གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོཊ་སྐོང་འཚོཊ་བྱས་པ།

སྤེལ་དུས་: 2023ལོ་12ཟླ་11ཚེས་ 11:42 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་འཚོགས་ནས། ༢༠༢༤ ལོའི་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་གནང་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ། ༼ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག༽ལ་གྲོས་ཞིབ་གནང་བ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ།

ཟླ ༡༢ ཚེས ༨ ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་སྐོང་འཚོགས་བྱས་ནས ༢༠༢༤ ལོའི་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་གནང་བ་དང་། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་ལས་དོན་སྙན་སེང་ཞུས་པར་གསན་པ། ༢༠༢༤ ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ། ༼ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག༽ལ་གྲོས་ཞིབ་གནང་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད།

གྲོས་ཚོགས་ཐོག ད་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་བསྟར་འགོ་ཚུགས་པའི་ལོ་ཞིག་དང་། ལོ་གསུམ་གྱི་ཏོག་གསར་རིམས་ནད་སྔོན་འགོག་ཚོད་འཛིན་བྱས་རྗེས་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་གཏོང་བའི་ལོ་ཞིག་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཕྱིའི་གནོན་ཤུགས་ཐེགས་ཐུབ་པ་དང་། ནང་གི་དཀའ་ངལ་སེལ་ནུས་པ། ནང་མཁོ་རྒྱ་སྐྱེད་དང་། གྲུབ་ཚུལ་ལེགས་འགྱུར། སེམས་ཤུགས་ཆེར་འཕེལ། ཉེན་ཁ་འགོག་ཟོན་བཅས་འབད་བརྩོན་ཆེན་པོས་སྒྲུབ་པ། རང་རྒྱལ་གྱི་དཔལ་འབྱོར་བསྐྱར་འཕེལ་ལེགས་ཕྱོགས་སུ་སྐྱོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ལ་འཕེལ་རྒྱས་གལ་ཆེན་བྱུང་བ། ཚན་རྩལ་གསར་གཏོད་ལ་འགག་སྒྲོལ་གསར་པ་བྱུང་བ། བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་སྤེལ་བ། བདེ་འཇགས་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་ཕྱིན་པ། དམངས་འཚོ་འགན་སྲུང་ནུས་ལྡན་དང་ཕན་འབྲས་ཐོན་པ་བཅས་ཀྱི་ཐོག་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་བརྟན་པོ་སྤོས་པའི་ངོས་འཛིན་བྱས་ཡོད།

གྲོས་ཚོགས་ཐོག སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་གཞི་གདངས་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། བསྒྱུར་བཅོས་སྒོ་དབྱེ་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་ལ་སྐུལ་འདེད་གཏོང་བ། སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ནང་མཁོ་རྒྱ་སྐྱེད་གཏོང་བ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་གཅིག་གྱུར་འཆར་འགོད་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། དཔལ་འབྱོར་གྱི་གསོན་ཤུགས་ཆེ་རུ་ཏན་ཏིག་གཏོང་བ། ཉེན་ཁ་འགོག་ཟོན་དང་སེལ་བ། སྤྱི་ཚོགས་ཀྱི་སྔོན་དཔག་ལེགས་སུ་གཏོང་བ། དཔལ་འབྱོར་བསྐྱར་འཕེལ་ལེགས་པའི་ཕྱོགས་སུ་འཕེལ་བའི་རྣམ་པ་སྲ་བརྟན་དང་ཤུགས་ཆེར་གཏོང་བ། དཔལ་འབྱོར་གྱི་སྤུས་ཚད་མཐོར་འདེགས་ནུས་ལྡན་དང་འབོར་ཚད་ལུགས་མཐུན་ངང་འཕར་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ། སྤྱི་ཚོགས་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས་ཡོད།

གྲོས་ཚོགས་ཐོག སང་ལོར་བརྟན་ཐོག་ཡར་འཕེལ་དང་། འཕེལ་རྒྱས་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ། སྔོན་ལ་འཛུགས་པ་དང་རྗེས་སུ་འགག་གཏོར། སྤྱི་ཁོག་སྲིད་ཇུས་ཀྱི་དུས་འཁོར་ལས་ལྡོག་པ་དང་དུས་འཁོར་ལས་བརྒལ་བའི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་བརྟན་ལ་སྐྱོན་བྲལ་གྱི་དངུལ་ལོར་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་དགོས། དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་ལ་ཤུགས་སྣོན་འོས་འཚམ་རྒྱག་པ་དང་། སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། བརྟན་ལ་སྐྱོན་བྲལ་གྱི་དངུལ་ལོར་སྲིད་ཇུས་གང་ལ་གང་འཚམ་དང་གནད་སྨིན་དང་ཕན་འབྲས་ཐོན་པར་བྱེད་དགོས། སྤྱི་ཁོག་གི་སྲིད་ཇུས་ལག་ལེན་གཅིག་མཐུན་ཡོང་ཤུགས་ཆེ་རུ་གཏོང་བ་དང་། དཔལ་འབྱོར་དྲིལ་བསྒྲགས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཚན་རྩལ་གསར་གཏོད་ལ་བརྟེན་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་ལ་ཁྲིད་སྟོན་བྱས་ཏེ། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་མཉེན་གཤིས་དང་བདེ་འཇགས་ཆུ་ཚད་མཐོ་རུ་གཏོང་དགོས། རྒྱལ་ནང་གི་དགོས་མཁོ་རྒྱ་སྐྱེད་གཏོང་བར་ཤུགས་རྒྱག་དགོས་པ་དང་། འཛད་སྤྱོད་དང་མ་དངུལ་འཇོག་རེས་བྱེད་པའི་འཁོར་རྒྱུག་བཟང་པོ་ཆགས་པར་བྱ་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྒུལ་ཤུགས་ཆེན་པོ་སྣོན་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ། ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་ཕྱོགས་མ་དངུལ་གྱི་གཞི་རྩའི་ཚད་གཞི་བརྟན་དུ་གཏོང་དགོས། རྒྱུན་མཐུད་ནུས་ལྡན་ངང་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་ཟོན་དང་སེལ་བ་དང་། བརྒྱུད་རིམ་རང་བཞིན་གྱི་ཉེན་ཁ་མི་ཐོན་པའི་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས། རྒྱུན་བསྲིང་ལྷོད་མེད་ངང་ཞིང་གསུམ་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྦགས་མེད་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས། དམ་པ་དོན་གཉེར་དང་ནུས་པས་ལྕོགས་ཚོད་ཀྱིས་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ནས། དམངས་འཚོར་འགན་སྲུང་དང་ལེགས་བཅོས་ཏན་ཏིག་བྱ་དགོས་ཞེས་བསྟན་འདུག

གྲོས་ཚོགས་ཐོག ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་། དཔལ་འབྱོར་ལས་དོན་ཐད་ཀྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་སྤུས་ཚད་མཐོ་པོས་དོན་འཁྱོལ་བྱེད་དགོས། དུས་ཆེན་གཉིས་རིང་གི་དམངས་འཚོའི་ཚོང་ཟོག་གལ་ཆེན་གྱི་མཁོ་འདོན་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བ་དང་། ཞིང་པ་ལས་མིའི་གླ་ཆ་དུས་ཐོག་ཏུ་འདང་ངེས་སྤྲོད་རྒྱུར་འགན་ལེན། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་གཏིང་ཟབ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་ཡག་པོ་བཅས་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།

གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དང་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་གི་སློབ་གསོ་དག་ཐེར་ཏན་ཏིག་བྱས་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་བའི་མ་ལག་འཐུས་ཚང་ཡོང་བར་རྒྱུན་མཐུད་སྐུལ་འདེད་བཏང་བ། དོ་དམ་ནན་པོ་དང་བཅོས་སྒྲིག་ནན་པོ་བྱས་ཏེ་སྒྲིག་བཤེར་ལྟ་ཞིབ་ཀྱི་དམག་ཧྲག་འཛུགས་སྐྱོང་གིས་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་དོན་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་བཏང་བ་བཅས་ལ་གྲུབ་འབྲས་གསར་པ་ཐོབ་ཡོད་ཅེས་བསྟན་འདུག

གྲོས་ཚོགས་ཐོག སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བ་དང་། སྤྱོད་ཚུལ་ལེགས་སུ་དང་སྒྲིག་ཁྲིམས་ནན་དུ་བཏང་ནས་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས། ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས། ཏང་ཡོངས་ཀྱིས་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ཐུབ་པར་བྱེད་པ། བློ་བརྟན་འགྱུར་མེད་ངང་ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་ལ་སྲུང་སྐྱོང་ནུས་ལྡན་བྱེད་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་བཏང་ནས། ཅུང་མངོན་གསལ་དོད་པའི་ལས་རིགས་རང་བཞིན་དང་བརྒྱུད་རིམ་རང་བཞིན། ས་ཁོངས་རང་བཞིན་བཅས་ཀྱི་རུལ་སུངས་གནད་དོན་ཆེད་དོན་བཅོས་སྒྲིག་བྱེད་པ་དང་། མང་ཚོགས་ཉེ་འགྲམ་གྱི་སྦྲང་ཟས་གྲོག་རུལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ། ལྐོག་རྔན་ལེན་པ་དང་ལྐོག་རྔན་སྤྲོད་པ་གཉིས་ལ་མཉམ་དུ་ཞིབ་བཤེར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། འབྱུང་རྩ་ནས་བཅོས་སྒྲིག་བྱེད་པ། དུས་རབས་གསར་པའི་སྤྱོད་གཙང་གི་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རུལ་སུངས་ཐོན་སའི་ས་རྒྱུ་དང་ཆ་རྐྱེན་མཐའ་གཅིག་ཏུ་མེད་པར་བཟོ་བ་བཅས་བྱ་དགོས། སྤྱོད་ཚུལ་ངན་པ་བཞིའི་གཅོང་ནད་བཅོས་སྒྲིག་ཤུགས་ཆེན་བྱེད་པ་དང་། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། སྒྲིག་ཁྲིམས་ལག་བསྟར་ནན་པོ་བྱ་དགོས། སྒྲིག་བཤེར་ལྟ་ཞིབ་ཀྱི་ཆེད་འགན་འཁུར་བའི་ལྟ་སྐུལ་དང་ལྟ་སྐུལ་གཞན་དག་འབྲེལ་མཐུད་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། རྒྱུན་ཆད་མེད་པར་ལྟ་སྐུལ་དང་མཉམ་ཤུགས་ལྟ་སྐུལ་མངོན་འགྱུར་ཡོང་བ་བྱས་ནས། ལྟ་སྐུལ་གྱི་ཕན་ནུས་ཆེ་རུ་གཏོང་དགོས། རང་ངོས་ཀྱི་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་བྱང་ཚད་མཐོ་ལ་ཆེད་ལས་ཅན་གྱི་སྒྲིག་བཤེར་ལྟ་ཞིབ་དཔུང་ཁག་བསྐྲུན་ཏེ། རང་ངོས་གསར་བརྗེ་བྱེད་པའི་མིག་དཔེ་དང་སྒྲིག་བཀུར་ཁྲིམས་སྲུང་གི་ཚད་ཤིང་ཞིག་ཧུར་ཐག་གཏོད་དགོས་ཞེས་ནན་བཤད་བྱས་ཡོད།

དེའི་གོང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི ༢༠༢༣ ལོའི་ལས་ཀའི་གནས་ཚུལ་དང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་གྲ་སྒྲིག་གནས་ཚུལ་སྐོར་སྙན་སེང་ཞུས་པར་གསན་ཡོད།

གྲོས་ཚོགས་ཐོག་སང་ལོའི་ཟླ ༡ ཚེས ༨ ཉིན་ནས་ཚེས ༡༠ ཉིན་བར་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་རྒྱུར་མོས་མཐུན་བྱས་ཡོད།

གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་གིས་༼ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག༽ལ་སྔ་རྗེས་སུ་བཟོ་བཅོས་ཐེངས་གསུམ་བརྒྱབ་དོན་ནི་སྔ་ཕྱི་བར་གསུམ་དུ་ནན་པོ་རྒྱུན་འཁྱོངས་དང་། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན། སྦྲེལ་ཐག་ཧྲིལ་པོ་དང་དུས་འཁོར་ཧྲིལ་པོར་ཁྱབ་པའི་ཐད་མུ་མཐུད་ཤུགས་རྒྱག་པ། རང་ངོས་གཙང་སེལ་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བཅོས། རང་ངོས་མཐོར་གཏོང་བཅས་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་ཀྱི་ཆེད་དུ་ཡིན་ཞེས་བསྟན་ཡོད།

གྲོས་ཚོགས་ཐོག ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་སྔར་བས་ནན་དུ་བཏང་ནས། ནན་པའི་ཆབ་སྲིད་སྒྲིག་ཁྲིམས་ཀྱིས་སྒྲིག་ཁྲིམས་ཁག་ཁྱོན་ཡོངས་ནས་ནན་དུ་གཏོང་རྒྱུར་སྣེ་ཁྲིད་བྱ་དགོས། ཏང་གཤིས་དང་ཏང་སྲོལ་ཏང་ཁྲིམས་བཅས་ལ་མཉམ་དུ་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྒྲིག་ཁྲིམས་ཀྱི་སློབ་གསོ་རྒྱུན་རྣམ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། ༼སྲོལ་ཡིག༽དྲིལ་བསྒྲགས་སློབ་གསོ་གཏོང་ཤུགས་ཆེ་རུ་བཏང་ནས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སྒྲིག་ཁྲིམས་སློབ་སྦྱོང་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་རྟོགས་པ། སྒྲིག་ཁྲིམས་སྲུང་བ་བཅས་ཀྱི་ཁྲིད་སྟོན་བྱ་དགོས། སྒྲིག་ཁྲིམས་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།༼སྲོལ་ཡིག༽ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ། སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་འཛིན་སྦྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་བ། སྒྲིག་ཁྲིམས་ཀྱི་འགྱུར་མེད་རང་བཞིན་དང་ནན་པོའི་རང་བཞིན་སྲུང་སྐྱོང་ཏན་ཏིག་བཅས་བྱ་དགོས། རྣམ་པ་རིགས་བཞི་ཡང་དག་པར་སྤྱོད་པ་དང་། དབྱེ་འབྱེད་གསུམ་དོན་འཁྱོལ་བྱས་ཏེ། དོ་དམ་ལྟ་སྐུལ་ནན་པོ་དང་འགན་འཁྲི་འཁུར་བར་སྐུལ་ལྕག་བྱ་རྒྱུ་གཅིག་གྱུར་བྱེད་པ་དང་། ཏང་ཡོངས་ཀྱི་གསར་སྐྲུན་བྱེད་ནུས་དང་གོང་བུར་འགྲིལ་ཤུགས། འཐབ་འཛིང་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་ནན་བཤད་བྱས་ཡོད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་བ། ཞི་ཅིན་ཕིང་གིས་མཉམ་སྡེབ་སློབ་སྦྱོང་འདིའི་ཐོག་ནན་སྟོན་གནང་དོན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོཊ་སྐོང་འཚོཊ་བྱས་པ། ཞི་ཅིན་ཕིང་ཕ་དབྱི་གནད་དོན་སྐོར་གྱི་བརྙན་ལམ་དབུ་ཚོཊ་འདིར་ཞུཊ་པ།