ས་གནས་དེ་གའི་དུས་ཚོད་སྤྱི་ཟླ ༣ ཚེས ༢༡ ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་སི་ཁོའི་ཁེ་ལི་མུའུ་ལིན་ཕོ་བྲང་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་མཇལ་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཀྲུང་ཨུའི་འབྲེལ་བ་དང་དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ལྷག་བསམ་དག་ལ་མཛའ་བརྩེ་ལྡན་ཞིང་གྲུབ་འབྲས་ཀྱིས་ཕྱུག་པའི་མཇལ་མོལ་གནང་ནས། ཐུན་མོང་ངོས་འཛིན་གསར་པ་མང་པོ་བྱུང་ཡོད། ཕྱོགས་གཉིས་པོས་མཛའ་གྲོགས་ཁྱིམ་མཚེས་དང་མཉམ་ལས་མཉམ་རྒྱལ་གྱི་རྩ་དོན་ཐོག་ནས་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དང་། དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུའི་མོས་མཐུན་གནང་ཡོད།
སྤྱི་ཟླ ༣ པའི་མོ་སི་ཁོར། ནམ་མཁའ་དྭངས་ཤིང་མཁའ་རླུང་གཙང་། ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་ཁེ་ལི་མུའུ་ལིན་ཕོ་བྲང་དུ་ཕེབས་འབྱོར་ཟིན་སྐབས། ཁེ་ལི་མུའུ་ལིན་ཕོ་བྲང་གི་མགྲོན་བསུའི་རྟ་པའི་རུ་ཁག་གིས་རུ་བསྟར་སྒྲིག་ནས་བསུ་བ་ཞུས་པ་དང་། ཁེ་ལི་མུའུ་ལིན་ཕོ་བྲང་གི་དམག་སྤྱིས་རླངས་འཁོར་ནས་འབབ་སར་བསུ་བ་ཞུས་པ་རེད།
ཕུའུ་ཅིང་གིས་ཆའོ་ཀྲེ་ཚོམས་ཆེན་ནང་ཞི་ཅིན་ཕིང་ལ་བསུ་བ་ཞུ་བའི་མཛད་སྒོ་གཟབ་རྒྱས་གཉེར་ཡོད། རྔམ་བརྗིད་ལྡན་པའི་མགྲོན་བསུའི་རོལ་དབྱངས་ཀྱི་སྒྲའི་ཁྲོད། ཞི་ཅིན་ཕིང་དང་ཕུའུ་ཅིང་གིས་ཁག་སོ་སོར་ཆའོ་ཀྲེ་ཚོམས་ཆེན་གྱི་གཞོགས་གཉིས་ནས་ས་གདན་དམར་པོ་བརྒྱུད་ཚོམས་ཆེན་ནང་ཕེབས་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱག་དམ་པོར་བཏང་ནས་དྲན་རྟེན་སྐུ་པར་བསྐྱོན་ཡོད། དམག་དཔུང་རོལ་ཆ་རུ་ཁག་གིས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་གཏོང་བྱས་ཡོད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་སྔ་རྗེས་སུ་ཁྱབ་ཁོངས་ཆེ་ཆུང་མི་འདྲ་བའི་མཇལ་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས། ཀྲུང་ཨུ་རྒྱལ་ཁབ་གཉིས་པོ་ནི་ཕན་ཚུན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཆེ་ཤོས་གཉིས་ཡིན་ཞིང་། ཨུ་རུ་སུ་དང་ཡུན་རིང་ཁྱིམ་མཛེས་མཛའ་གྲོགས་འབྲེལ་བ་སྲ་བརྟན་དང་གོང་འཕེལ་གཏོང་རྒྱུ་དེ་ལོ་རྒྱུས་ཀྱི་གཏན་ཚིགས་དང་མཐུན་པ་དང་ཀྲུང་གོའི་ཕྱོགས་ཀྱི་འཐབ་ཇུས་ཀྱི་གདམ་ག་ཡིན་པས། དུས་ཚོད་ཐུང་ཐུང་དང་དོན་དག་ཆུང་ཆུང་དབང་གིས་འགྱུར་ལྡོག་འགྲོ་མི་སྲིད། ང་རང་གིས་ལོ་ངོ་ ༡༠ ཡི་གོང་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་ཐོག་མ་དེ་ཞུས་པ་ནས་བཟུང་། ཀྲུང་ཨུ་ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས། གཉིས་ཕན་བཅས་ཡོང་བ་བྱས་པས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལོ་རྒྱུས་རིང་ཞིང་དུས་མཐུན་མདུན་སྐྱོད་ཐུབ་སྟེ། དེ་བས་ཁྱོན་ཡོངས་དང་། དེ་བས་དངོས་གཉེར། དེ་བས་འཐབ་ཇུས་རང་བཞིན་བཅས་ལྡན་པར་གྱུར་ཡོད། ད་ཐེངས་འཚམས་འདྲི་ཞུ་རིང་། ང་ཚོའི་རླངས་འཁོར་རུ་ཁག་འབྱོར་སར་ཨུ་རུ་སུའི་མང་ཚོགས་མང་པོས་ལག་པ་གཡུག་གཡུག་གིས་འཚམས་འདྲི་ཞུས་བྱུང་བས། ང་རང་ལ་ཀྲུང་ཨུའི་འབྲེལ་བར་དམངས་འདོད་ཀྱི་རྨང་གཞི་བརྟན་པོ་ཡོད་པའི་མྱོང་ཚོར་ཟབ་མོ་བྱུང་། རྒྱལ་སྤྱིའི་རྣམ་པར་འགྱུར་ལྡོག་གང་འདྲ་བྱུང་རུང་། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ཀྲུང་ཨུའི་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏོང་ངེས་ཡིན། ང་རང་གིས་ད་ཐེངས་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་ཞུ་བ་འདི་མཛའ་གྲོགས་ཀྱི་འགྲུལ་བཞུད་ཅིག་དང་། མཉམ་ལས་ཀྱི་འགྲུལ་བཞུད་ཅིག ཞི་བདེའི་འགྲུལ་བཞུད་ཅིག་བཅས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་ལྷན་དུ་སྔ་འཛིན་ཕྱི་གཏོད་བྱེད་པ་དང་། ཀྲུང་ཨུའི་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་ཟླའི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་མང་བ་བསྐྲུན་རྒྱུ་དང་མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། མིག་སྔར་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་གཏིང་ཟབ་འགྲོ་བཞིན་ཡོད་པ་དང་། རྒྱལ་སྤྱིའི་སྟོབས་ཤུགས་ཀྱི་འགྲན་རྩོད་ལ་འགྱུར་ལྡོག་གཏིང་ཟབ་པོ་འགྲོ་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་དང་འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་གཙོ་བོ་གཉིས་ཡིན་པའི་ངོས་ནས། ཀྲུང་ཨུར་གཞན་ལ་དཀྲི་ཐབས་མེད་པའི་འགན་འཁྲི་ཡོད་པས། ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་འཛམ་གླིང་བཅོས་སྐྱོང་བྱ་རྒྱུ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རེ་སྒུག་བྱེད་པའི་ཁ་ཕྱོགས་དང་འཚམ་པར་མདུན་སྐྱོད་བྱ་རྒྱུར་ཁྲིད་སྟོན་དང་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་པོས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། ཐུན་མོང་ཐོག་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ནང་སྲིད་ལ་ཐེ་ཞུས་བྱེད་པར་བཀག་འགོག་བྱེད་དགོས། རྒྱལ་སྤྱིའི་བྱ་དོན་དང་ལྷག་པར་དུ་མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས། འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་སྒྲིག་གཞི་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་མཐུན་སྦྱོར་རོགས་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། དོན་ངོ་མའི་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་བ་དང་། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་བྱེད་པ། འཛམ་གླིང་ཧྲིལ་པོའི་རིམས་ནད་རྗེས་ཀྱི་དཔལ་འབྱོར་སླར་གསོར་སྐུལ་འདེད་གཏོང་བ། སྣ་མང་ཅན་གྱི་འཕེལ་ཚུལ་ལ་སྐུལ་འདེད་གཏོང་བ། འཛམ་གླིང་བཅོས་སྐྱོང་མ་ལག་བསྒྱུར་བཅོས་དང་འཐུས་སྒོ་ཇེ་ཚང་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་དགོས་ཞེས་བསྟན་གནང་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་རྒྱལ་ཁབ་གཉིས་པོའི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བས་ཁྱབ་ཁོངས་ཁག་གི་མཉམ་ལས་གནས་ཚུལ་སྙན་སེང་ཞུས་པར་གསན་པ་རེད།
ཞི་ཅིན་ཕིང་གིས། ཕྱོགས་གཉིས་པོའི་ཐུན་མོང་གི་འབད་བརྩོན་འོག རྒྱལ་ཁབ་གཉིས་པོའི་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་དང་། ཁེ་ཕན་མཉམ་འདྲེས་བྱེད་ཚད། དམངས་སེམས་འབྲེལ་མཐུད་ཐུབ་ཚད་བཅས་ཟམ་མི་ཆད་པར་གཏིང་ཟབ་ཏུ་ཕྱིན་པ་དང་། དཔལ་འབྱོར་ཉོ་ཚོང་དང་། མ་འཇོག ནུས་རྒྱུ། མི་ཆོས་རིག་གནས། ས་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་རྒྱུན་མཐུད་སྐུལ་འདེད་ཐེབས་ནས། མཉམ་ལས་ཀྱི་ཁྱབ་ཁོངས་ཟམ་མི་ཆད་པར་རྒྱ་སྐྱེད་ཐུབ་ཡོད་ཅིང་། ཐུན་མོང་ངོས་འཛིན་མུ་མཐུད་ཤུགས་ཆེར་ཕྱིན་ཡོད། ད་ལོ་ནི་ཀྲུང་གོས་ཁྱོན་ཡོངས་ནས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་འགོ་ཚུགས་པའི་ལོ་ཡིན་པས། ང་ཚོས་གོང་འཕེལ་གྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པ་དང་། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་ཨུའི་མཉམ་ལས་ལ་མི་མངོན་པའི་སྟོབས་ཤུགས་དང་བར་ཁམས་ཧ་ཅང་ཆེན་པོ་ཡོད་ཅིང་། འཐབ་ཇུས་རང་བཞིན་དང་། ཡིད་རྟོན་རང་བཞིན། བརྟན་ལྷིང་རང་བཞིན་བཅས་ལྡན་ཡོད། ཕྱོགས་གཉིས་པོས་མཐུན་སྦྱོར་ལ་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་ནས། ནུས་རྒྱུ་དང་། ཐོན་ཁུངས། འཕྲུལ་གློག་ཐོན་རྫས་སོགས་སྲོལ་རྒྱུན་ཉོ་ཚོང་རྒྱ་སྐྱེད་གཏོང་བ་དང་། ཐུན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་ལྡེམ་ཤུགས་རྒྱུན་མཐུད་ངང་ཤུགས་ཆེར་གཏོང་བ། ཆ་འཕྲིན་ལག་རྩལ་དང་། གྲངས་འཛིན་དཔལ་འབྱོར། ཞིང་ལས། ཞབས་ཞུ་ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་དགོས། གསར་གཏོད་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང། མངའ་ཁོངས་བརྒལ་བའི་ཟོག་འདྲེན་སྐྱེལ་འདྲེན་ཤར་བགྲོད་ཐུབ་པ་བྱེད་དགོས། མི་ཆོས་རིག་གནས་སྤེལ་རེས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། མཛའ་གྲོགས་ཞིང་ཆེན་དང་མངའ་སྡེ་དང་། མཛའ་གྲོགས་གྲོང་ཁྱེར་དབར་སྤེལ་རེས་རྒྱ་སྐྱེད་གཏོང་རྒྱུར་སྐུལ་འདེད་གཏོང་བ། ཀྲུང་ཨུའི་ལུས་རྩལ་སྤེལ་རེས་ལོ་མུ་མཐུད་ཡག་པོ་གཉེར་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མི་སྣ་འགྲོ་འོང་ལ་སྐུལ་འདེད་གཏོང་ཆེད་མཐུན་རྐྱེན་བསྐྲུན་དགོས་ཞེས་བསྟན་གནང་ཡོད།
ཕུའུ་ཅིང་གིས། ཨུ་རུ་སུ་ཕྱོགས་ཀྱིས་སླར་ཡང་ཀྲུའུ་ཞི་ཞི་ཅིན་ཕིང་འདེམས་ཤོག་ཆ་ཚང་ཐོབ་ནས་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་འགན་གནས་བསྟུད་འཛིན་ཐུབ་པ་དང་ཀྲུང་གོའི་སྐབས་གསར་པའི་སྲིད་གཞུང་གྲུབ་པར་སྤྲོ་སེམས་རབ་ཏུ་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན། མིག་སྔར་ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་གོང་འཕེལ་ཧ་ཅང་ཡག་པོ་བྱུང་ནས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་འཕེལ་རིམ་ཆེན་པོ་ཐོན་པ་དང་། སྲིད་གཞུང་དང་ཁྲིམས་འཛུགས་ལས་ཁུངས། དེ་བཞིན་བང་རིམ་ཁག་དང་ཁྱབ་ཁོངས་ཁག་བཅས་ཀྱི་སྤེལ་རེས་མཉམ་ལས་ཧ་ཅང་འཁྲུག་པོ་ཡོད། ཏོག་གསར་གློ་ཚད་རིམས་ནད་སོགས་རྙོག་འཛིང་ཆེ་བའི་ཕྱི་རོལ་གྱི་ཁོར་ཡུག་འོག ཨུ་ཀྲུང་གི་ཕྱོགས་གཉིས་ཉོ་ཚོང་ལྡོག་འཕར་བྱུང་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་སྤེལ་རེས་ཐབས་ལམ་ཀྱི་ནུས་པ་འདོན་སྤེལ་བྱེད་པ་མ་ཟད་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་དང་མ་འཇོག ནུས་པའི་འབྱུང་ཁུངས། མཁའ་སྐྱོད། ས་ཁོངས་བརྒལ་བའི་འགྲིམ་འགྲུལ་ཟོག་འདྲེན་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་འཕེལ་ཚུལ་གསར་པ་ཐོན་རྒྱུར་སྐུལ་འདེད་གཏོང་བ་དང་། ལུས་རྩལ་དང་ཡུལ་སྐོར། ས་གནས་སོགས་མི་ཆོས་རིག་གནས་སྤེལ་རེས་ཆུ་ཚད་གསར་པ་ཞིག་གི་ཐོག་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཐའེ་ཝན་དང་ཤང་ཀང་། ཤིན་ཅང་བཅས་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྲུང་གོས་རང་ངོས་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཀྲུང་གོའི་ཕྱོགས་ནས་སོ་ཐེ་དང་དབྱི་རན་དབར་གྱི་པེ་ཅིང་གི་སྐད་ཆ་ཤོད་རེས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་བ་ལེགས་གྲུབ་བྱུང་བར་རྟེན་འབྲེལ་ཞུ་རྒྱུ་ཡིན། དེའི་ཐོག་ནས་ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་གལ་ཆེའི་གནས་བབ་དང་དགེ་མཚན་ལྡན་པའི་ཤུགས་རྐྱེན་གང་ལེགས་མངོན་ཡོད། ཨུ་རུ་སུ་ཕྱོགས་ནས་ཀྲུང་གོའི་ཕྱོགས་ཀྱིས་སྔ་བར་ཕྱི་གསུམ་དུ་རྒྱལ་སྤྱིའི་བྱ་དོན་ནང་གཞུང་དྲང་གི་ལངས་ཕྱོགས་རྒྱུན་འཁྱོངས་བྱེད་པར་བསྔགས་བརྗོད་ཞུ་གི་ཡོད་པ་དང་། ཀྲུང་གོའི་ཕྱོགས་ནས་བཏོན་པའི་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ་དང་གོ་ལ་ཧྲིལ་པོའི་གོང་འཕེལ་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་བཅས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། ཀྲུང་གོའི་ཕྱོགས་དང་རྒྱལ་སྤྱིའི་རོགས་ལས་སྔར་བས་ཟབ་ཏུ་གཏོང་འདོད་ཀྱང་ཡོད་ཅེས་གསུངས་ཡོད་པ་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས། ད་ཐེངས་ཀྱི་འཚམས་འདྲིའི་རིང་ཕྱོགས་གཉིས་པོས་སྤེལ་རེས་གཏིང་ཟབ་བྱས་པ་དང་། དེའི་ནང་དོན་ཕུན་སུམ་ཚོགས་ལ་ཁྱོན་ཡོངས་རང་བཞིན་ལྡན་པས། ཨུ་ཀྲུང་གི་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་ཟླའི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་སྒུལ་ཤུགས་གསར་པ་སྣོན་རྒྱུ་ཡིན་པའི་ངོས་འཛིན་གནང་ཡོད་པ་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་རྒྱལ་ཁབ་གཉིས་པོའི་འབྲེལ་ཡོད་སྡེ་ཁག་ལ་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་ཐུན་མོང་ངོས་འཛིན་ལྟར་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་གཞོགས་འདེགས་དམ་ཟབ་བྱས་ནས་རྒྱལ་ཁབ་གཉིས་པོའི་དངོས་གཉེར་མཉམ་ལས་ལ་གོང་འཕེལ་གསར་པ་སྔར་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་རང་ངོས་གོང་འཕེལ་དར་རྒྱས་ཡོང་རྒྱུར་རམ་འདེགས་བྱེད་དགོས་པའི་འགན་འཁྲི་སྤྲད་ཡོད་པ་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་མུ་མཐུད་དེ་རྣམ་པ་མི་འདྲ་བ་བརྒྱུད་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱས་ནས་ཀྲུང་ཨུའི་འབྲེལ་བ་བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུར་མཉམ་དུ་ཁྲིད་སྟོན་བྱ་རྒྱུར་མོས་མཐུན་གནང་ཡོད་པ་རེད།
མཇལ་མོལ་གནང་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས༽དང་༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་གི ༢༠༢༣ ལོའི་གོང་གི་ཀྲུང་གོ་དང་ཨུ་རུ་སུའི་དཔལ་འབྱོར་མཉམ་ལས་ཀྱི་གཙོ་གནད་ཁ་ཕྱོགས་གོང་འཕེལ་འཆར་འགོད་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས༽ལ་མཉམ་དུ་མཚན་བཀོད་གནང་ཡོད་པ་རེད།
འཚམས་འདྲིའི་རིང་ཕྱོགས་གཉིས་པོས་ད་དུང་ཞིང་ལས་དང་ནགས་ལས། རྨང་གཞིའི་ཚན་ཞིབ། ཁྲོམ་ར་ལྟ་འདོམས། སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་མཉམ་ལས་ཡིག་ཆར་མཚན་བཀོད་གནང་བ་དང་རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ད་དུང་ལྷན་དུ་གསར་འགོད་པ་དང་ཐུག་འཕྲད་ཀྱང་གནང་ཡོད་པ་རེད།
ཉིན་དེ་རང་གི་དགོང་མོ། ཕུའུ་ཅིང་གིས་ཁེ་ལི་མུ་ལིན་ཕོ་བྲང་དུ་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་གསོན་སྟོན་གཟབ་རྒྱས་བཤམས་ཡོད་པ་རེད།
ཚའེ་ཆི་དང་ཝང་དབྱི། ཆིང་ཀང་བཅས་དང་དེ་བཞིན་ཨུ་རུ་སུ་རྒྱལ་ཁབ་མཉམ་འབྲེལ་སྲིད་གཞུང་གི་འགོ་ཁྲིད་པ་གོང་གསལ་བྱེད་སྒོར་ཞུགས་ཡོད་པ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
༄༅།།ཞི་ཅིན་ཕིང་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་གླེང་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ། སྐབས༡༤པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོ་འཚོགས་པ། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ། ཀྲུང་གུང་ཀྲུང་དབྱང་གིས་དམངས་གཙོའི་གྲོས་མོལ་ཚོཊ་འདུ་འཚོཊ།