སྤྱི་ཟླ ༤ ཚེས ༡༩ ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཀ་པོན་གྱི་ཙུང་ཐུང་པང་ཀེ་དང་མཇལ་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་ཀ་པོན་གྱི་ཕྱོགས་ཡོངས་མཉམ་ལས་རོགས་ཟླའི་འབྲེལ་བ་དེ་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་རིམ་པ་སྤོར་རྒྱུའི་གཏན་འབེབས་གནང་བ་རེད།
ཞི་ཅིན་ཕིང་གིས་པང་ཀེ་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས་ཡོད། ཞི་ཅིན་ཕིང་གིས། སང་ལོ་ང་ཚོས་ཀྲུང་གོ་དང་ཀ་པོན་དབར་ཕྱི་འབྲེལ་བཙུགས་ནས་ལོ ༥༠ འཁོར་བར་བསུ་བ་ཞུ་རྒྱུ་རེད། དུས་རབས་ཕྱེད་ཀ་ལྷག་ཙམ་རིང་། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་རབས་ཁ་ཤས་ཀྱི་ཐུགས་ཁུར་དང་སྣེ་ཁྲིད་འོག ཀྲུང་གོ་དང་ཀ་པོན་གྱི་མཛའ་གྲོགས་ཐོག་མཐའ་བར་གསུམ་དུ་བརྟན་དུ་ཕྱིན་ཡོད། ཕྱོགས་གཉིས་པོས་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་ཁེ་ཕན་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱས་ཡོད། ཀྲུང་གོ་ནི་ཀ་པོན་གྱི་ལྷག་བསམ་དག་པའི་གྲོགས་པོ་ཡིན། ད་ཐེངས་ཁྱེད་རང་ཀྲུང་གོར་འཚམས་འདྲིར་ཕེབས་པ་དེའི་ཐོག་ནས་ཀྲུང་གོ་དང་ཀ་པོན་དབར་གྱི་འབྲེལ་བའི་གལ་ཆེའི་རང་བཞིན་དང་ཆུ་ཚད་མཐོ་པོ་སླར་ཡང་གང་ལེགས་མངོན་ཡོད། ཀྲུང་གོ་དང་ཀ་པོན་དབར་གྱི་འབྲེལ་བར་རྒྱུན་མཐུད་ངང་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་ཐུན་མོང་དང་ཕུགས་ཀྱི་ཁེ་ཕན་དང་མཐུན་ཡོད་ལ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་བའི་ཐད་དཔེ་སྟོན་གྱི་ནུས་པ་གལ་ཆེན་ཡང་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀ་པོན་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཀ་པོན་གྱི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་འདུག
ཞི་ཅིན་ཕིང་གིས། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་ལ། ཀ་པོན་གྱིས་ཀྱང་སྔ་ཙམ་ནས་གསར་དར་ཀ་པོན་བསྐྲུན་རྒྱུའི་འཐབ་ཇུས་དམིགས་ཚད་མངོན་འགྱུར་ཡོང་རྒྱུར་དམ་པ་དོན་དུ་གཉེར་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀ་པོན་ཕྱོགས་དང་མཉམ་དུ་རྒྱལ་སྐྱོང་སྲིད་འཛིན་སྐོར་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། འཐབ་ཇུས་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ། ཕྱོགས་གཉིས་པོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀ་པོན་ཕྱོགས་ནས་རྒྱལ་ཁབ་དེ་གའི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཀ་པོན་ཕྱོགས་དང་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ནགས་ལས། ཉ་ལས། གྲངས་འཛིན་དཔལ་འབྱོར། ཐོན་ལས་གླིང་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཀ་པོན་གྱི་དཔལ་འབྱོར་སྣེ་མང་འཕེལ་རྒྱས་དང་ཐོན་ལས་རིམ་སྤོར་ལ་རྒྱབ་སྐྱོར་བྱེད་པ། སྦགས་མེད་ཀྱི་རྒྱུད་གཅིག་ལམ་གཅིག ཐུན་མོང་ཐོག་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་གྱི་མཉམ་ལས་ཀྱི་མིག་དཔེ་གཏོད་འདོད་ཡོད། ཕྱོགས་གཉིས་པོས་མི་ཆོས་རིག་གནས་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ་དང་། ཡུལ་སྐོར་དང་། གྲོང་གསེབ་དར་རྒྱས། དབུལ་ཕོངས་ཉུང་གཏོང་དང་ཞིང་ཕན་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཕྱོགས་གཉིས་པོས་ད་དུང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྟེགས་བུར་འཐབ་ཇུས་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀ་པོན་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ ༥༠ འཁོར་མཚམས་སུ། ཕྱོགས་གཉིས་པོའི་མཛའ་གྲོགས་མཉམ་ལས་ཐད་གྲུབ་འབྲས་སྔར་བས་ཆེ་བ་ཐོབ་པ་བྱ་འདོད་ཡོད་ཅེས་ནན་སྟོན་གནང་འདུག
ཞི་ཅིན་ཕིང་གིས། དེང་སྐབས་ཀྱི་འཛམ་གླིང་ཐོག་འགྲན་སློང་མང་པོ་དང་ཉམས་ཉེན་སྣ་ཚོགས་མཉམ་དུ་འདྲེས་ཡོད་པས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དབར་གྱི་མཐུན་སྒྲིལ་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ་དེ་དེ་སྔའི་དུས་ཚོད་གང་རུང་ཞིག་ལས་ཀྱང་དགོས་གལ་ཆེ་བ་ཡོད། ཕྱོགས་གཉིས་པོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་མཉམ་ལས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་སོགས་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་མཐའ་འཁྱོངས་བྱེད་པ། རྣམ་པ་གང་རུང་གི་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱ་རྒྱུར་ངོ་རྒོལ་བྱེད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁས་དམིགས་བསལ་ཁྱད་ཆོས་ལྡན་པ་དང་རང་བཙན་རང་བདག་གི་འཕེལ་རྒྱས་ལམ་བུར་བསྐྱོད་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཨ་ཧྥེ་རི་ཁའི་འབྲུ་རིགས་བདེ་འཇགས་དང་། བཟོ་ལས་ཅན་གྱི་འཕེལ་རིམ། སྦགས་མེད་འཕེལ་རྒྱས་བཅས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞིང་། ཨ་ཧྥེ་རི་ཁ་ཉིད་འཛམ་གླིང་གི་ཆབ་སྲིད་དང་། དཔལ་འབྱོར། ཤེས་དཔལ་བཅས་འཕེལ་རྒྱས་གཏོང་བའི་གལ་ཆེའི་སྣེ་ཞིག་ཏུ་འགྱུར་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་མ་ཟད། རང་ངོས་ཀྱི་འཕེལ་རྒྱས་གསར་པར་བརྟེན་ནས་ཨ་ཧྥེ་རི་ཁ་ཕྱོགས་ལ་གོ་སྐབས་གསར་པ་འདོན་སྤྲོད་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་དངོས་གཉེར་མཉམ་ལས་དེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་གྱི་མཉམ་ལས་དང་རྒྱལ་སྤྱིས་ཨ་ཧྥེ་རི་ཁ་དང་མཉམ་ལས་བྱེད་པའི་མིག་དཔེར་འགྱུར་བར་བྱེད་འདོད་ཡོད་ཅེས་བསྟན་འདུག
པང་ཀེས། ཀྲུའུ་ཞི་ཞི་ཅིན་ཕིང་སླར་ཡང་བདམས་ཐོན་བྱུང་ནས་ཡུན་རིང་མ་སོང་བར་ང་རང་གདན་ཞུས་ལྟར་ཀྲུང་གོར་འཚམས་འདྲི་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ངས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་དང་ཀྲུང་གོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་བདེ་བླག་ངང་སྐོང་ཚོགས་བྱས་པར་སླར་ཡང་རྟེན་འབྲེལ་ཞུ་རྒྱུ་ཡིན། ཚོགས་འདུ་གཟབ་རྒྱས་དེ་གཉིས་ཀྱི་ཐོག་ནས་ཀྲུང་གོ་མི་དམངས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཡིད་ཆེས་ཆེན་པོ་བྱེད་པ་གང་ལེགས་མཚོན་པ་མ་ཟད། ཀྲུང་གོས་མུ་མཐུད་དར་རྒྱས་གོང་འཕེལ་གཏོང་བའི་ལམ་བུའི་ཐོག་གྲུབ་འབྲས་དེ་བས་མང་བ་ལེན་རྒྱུར་ང་ཚོར་ཡིད་ཆེས་དེ་བས་བརྟན་པོ་ཡོད། ཀ་པོན་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་བཅས་དང་དེ་བཞིན་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་པ་སོགས་ཀྱི་འདུ་ཤེས་གལ་ཆེན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀ་པོན་དང་ཀྲུང་གོ་ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཆེན་པོ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ཀ་པོན་ལ་རྩ་ཆེའི་རོགས་རམ་བྱས་ཏེ། ཀ་པོན་གྱི་དཔལ་འབྱོར་སྣེ་མང་ཅན་གྱི་འཕེལ་རྒྱས་དང་བཟོ་ལས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཕྱོགས་གཉིས་པོས་རྨང་གཞིའི་སྒྲིག་བཀོད་དང་། ཞིང་ལས། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད། ཀྲུང་གོའི་ཁེ་ལས་ཀ་པོན་གྱི་བཟོ་ལས་གླིང་འཛུགས་སྐྲུན་ནང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་དང་། ཀྲུང་གོའི་ཁེ་ལས་ལ་ཁོར་ཡུག་བཟང་པོ་ཞིག་གཏོད་འདོད་ཡོད། ཀ་པོན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་སང་ལོ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ ༥༠ འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་ཐོག མཛའ་གྲོགས་མཉམ་ལས་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། རྒྱལ་སྤྱིའི་བྱ་དོན་མང་པོའི་ཁྲོད་ཀ་པོན་དང་ཀྲུང་གོའི་ལངས་ཕྱོགས་གཅིག་པ་ཡིན་པའམ་ཡང་ན་འདྲ་མཚུངས་ཡིན་པ་དང་། ཚང་མས་རྒྱལ་ཁབ་ཁག་གི་བདག་དབང་ལ་བརྩི་འཇོག་དང་། རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱ་རྒྱུར་ངོ་རྒོལ་བྱེད་པ། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཆབ་སྲིད་ཅན་དུ་འགྱུར་བའམ་ཚད་གཞི་ཉིས་བརྩེགས་ལག་བསྟར་བྱ་རྒྱུར་ངོ་རྒོལ་བྱེད་ཀྱི་ཡོད། ཀ་པོན་གྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་གི་འཐབ་ཇུས་མཉམ་ལས་མུ་མཐུད་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་དང་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་དེ་བས་ལེགས་པའི་སྒོ་ནས་འཕེལ་རྒྱས་དང་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་འདུག
གྲོས་མོལ་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མ་འཇོག་དང་། ཞིང་ལས། སྡོད་ཁང་། གྲོང་ཁྱེར་འཛུགས་སྐྲུན། གནམ་གཤིས་འགྱུར་ལྡོག་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་འགོད་པར་བདེན་དཔང་གནང་ཡོད།
ཕྱོགས་གཉིས་པོས༼ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཀ་པོན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས༽སྤེལ་བ་རེད།
གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་པང་ཀེར་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་བ་རེད།
པང་ཀེ་ཕེབས་འབྱོར་ཟིན་སྐབས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་གུས་ལུགས་མེ་སྒྱོགས་ཐེངས ༢༡ བརྒྱབ་པ་དང་གུས་ལུགས་དམག་གིས་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས་ཡོད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུའི་ཐོག་ཕེབས་པ་དང་། དམག་མིའི་རོལ་ཆ་ཚོགས་པས་ཀྲུང་གོ་དང་ཀ་པོན་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་ཡོད། པང་ཀེས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་གི་དམག་རིགས་རྣམ་འབྱེད་རུ་སྟར་ལ་གཟིགས་པ་རེད།
ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་དང་པང་ཀེའི་སྐུ་ཟླ་ཤིའར་ཝེ་ཡ་ལྷན་དུ་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས་ཡོད།
ཉིན་དེའི་དགོང་མོ། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་པང་ཀེ་དང་སྐུ་ཟླ་ཤིའར་ཡེ་ཡར་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་ཡོད།
ཝང་དབྱི་དང་ཆིན་ཀང་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད།