ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧོ་པེ་རུ་རྟོག་ཞིབ་གནང་བ་དང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས། སེམས་ཤུགས་ཆེ་རུ་གཏོང་བ་དང་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས། གོ་སྐབས་དམ་འཛིན་དང་། འགྲན་རྩོད་བྱེད་ཕོད་པ། ཉམས་ཉེན་སེལ་བ། གོ་སྐབས་སྔོན་འཚོལ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། དེ་བས་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་སྣང་ཐོག་ནས་ལས་དོན་ཁག་ལ་སྐུལ་འདེད་གཏོང་བ། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་གྱི་འཕེལ་རྒྱས་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་གྱི་སྔོན་སྐྱོད་ཁུལ་དང་དཔེ་སྟོན་ཁུལ་དུ་འགྱུར་རྒྱུར་འབད་བརྩོན་བྱེད་དགོས་པའི་ནན་སྟོན་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་བཞུགས་མོལ་ཚོགས་འདུར་ཞུགས་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་ནས་རྟོག་ཞིབ་གནང་བར་ཕེབས་རོགས་ཞུས་པ་མ་ཟད་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།
སྤྱི་ཟླ ༥ ཚེས ༡༡ ནས་ཚེས ༡༢ ཉིན་བར་ཧོ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཉི་ཡུའེ་ཧྥུང་དང་གྲོང་སྤྱི་ཝང་ཀྲེང་ཕུའུ་ཡི་ཕེབས་རོགས་འོག ཞི་ཅིན་ཕིང་གིས་སྔ་རྗེས་སུ་ཚང་ཀྲོའུ་དང་ཧྲི་ཅ་ཀྲོང་སོགས་སུ་ཕེབས་ནས་གྲོང་གསེབ་དང་། གྲུ་ཁ། ཚན་ཞིབ་ཚན་པ་སོགས་སུ་ཕེབས་ཏེ་ས་གནས་ས་ཐོག་ཏུ་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་འགྲོ་ཚུལ་མཁྱེན་རྟོགས་གནང་བ་རེད།
སྤྱི་ཚེས ༡༡ ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་ཚང་ཀྲོའུ་གྲོང་ཁྱེར་དུ་ཕེབས་ཏེ་ཧོང་ཧྭ་གྲོང་ཁྱེར་གྱི་གྲོང་རྡལ་རྙིང་པའི་ཞན་ཀྲོང་ཡུག་ཁུལ་གྱི་བ་ཚྭ་ཅན་གྱི་གྲོ་ཞིང་ནང་རྟོག་ཞིབ་གནང་ནས་ས་ཞིང་བ་ཚྭ་ཅན་གྱི་བཅོས་སྒྲིག་དང་། ཐན་བུལ་གྲོ་འདེབས་འཛུགས། དེ་བཞིན་ཐོན་ལས་ཅན་གྱི་གནས་ཚུལ་བཅས་མཁྱེན་རྟོགས་གནང་བ་རེད། གྲོ་ཞིང་ནང་ཕེབས་ནས་གྲོའི་སྐྱེ་འཚར་ལ་གཟིགས་ཞིབ་གནང་བ་མ་ཟད། ཞིང་ནང་དུ་ངལ་རྩོལ་བྱེད་བཞིན་པའི་འདེབས་འཛུགས་དུད་ཚང་དང་ཞིང་ལས་ལག་རྩལ་གྱི་རིགས་གཅིག་མཁས་ཅན་ལ་ཐན་བུལ་གྲོའི་ཐོན་ཚད་དང་། རིན་གོང་། སྤུས་ཚད། ཡོང་འབབ་སོགས་ཀྱི་ཐད་བཀའ་འདྲི་གནང་བ་རེད། ཞི་ཅིན་ཕིང་གིས། བ་ཚྭའི་ས་ཆ་ཕྱོགས་བསྡུས་བེད་སྤྱོད་བྱ་རྒྱུ་ནི་འཐབ་ཇུས་ཀྱི་གནད་དོན་ཞིག་ཡིན་པས། ངེས་པར་དུ་གནས་བབ་གལ་ཆེན་ཐོག་འཇོག་དགོས། རང་རྒྱལ་དུ་ས་ཞིང་བ་ཚྭ་ཅན་མང་པོ་ཡོད་པ་དང་། གསར་སྤེལ་གྱི་མངོན་མེད་སྟོབས་ཤུགས་ཆེ་བའི་དོན་དངོས་ལ་གཞི་ཚུགས་ནས་ཚན་རྩལ་གསར་གཏོད་ཀྱི་འགག་རྩའི་ནུས་པ་འདོན་སྤེལ་བྱེད་པ་དང་། ས་ཞིང་བ་ཚྭ་ཅན་སྒྱུར་བཀོད་རིམ་སྤོར་བྱེད་ཤུགས་ཆེ་རུ་གཏོང་བ། ས་ཞིང་བ་ཚྭ་ཅན་ལ་འཚམ་པའི་སྐྱེ་དངོས་ཀྱི་ས་བོན་གསར་སྤེལ་དང་ཁྱབ་གདལ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། དེ་ལ་གང་འཚམ་གྱི་སྐྱེ་དངོས་འདེབས་ཁྱོན་ནུས་ལྡན་ངང་རྒྱ་ཆེར་གཏོང་བ། ལས་སྣོན་ཞིབ་ཚགས་ཧུར་ཐག་བྱེད་པ་དང་འཕེལ་རྒྱས་གཏོང་བ། བ་ཚྭ་ཅན་གྱི་ས་ཞིང་གི་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་འདུག
སྤྱི་ཚེས ༡༡ ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་ཧོང་ཧྭ་རྡོ་སོལ་གྲུ་ཁའི་གྲུ་ཁར་ཕེབས་ནས་ཧོ་པེ་ཞིང་ཆེན་གྱི་གྲུ་ཁ་ཟླ་སྒྲིལ་འཕེལ་རྒྱས་དང་། ཧོང་ཧྭ་གྲུ་ཁའི་ཐོན་སྐྱེད་གཉེར་སྐྱོང་། འཕེལ་རྒྱས་འཆར་འགོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་གིས། ཧོ་པེའི་ཁུལ་ཁོངས་ལེགས་ཆ་དམིགས་བསལ་ཡིན་པ་དང་མཚོ་ཐོག་སྐྱེལ་འདྲེན་གྱི་ཆ་རྐྱེན་སྟབས་བདེ་ཡིན་པས། གྲུ་ཁ་གཞན་སྒྱུར་རིམ་སྤོར་དང་ཐོན་ཁུངས་ཟླ་སྒྲིལ་གཏོང་བར་མུ་མཐུད་སྐུལ་འདེད་གཏོང་བ་དང་། གྲུ་ཁའི་ནུས་པ་བཀོད་སྒྲིག་བྱ་ཚུལ་ལེགས་སུ་གཏོང་བ། རང་འགུལ་ངང་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་དང་། ཚད་གཞི་དང་སྤུས་ཚད་མཐོ་བའི་སྒོ་ནས་ཞུང་ཨན་ཁུལ་འཛུགས་སྐྲུན་བྱེད་པ། རྒྱུད་གཅིག་ལམ་གཅིག མཉམ་སྐྲུན་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་དགོས་མཁོ་གལ་ཆེན་དང་འབྲེལ་མཐུད་བྱས་ཐོག ས་ཁོངས་དཔལ་འབྱོར་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྲུན་པའི་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་དགོས། ཧོང་ཧྭ་གྲུ་ཁ་ནི་རང་རྒྱལ་གྱི་ནུབ་ཀྱི་རྡོ་སོལ་ཤར་འདྲེན་དང་བྱང་གི་རྡོ་སོལ་ལྷོ་འདྲེན་གྱི་ལྟེ་བའི་གྲུ་ཁ་གལ་ཆེན་ཞིག་ཡིན་པས་གྲུ་ཁའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱེད་པ། ནུས་པ་མང་བ་དང་། ཕྱོགས་བསྡུས་རང་བཞིན། དེང་རབས་ཅན་བཅས་ཀྱི་གྲུ་ཁ་ཆེན་པོ་ཞིག་ཏུ་གཏོད་དགོས་ཞེས་ནན་སྟོན་གནང་བ་རེད།
སྤྱི་ཚེས ༡༢ ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་ཧྲི་ཅ་ཀྲོང་གྲོང་ཁྱེར་གྱི་ཀྲུང་གོ་གློག་རྡུལ་ཚན་རྩལ་ཁོ་ཐོན་ལས་རྨང་གཞིའི་ཞིབ་འཇུག་ཁང་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་པ་དང་། ཁེ་ལས་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་། དམག་དམངས་མཉམ་འདྲེས་འཕེལ་རྒྱས་ལ་ཤུགས་སྣོན། རང་བརྟེན་འགན་ལེན་ནུས་པ་ཆེར་གཏོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། ཐོན་སྐྱེད་འཁོར་ཁང་དུ་ཉིང་ལྷེབ་ཐོན་སྐྱེད་བརྒྱུད་རིམ་ལ་ལྟ་ཞིབ་གནང་ཡོད། ཞི་ཅིན་ཕིང་གིས། ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་འདེགས་སྐྱོར་ཞིག་ཡིན་པས། ངེས་པར་དུ་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་དམིགས་པ་དང་། འགག་རྩའི་གསར་གཏོད་ཐོན་ཁུངས་བརྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱེད་པ། ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་ཀྱི་ལེགས་ཆ་འདོན་སྤེལ་བཅས་བྱས་ནས། འགག་རྩའི་ལྟེ་བའི་ལག་རྩལ་ཐད་ཚད་བརྒལ་གསར་པ་ཡོང་བ་བྱེད་དགོས་ཞེས་བསྟན་ཡོད། ཁོང་ནས་ཚན་རྩལ་ལས་དོན་པར་ཡང་འབད་བསྐྱར་འབད་དང་ཚན་རྩལ་གྱི་ཡང་རྩེར་འཛེགས་པ་དང་མདུན་གྲས་ལག་རྩལ་ཟམ་མི་ཆད་པར་འགག་སྒྲོལ་བྱས་ཏེ། ཚན་རྩལ་ལ་བརྟེན་ནས་རང་ཚུགས་དང་རང་སྟོབས་རང་འཕེལ་གྱི་རྒྱལ་ཁབ་ཆེན་པོའི་སྒྲིག་ཆས་གལ་ཆེན་དེ་བས་མང་བ་གཏོད་དགོས་པའི་སྐུལ་ལྕག་གནང་བ་རེད།
དེ་རྗེས་ཞི་ཅིན་ཕིང་གིས་ཧྲི་ཅ་ཀྲོང་གྲོང་ཁྱེར་རྒྱལ་སྤྱིའི་སྐྱེ་དངོས་སྨན་རྫས་གླིང་གི་འཆར་འགོད་འགྲེམས་སྟོན་ཁང་ལ་རྟོག་ཞིབ་གནང་བ་དང་། ཧྲི་ཅ་ཀྲོང་སྐྱེ་དངོས་སྨན་རྫས་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་གྱི་སྙན་སེང་ཞུས་པར་གསན་པ་རེད། སྨན་རྫས་ཐོན་རྫས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་ནས་སྨན་རྫས་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་བྱས་ཚུལ་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་གིས། སྐྱེ་དངོས་ཀྱི་སྨན་རྫས་ཐོན་ལས་ནི་རྒྱལ་ཇུས་དམངས་འཚོ་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཤིག་རེད། རྨང་གཞིའི་ཞིབ་འཇུག་དང་ཚན་རྩལ་གསར་གཏོད་བྱེད་ནུས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། སྐྱེ་དངོས་སྨན་རྫས་ཐོན་ལས་འཕེལ་རྒྱས་གཏོང་བའི་སྲོག་རྩ་ང་ཚོ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས། མི་དམངས་གོང་མའི་གོང་དུ་བཀུར་བ་དང་ཚེ་སྲོག་རྩ་བའི་རྩེ་མོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཐོག ཀྲུང་གོ་བའི་ཚེ་སྲོག་གི་གཞི་རྒྱུ་རྒྱུན་འཛིན་དང་གཟུགས་པོའི་བྱང་ཚད་ཀྱི་ཁྱད་ཆོས་དང་འཚམ་པའི་ཀྲུང་གོའི་སྨན་རྫས་དེ་བས་མང་བ་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་བྱེད་པ་དང་། ལྷག་དོན་དུ་ཀྲུང་ལུགས་གསོ་རིག་སྨན་རྫས་རྒྱུན་འཛིན་གསར་གཏོད་དང་འཕེལ་རྒྱས་གཏོང་བར་ཤུགས་སྣོན་རྒྱག་དགོས་ཞེས་ནན་སྟོན་གནང་བ་རེད།
སྤྱི་ཚེས ༡༢ ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཧྲི་ཅ་ཀྲོང་གྲོང་ཁྱེར་དུ་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་གོང་འཕེལ་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཧོ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཉི་ཡུའེ་ཧྥུང་དང་། ཐེན་ཅིན་གྲོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་མིན་ཨེར་གྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་བ་དང་། པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་དབྱིན་ལི་ཡིས་ཡིག་ཐོག་གཏམ་བཤད་སྤེལ་ནས། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་ལས་ཀའི་གནས་ཚུལ་སྙན་སེང་ཞུས་ཁར་བསམ་འཆར་དང་གྲོས་འགོ་ཡང་བཏོན་ཡོད།
ཚང་མའི་གཏམ་བཤད་ལ་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་ཧོ་པེ་ཡི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་དང་། རེ་བར་ཧོ་པེ་ཡིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་སློབ་སྦྱོང་ལག་བསྟར་བྱེད་པ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་དང་། འཕྱུགས་མེད། ཁྱོན་ཡོངས་ནས་ལག་བསྟར་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་འཐབ་ཇུས་ལས་འགན་ཁོང་དུ་བརྟན་པོ་ཆུད་པ་བྱས་ཐོག གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ལམ་བུ་གསར་པ་གཏོད་པ་དང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཚད་གཞི་མཐོ་ཞིང་སྤུས་ཚད་ལེགས་པའི་སྒོ་ནས་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་བྱེད་པའི་ཁྲོད་འགན་འཁྲི་གསར་པ་འཁུར་བ། ཕྱོགས་ཡོངས་དང་། སྦགས་མེད། གཞན་སྒྱུར་བཅས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཚད་བརྒལ་གསར་པ་ཡོང་བ་བྱེད་པ། བསྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བའི་ཁྲོད་ལེགས་ཆ་གསར་པ་སྐྱེད་སྲིང་བྱེད་པ། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་ཁྲོད་བྱས་རྗེས་གསར་པ་འཇོག་པ། དཔལ་འབྱོར་སྟོབས་ཆེའི་ཞིང་ཆེན་དང་མཛེས་སྡུག་ལྡན་པའི་ཧོ་པེ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཧོ་པེ་ཡི་ལེའུ་འབྲི་བཞེངས་ཧུར་ཐག་བྱེད་དགོས་ཞེས་བསྟན་འདུག
ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཞིང་ཆེན་དང་གྲོང་ཁྱེར་གསུམ་གྱིས་བྱེད་པོའི་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་དང་ཚན་པས་རྒྱབ་སྐྱོར་དང་གཞོགས་འདེགས་ཤུགས་ཆེན་བྱས་ནས་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་འབོར་ཆེན་སྒྲུབ་པ། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་ལ་མངོན་གསལ་དོད་པའི་ཕན་འབྲས་གསར་པ་ཐོབ་པ། པེ་ཅིང་གི་རྒྱལ་སའི་བྱེད་ནུས་པ་མི་ལྡན་པའི་ནུས་པ་གསེད་བཀྲོལ་བྱས་པར་ཕན་འབྲས་རགས་ཙམ་ཐོན་པ། ཞུང་ཨན་ཁུལ་གསར་འཛུགས་སྐྲུན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པ། པེ་ཅིང་གྲོང་ཁྱེར་གྱི་ལྟེ་བ་ཕལ་པའི་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་གོམ་སྟབས་ཇེ་མགྱོགས་སུ་སོང་བ། ལྕགས་ལམ་ཐོག་གི་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མགྱོགས་མྱུར་གྲུབ་པ། མཛེས་སྡུག་དང་བདེ་སྡོད་ལ་འཚམ་པའི་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་འཛུགས་སྐྲུན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ། ཚན་རྩལ་གསར་གཏོད་དང་ཐོན་ལས་མཉམ་འདྲེས་གོང་འཕེལ་གྱི་ཆུ་ཚད་རྒྱུན་མཐུད་མཐོ་རུ་སོང་བ་བཅས་བྱུང་ཡོད། ལག་ལེན་གྱི་ཐོག་ནས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་སོགས་ས་ཁོངས་གོང་འཕེལ་གཏོང་བའི་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་གལ་ཆེན་ནི་རང་རྒྱལ་གྱི་དུས་རབས་གསར་པའི་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་དགོས་མཁོ་དང་མཐུན་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་ཡིན་པ་ར་འཕྲོད་བྱུང་ཡོད་ཅེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། པེ་ཅིང་གི་རྒྱལ་སའི་བྱེད་ནུས་མི་ལྡན་པ་གསེད་བཀྲོལ་བྱེད་པའི་འགག་རྩར་དམ་འཛིན་བྱས་ནས་ཡར་སྐྱེད་བརྟན་ལྷིང་དང་བརྟན་ཐོག་ཡར་འཕེལ་ཡོང་བ་བྱེད་པ་དང་། འཕར་ཚད་ཚོད་འཛིན་དང་གསོག་ཚད་ཉུང་གཏོང་ཟུང་འབྲེལ་བྱེད་པ། ནང་ངོས་ཀྱི་ནུས་པ་བསྐྱར་སྒྲིག་དང་ཕྱི་ཕྱོགས་སུ་ཁ་འགྲེམ་གཞན་སྒྱུར་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས། ཁ་འགྲེམ་ལས་དོན་ལ་ནུས་པ་ལྡན་པ་དང་། གོ་རིམ་ལྡན་པ། ཕན་ནུས་ལྡན་པ་བཅས་ཀྱི་སྒོ་ནས་སྐུལ་འདེད་གཏོང་དགོས། མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་ཕྱི་ཕྱོགས་སུ་ཁ་འགྲེམ་བྱ་རྒྱུར་དམ་འཛིན་ཤུགས་ཆེན་བྱས་ནས་ཁག་གཉིས་པར་གསེད་བཀྲོལ་བྱེད་འགོ་ཚུགས་པའི་པེ་ཅིང་གི་ཀྲུང་དབྱང་ཁེ་ལས་སྤྱི་ཁྱབ་པུའུ་དང་དེ་བཞིན་རིམ་པ་གཉིས་པ་དང་གསུམ་པའི་ཡན་ལག་ཀུང་སིའམ་ཡང་ན་གསར་གཏོད་ལས་སྒོ་སོགས་ལ་རྒྱུན་མཐུད་ཇུས་འགོད་བྱེད་དགོས། ཁ་འགྲེམ་ལ་སྐུལ་མ་གཏོང་བའི་ཚོད་འཛིན་སྲིད་ཇུས་ཀྱི་མ་ལག་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས། ཁྲོམ་རའི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་བྱེད་ཐབས་བརྒྱུད་ཕྱི་ཕྱོགས་སུ་ཁ་འགྲེམ་པའི་ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་བ་དང་། འབྱུང་རྩ་ནས་པེ་ཅིང་གི་རྒྱལ་སའི་བྱེད་ནུས་མི་ལྡན་པ་མང་དུ་འགྲོ་རྒྱུར་ཚོད་འཛིན་ནན་པོ་བྱེད་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། པེ་ཅིང་གི་གཞོགས་གཉིས་གསར་འཛུགས་ལ་ཚད་བརྒལ་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། པེ་ཅིང་གྲོང་ཁྱེར་གྱི་ལྟེ་བ་ཕལ་པའི་འཛུགས་སྐྲུན་བྱེད་སྐབས་ཞུང་ཨན་ཁུལ་གསར་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས། གཞོགས་གཉིས་ལ་མཉམ་དུ་ཤུགས་བརྒྱབ་སྟེ་པེ་ཅིང་གི་གྲོང་ཁྱེར་ཆེ་མོའི་ནད་གཞིའི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་དགོས། ལྟེ་བའི་གྲོང་ཁུལ་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་ཞོར་འདེགས་གཙོ་འགན་འཁུར་མཁན་དང་གཙོ་འགན་འཁུར་མཁན་དང་མཉམ་དར་ཡོང་བ་བྱེད་དགོས། ཁག་གཉིས་པའི་པེ་ཅིང་གྲོང་ཁྱེར་གྱི་སྲིད་འཛིན་ཁོངས་གཏོགས་ཀྱི་ཁེ་ལས་དང་བྱ་གཞག་ཚན་པའི་ལྟེ་བ་ཕལ་པ་གནས་སྤོ་བྱ་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་སྟེ། གསར་དུ་ཐོན་པའི་བར་མཐོང་དེ་དག་གཙོ་བོར་རྒྱལ་སའི་ལྟེ་བའི་ནུས་པའི་ཞབས་ཞུའི་འགན་ལེན་ལ་ཤུགས་སྣོན་རྒྱག་རྒྱུར་སྤྱོད་དགོས། མཐའ་འཁོར་ས་ཁུལ་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་མཐའ་འཁོར་འབྲེལ་མཚམས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ནི་རྒྱལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་ཀྱི་འབྱུང་ཁུངས་གལ་ཆེན་གསུམ་གྱི་གྲས་ཤིག་ཡིན་པའི་ངོས་ནས། གྲངས་འབོར་མང་བའི་རྩེར་སོན་སློབ་ཆེན་དང་རྩེར་སོན་ཞིབ་འཇུག་ཤེས་ལྡན་མི་སྣ་ཡོད་པ་དང་། གསར་གཏོད་ཀྱི་རྨང་གཞི་བརྟན་པོ་དང་དངོས་ཤུགས་ཆེན་པོ་ཡོད་པས། མཐུན་སྦྱོར་གསར་གཏོད་དང་ཐོན་ལས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་འཕེལ་ཡོང་བ་བྱེད་པའི་ཁྲོད་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། པེ་ཅིང་གི་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་དང་ཆུ་ཚད་མཐོ་བའི་ཤེས་ལྡན་མི་སྣའི་མཐོ་ས་གང་མགྱོགས་བསྐྲུན་ནས་རང་རྒྱལ་གྱི་རང་བརྟེན་གསར་གཏོད་ཀྱི་འབྱུང་རྩ་གལ་ཆེན་དང་ཐོག་མའི་གསར་གཏོད་ཀྱི་འབྱུང་གནས་གཙོ་བོ་གཏོད་དགོས། ཐོན་སློབ་ཞིབ་གསུམ་གྱི་རོགས་ལས་བྱེད་སྟངས་གསར་པ་བཙུགས་ནས་ཚན་རྩལ་གྲུབ་འབྲས་དེ་ས་ཁོངས་ནང་གི་གཞན་སྒྱུར་ལས་ཕྱོད་དང་བསྡུར་ཚད་མཐོ་རུ་གཏོང་དགོས། ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གནས་བབ་ལ་ཤུགས་སྣོན་བརྒྱབ་སྟེ་རང་བདག་ཤེས་བྱའི་ཐོན་དབང་དང་རྒྱལ་སྤྱིའི་ཐོག་འགྲན་རྩོད་བྱེད་ནུས་ལྡན་པའི་གསར་གཏོད་ཅན་གྱི་སྣེ་ཁྲིད་ཁེ་ལས་ཁག་ཅིག་གྲུབ་པ་བྱ་དགོས། དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་སྲ་བརྟན་དང་སྟོབས་ཆེར་གཏོང་བ་དང་། འདུས་གྲུབ་གློག་ལམ་དང་། དྲ་རྒྱའི་བདེ་འཇགས། སྐྱེ་དངོས་སྨན་དང་སྨན་རྫས། གློག་ཤུགས་སྒྲིག་ཆས། བདེ་འཇགས་འཕྲལ་སྡོམ་སྒྲིག་ཆས་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་གལ་ཆེན་ནང་གི་འགངས་ཆེར་བརྩིས་ནས་འཛམ་གླིང་རིམ་པའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་ཚོགས་པ་ཧུར་ཐག་གཏོད་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་མཐར་གཏུགས་ན་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་རྒྱུའི་ཐོག་ནས་མཚོན་དགོས། བརྟག་དཔྱད་ཞིབ་འཇུག་བྱེད་སྲོལ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། མང་ཚོགས་ཀྱི་དགོས་མཁོ་ཤེས་རྟོགས་གང་ལེགས་བྱེད་པ། རྒྱ་ཆེའི་མི་དམངས་མང་ཚོགས་ནས་དོ་ཁུར་བྱེད་པའི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཏན་ཏིག་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་ཚོར་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། སྤྱི་པའི་ཞབས་ཞུ་མཉམ་སྐྲུན་མཉམ་སྤྱོད་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་ལས་ཞུགས་སྔོན་ལ་འཛིན་པའི་སྲིད་ཇུས་ལ་ཤུགས་སྣོན་བརྒྱབ་ནས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་སྤུས་ཚད་དེ་བས་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གཏོང་དགོས། པེ་ཅིང་དང་ཐེན་ཅིན་གྱི་སྤུས་ལེགས་སློབ་གྲྭ་འབྲིང་ཆུང་གི་རྨང་གཞིའི་སློབ་གསོའི་ཐོན་ཁུངས་ཧོ་པེ་དང་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། ས་ཁོངས་ནང་གི་མཐོ་རིམ་སློབ་གྲྭའི་དགེ་རྒན་དཔུང་ཁག་དང་། རིག་གཞུང་ཚན་ཁག་འཛུགས་སྐྲུན། གྲུབ་འབྲས་གཞན་སྒྱུར་སོགས་ཐད་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་པེ་ཅིང་དང་ཐེན་ཅིན་གྱི་རྒན་གསོའི་རྣམ་གྲངས་དེ་ཧོ་པེ་ཡི་ཆ་རྐྱེན་འཛོམས་པའི་ས་ཁུལ་དུ་སྣུར་སྲིང་བཀོད་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་དགོས། བྱང་ཕྱོགས་ཀྱི་བྱེ་འགོག་ས་ཁུལ་སོགས་འབྱུང་ཁམས་སྲུང་སྐྱོང་དང་ཉམས་གསོའི་གཙོ་གནད་འཆར་འགོད་འཛུགས་སྐྲུན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཐོག ལྗང་མདོག་འབྱུང་ཁམས་སྲུང་ར་འཛུགས་སྐྲུན་སོགས་འབྱུང་ཁམས་འཆར་འགོད་གལ་ཆེན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་མགྱོགས་པོ་བཏང་ནས་ས་ཁོངས་ནང་ཁུལ་གྱི་མཐུན་སྦྱོར་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། པེ་ཅིང་དང་ཐེན་ཅིན་གྱི་མཉམ་ལས་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་བཏང་ནས། མཉམ་དུ་ས་ཁོངས་ཀྱི་གོང་འཕེལ་མཐོ་ས་གཏོད་དགོས། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་འཛམ་གླིང་རིམ་པའི་གྲོང་ཁྱེར་ཁྱུ་ཚོགས་འཛུགས་སྐྲུན་བྱེད་པའི་ཁྲོད་ཁྱབ་འགྱེད་སྣེ་ཁྲིད་དང་རྩེར་སོན་སྣེ་ཁྲིད་ཀྱི་ནུས་པ་འདོན་དགོས། པེ་ཅིང་གི་ཚན་རྩལ་གསར་གཏོད་ལེགས་ཆ་དང་ཐེན་ཅིན་གྱི་སྔོན་ཐོན་བཟོ་སྐྲུན་ཞིབ་འཇུག་གསར་སྤེལ་གྱི་ལེགས་ཆ་ཟུང་འབྲེལ་བྱས་ཐོག འགག་རྩའི་ལྟེ་བའི་ལག་རྩལ་མཉམ་འབྲེལ་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ་དང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་ལྟེ་གནས་མཉམ་བསྐྲུན་གྱིས་ཚན་རྩལ་གསར་གཏོད་དང་འཕར་བའི་སྒུལ་ཤུགས་ཆེ་རུ་གཏོང་དགོས། ཧོ་པེ་ཡིས་པེ་ཅིང་དང་ཐེན་ཅིན་སྐོར་བའི་ས་བབ་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ། ཕྱོགས་མི་འདྲ་བ་ནས་པེ་ཅིང་དང་ཐེན་ཅིན་སྦྲེལ་མཐུད་བྱེད་པའི་དཔལ་འབྱོར་བར་ཁྱམས་བསྐྲུན་དགོས་པ་དང་། པེ་ཅིང་དང་ཐེན་ཅིན་གྱིས་ཧོ་པེ་ལ་རོགས་སྐྱོར་མུ་མཐུད་དུ་ཟབ་སྤེལ་བྱས་ནས། ཧོ་པེ་ལ་ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་པེ་ཅིང་དང་ཐེན་ཅིན་གྱི་ཚན་རྩལ་ཕན་འབྲས་དང་ཐོན་ལས་སྤོ་སྒྱུར་སྔར་ལས་ལེགས་པར་དང་ལེན་བྱེད་པར་སྐུལ་ཁྲིད་བྱ་དགོས། སྒྲིག་སྲོལ་དང་ལམ་སྲོལ་བསྒྱུར་བཅོས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ་ནུས་ཤུགས་ཡོད་རྒུས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་རྒྱལ་ཁབ་ཕྱི་ནང་གི་ས་ཁུལ་གཞན་དག་དང་འབྲེལ་གཏུག་འབྲེལ་མཐུད་ཧུར་ཐག་བྱས་ཏེ། རྒྱལ་ཡོངས་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་མཐོ་ས་གཏོད་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་ཏུ་གཏོང་རྒྱུ་ནི་ད་ལོའི་ཏང་འཛུགས་སྐྱོང་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེ་ཞིག་ཡིན། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཞིང་ཆེན་དང་གྲོང་ཁྱེར་གསུམ་གྱི་ཏང་ཨུད་ཀྱིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོ་དམ་འཛིན་ཏན་ཏིག་དང་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་སྔར་ལས་ཆེ་རུ་བཏང་སྟེ། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བར་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ལི་ཆང་གིས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་ལེན་པ་དང་། ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ཁྱོན་ཡོངས་ལ་བསམ་གཞིགས་དང་བྱ་སྤྱོད་སྤེལ་རྒྱུ་མཐའ་འཁྱོངས་ཀྱིས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་ལ་དེ་བས་ནུས་ལྡན་ངང་སྐུལ་འདེད་གཏོང་དགོས། ལས་འགན་ཨང་དང་པོ་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། པེ་ཅིང་གི་རྒྱལ་སའི་བྱེད་ནུས་མི་ལྡན་པའི་ནུས་པ་གསེད་བཀྲོལ་བྱ་རྒྱུར་དམིགས་པ། ཐོན་ཁུངས་དང་། སྲིད་ཇུས། སྟོབས་ཤུགས་བཅས་གཅིག་སྡུད་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མཚོན་རྟགས་རང་བཞིན་གྱི་ཁ་འགྲེམ་རྣམ་གྲངས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་རྒྱུར་འགན་ལེན་བྱེད་དགོས། ས་ཁོངས་ཀྱི་ཁྱད་པར་སྟངས་འཛིན་བྱས་ཏེ་ལེགས་ཆ་གསབ་རེས་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་རང་སོ་སོའི་ཞན་ཆ་གསབ་དགོས་ལ། ཐུན་མོང་གི་བཟང་ཆ་ཡང་བསྐྲུན་ནས་འཕེལ་རྒྱས་ཀྱི་ཧེ་བག་ཆུང་དུ་གཏོང་བའི་གནས་བབ་དེ་མཐུན་སྦྱོར་འཕེལ་རྒྱས་ཀྱི་འགུལ་ནུས་སུ་འགྱུར་བ་བྱེད་པ་དང་མང་ཚོགས་ཀྱི་ཐོབ་སེམས་སྔར་བས་ཆེ་རུ་གཏོང་དགོས། ལས་ཀའི་ལམ་སྲོལ་སྔར་བས་ཏན་ཏིག་ཡོང་བ་བྱས་ནས་དེ་བས་དམ་ཟབ་ཀྱི་མཐུན་སྦྱོར་སྐུལ་འདེད་ཀྱི་རྣམ་པ་ཞིག་ཆགས་པ་བྱེད་དགོས་ཞེས་གསུངས་ཡོད།
ཏིང་ཞུའེ་ཞང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་ལེན་ནན་ཏན་བསྟར་ནས། མཁའ་རླུང་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་གཏོང་རྒྱུ་དེ་འགྱུར་མེད་རང་བཞིན་གྱི་བླང་བྱར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་རྒྱུན་སྲིང་ལྷོད་མེད་ངང་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ལས་དོན་ཡག་པོ་བསྒྲུབས་ནས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་ཆུ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས། ཐོན་ལས་གྲུབ་ཚུལ་ལེགས་སྒྱུར་རིམ་སྤར་མགྱོགས་སུ་གཏོང་བ་དང་། ནུས་ཁུངས་ཟད་གྲོན་ཆེ་བ་དང་། ཕྱིར་འབུད་ཚད་མཐོ་བ། ཆུ་ཚད་དམའ་བའི་རྣམ་གྲངས་རྨོངས་ཚོད་ཀྱིས་འཕེལ་རྒྱས་གཏོང་བ་བཅས་བཀག་འགོག་མཐའ་གཅིག་ཏུ་བྱ་དགོས། ནུས་ཁུངས་གྲུབ་ཚུལ་གྱི་ཐཱན་ཉུང་རིགས་བསྒྱུར་ལ་སྐུལ་སྤེལ་དང་། རྡོ་སོལ་གཙང་ཞིང་ཕན་ནུས་ཆེ་བའི་སྒོ་ནས་བེད་སྤྱོད་པར་ཤུགས་སྣོན། ནུས་ཁུངས་གསར་པ་དང་ནུས་ཁུངས་གཙང་མ་འཕེལ་རྒྱས་ཤུགས་ཆེར་གཏོང་དགོས། སྐྱེལ་འདྲེན་གྲུབ་ཚུལ་ལེགས་སྒྲིག་དང་ལེགས་འགྱུར་བྱས་ནས་འབྱུང་རྩ་ནས་འབར་སྣུམ་སྦགས་བཙོག་འབུད་ཚད་ཉུང་དུ་གཏོང་བ་དང་། རླུང་ཁམས་ཆེན་མོའི་སྦགས་བཙོག་མཉམ་འགོག་མཉམ་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། ས་གནས་སྲིད་གཞུང་གི་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ཏེ། མཉམ་འཛིན་སྤྱི་སྒྲུབ་ཀྱི་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས་ཞེས་གསུངས་ཡོད།
ལི་ཀན་ཅེ་དང་ཧོ་ལི་ཧྥེང་སོགས་ནས་རྟོག་ཞིབ་ལ་ཕེབས་རོགས་ཞུས་པ་དང་འབྲེལ་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཝུའུ་ཀྲེང་ལུང་དང་། མུའུ་ཧུང་། དེ་བཞིན་བརྗོད་དོན་གཙོ་བོའི་སློབ་གསོའི་ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་གཉིས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན། འབྲེལ་ཡོད་ས་གནས་དང་འབྲེལ་ཡོད་ཁེ་ལས་བཅས་ཀྱི་འགན་འཁུར་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།།