འཁོར་སྐྱོད་སྤྱི་ཡོངས་ནས་ལེགས་སུ་འགྲོ་རྒྱུར་འབད་བརྩོན་བྱ་དགོས་ཞེས་ནན་སྟོན་གནང་ཡོད།

ལི་ཆང་གིས་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོ་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པ་རྒྱས་བཤད་གཏིང་ཟབ་གནང་ཡོད། དེས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་ཕུན་སུམ་ཇེ་ཚོགས་དང་གོང་འཕེལ་ཡོང་རྒྱུར་ཆབ་སྲིད་རང་བཞིན་དང་། རིགས་པའི་གཞུང་ལུགས་རང་བཞིན། དམིགས་སའི་རང་བཞིན། སློབ་སྟོན་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད་པ་དང་། ཏང་ཡོངས་ཀྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་གོ་བ་ཡང་དག་པ་ལེན་རྒྱུ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་སློབ་སྦྱོང་དང་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ། ཁྱོན་ཡོངས་ནས་དོན་འཁྱོལ་བཅས་བྱ་རྒྱུ། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པར་བྱ་རྒྱུ། རྒྱལ་ཁབ་ཀྱི་དོན་ཆེན་ཡིད་ལ་བརྟན་པོར་ངེས་རྒྱུ། འདུ་ཤེས་བཞི་ཆེ་རུ་གཏོང་རྒྱུ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་རྒྱུ། སྲུང་སྐྱོང་གཉིས་ཐུབ་པ་བྱ་རྒྱུ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་གཏོད་པར་འབད་བརྩོན་བྱ་རྒྱུ་བཅས་ལ་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། ང་ཚོས་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ཐོག རང་ས་ཁུལ་དང་རང་སྡེ་ཁག་རང་ཚན་པ་བཅས་ཀྱི་ལས་དོན་ཁག་དམ་འཛིན་ཏན་ཏིག་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་སྤེལ་ཏན་ཏིག་གཏོང་དགོས་ཞེས་བསྟན་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ཡིན་པའི་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་གཞན་དག་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྣམས་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་རེད། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ནང་གསར་དུ་ཞུགས་པའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཞིང་ལྗོངས་དང་གྲོང་ཁྱེར་ཁག་དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་མི་དམངས་ཚོགས་པ་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། བཅིངས་འགྲོལ་དམག་གི་སྡེ་ཚན་ཁག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཞིབ་བསྡུར་འཛིན་གྲྭར་ཞུགས་ཡོད། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། དེ་བཞིན་འབྲེལ་ཡོད་ཕྱོགས་བཅས་ཀྱི་འགན་འཁུར་བློ་མཐུན་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོར་ཟུར་ཞུགས་གནང་ཡོད་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་ལོ་གསར་གྱི་འཚམས་འདྲི་ཞུས། ཞི་ཅིན་ཕིང་ནས་གཞི་རིམ་ལས་བྱེད་མང་ཚོཊ་ལ་དཔྱིད་གསར་འཚམས་འདྲི་གནང་། ཞི་ཅིན་ཕིང་གིས་ཏང་ཕྱིའི་མི་སྣ་དང་བཞུཊ་མོལ་གནང་བ། ཞི་ཅིན་ཕིང་དང་རོན་ཧྥུའུ་ཀྲུང་ནས་ཕན་ཚུན་ལོ་གསར་གྱི་འཚམས་འདྲི་ཞུས།