གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་པ།

སྤེལ་དུས་: 2024ལོ་04ཟླ་07ཚེས་ 16:46 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཞི་ཅིན་ཕིང་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས་ནན་བཤད་གནང་དོན།

དམངས་ཡོངས་ཤིང་འཛུགས་ནགས་བཟོའི་བྱེད་སྒོར་ཞུགས་ནས་མཉམ་དུ་མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་དགོས།

ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་ཞུགས་པ།

ཟླ ༤ ཚེས ༣ ཉིན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་ལྷན་དུ་པེ་ཅིང་གྲོང་ཁྱེར་ཐུང་ཀྲོའུ་ཆུས་ལུའུ་ཁྲེང་གྲོང་རྡལ་དུ་ཕེབས་ནས་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་ཚང་མ་དང་ལྷན་དུ་ངལ་རྩོལ་གནང་བཞིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ ༤ ཚེས ༣ ཉིན་གློག་འཕྲིན་འབྱོར་གསལ། ཚེས ༣ ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས་ནན་བཤད་གནང་དོན། དྭངས་གསལ་དུས་ཚིགས་ཀྱི་སྔ་ནུབ་ཏུ་ཀྲུང་གོའི་ས་གཞི་ཆེན་པོའི་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བ་དེ་ནི་ཤིང་འཛུགས་ཀྱི་དུས་སྐབས་བཟང་ཤོས་ཤིག་རེད། དེ་རིང་ང་ཚོ་མཉམ་དུ་ཤིང་འཛུགས་དོན་ནི་ཚང་མས་བྱ་སྤྱོད་སྤེལ་ཏེ། ཤིང་འཛུགས་ནགས་བཟོར་ཧུར་ཐག་ཞུགས་ནས་མི་ཚང་མས་སྔོ་ལྗང་གི་ཕོ་ཉ་དང་སྐྱེ་ཁམས་ཀྱི་གདོང་ལེན་པ་བརྩོན་ལེན་གྱིས་མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་ཆེད་སྔོ་ལྗང་མང་དུ་བཏང་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་པ་ཐུན་མོང་ཐོག་རྩོམ་དགོས་པའི་འབོད་སྐུལ་བྱ་ཆེད་རེད།

པེ་ཅིང་གྲོང་འདབས་ཀྱི་ས་གཞི་ཆེན་པོར་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད། སྔ་དྲོའི་ཆུ་ཚོད ༡༠ དང་སྐར་མ ༤༠ ཡོལ་ཙམ་ལ། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་ལྷན་དུ་རླངས་འཁོར་ལ་བཞུགས་ནས་པེ་ཅིང་གྲོང་ཁྱེར་ཐུང་ཀྲོའུ་ཆུས་ལུའུ་ཁྲེང་གྲོང་རྡལ་དུ་ཕེབས་ཏེ་རྒྱལ་སའི་མང་ཚོགས་དང་ལྷན་དུ་འོས་འགན་ཤིང་འཛུགས་ལ་ཞུགས་པ་རེད།

ཤིང་འཛུགས་ས་ནི་པེ་ཅིང་གྲོང་ཁྱེར་ཐུང་ཀྲོའུ་ཆུས་དང་ཧོ་པེ་ཞིང་ཆེན་ལང་ཧྥང་གྲོང་ཁྱེར་གྱི་བྱང་རྒྱུད་རྫོང་གསུམ་གྱི་འབྲེལ་མཚམས་སུ་གནས་ཤིང་། ཁྲའོ་པའེ་གཙང་པོའི་ངོགས་སུ་གནས་པའི་པེ་ཅིང་དང་ཧོ་པེའི་ས་མཚམས་བསྒྲལ་ནས་བསྐྲུན་པའི་ནགས་ཚལ་སྤྱི་གླིང་ཐོག་མའི་ནང་ཁུལ་དུ་ཡོད་པས་གཙང་འགྲམ་སྐྱེ་ཁམས་ཀྱི་ཆ་རྐྱེན་བཟང་པོ་ལྡན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་སྐབས། ཤིང་འཛུགས་བཞིན་པའི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྲོ་སེམས་འཁོལ་པོས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས། ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་གིས་གུས་ལན་གནང་བ་དང་སྦྲགས། སྦྱག་མ་བསྣམས་ནས་ཤིང་འཛུགས་སར་ཕེབས་ཏེ་པེ་ཅིང་གྲོང་ཁྱེར་དང་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་འགན་འཁུར་བློ་མཐུན་དང་དེ་བཞིན་རྒྱལ་སའི་ལས་བྱེད་པ་དང་། མང་ཚོགས། ལོ་ཆུང་གདོང་ལེན་རུ་མི་བཅས་དང་ལྷན་དུ་ངལ་རྩོལ་ལ་ཞུགས།

ཞི་ཅིན་ཕིང་གིས་ལྕང་མ་འཛུགས་ཀྱིན་ཕྲུ་གུ་ཚོར་སློབ་སྦྱོང་འཚོ་བ་དང་ངལ་རྩོལ་སྦྱོང་བརྡར་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་ཞིང་། ཁོང་གིས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ནི་མེས་རྒྱལ་གྱི་འབྱུང་འགྱུར་ཡིན་པས་ཆུང་དུས་ནས་ངལ་རྩོལ་ལ་ཧུར་ཐག་ཞུགས་ནས་ཤིང་འཛུགས་ནགས་བཟོ་བྱས་ཏེ་ལྗང་མདོག་གི་ས་བོན་སེམས་སུ་བཏབ་ནས་རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་ལ་དགའ་ཞེན་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་དགོས་པ་དང་། སློབ་སྦྱོང་ལ་འབད་བརྩོན་དང་། གཟུགས་པོར་སྦྱོང་བརྡར། བདེ་ཐང་ངང་འཚར་ལོངས་ཡག་པོ་ཡོང་བ་བཅས་བྱས་ནས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་བྱས་ཏེ། རྒྱལ་ཁབ་ཀྱི་རྐང་འཛིན་པར་འགྱུར་བར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། ཤིང་འཛུགས་སར་ཚ་ཚ་འུར་འུར་གྱི་ངལ་རྩོལ་གྱི་རྣམ་པ་མངོན་ཞིང་། འགོ་ཁྲིད་བློ་མཐུན་ཚོས་ཚང་མ་དང་ལྷན་དུ་ས་སྣོན་རྒྱག་པ་དང་ཆུ་རྒྱག་པའི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་པ་རེད།

ཤིང་འཛུགས་རིང་། ཞི་ཅིན་ཕིང་གིས་དེ་གར་ཡོད་པའི་ལས་བྱེད་མང་ཚོགས་དང་བྱམས་བརྩེའི་བཀའ་མོལ་གནང་ཞིང་། ཁོང་གིས་ང་ཀྲུང་དབྱང་དུ་ལས་ཀར་སླེབས་རྗེས་ལོ ༡༧ བསྟུད་མར་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་པ་ཡིན་ཞེས་གསུངས། ཁོང་གིས་ད་ལོ་ནི་ཀྲུང་གོ་གསར་པའི་ཤིང་འཛུགས་དུས་ཆེན་གཏན་འཁེལ་བྱས་ནས་ལོ ༤༥ འཁོར་བའི་ལོ་ཞིག་རེད། རྒྱལ་ཡོངས་མི་དམངས་ཀྱིས་ཤིང་འཛུགས་ནགས་བཟོ་རྒྱུན་འཁྱོངས་བྱས་ནས་རི་རྒོད་སྔོ་ལྗང་གོས་ཀྱིས་བཀླུབས་པ་དང་བྱེ་ཐང་སྤང་ལྗོངས་དུ་བསྒྱུར་བར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད། དེ་དང་དུས་མཚུངས་རང་རྒྱལ་དུ་ནགས་ཚལ་དང་སྔོ་ལྗང་ཉུང་བའི་གནད་དོན་སྔར་བཞིན་མངོན་གསལ་དོད་པ་དང་ནགས་ཚལ་གྱི་ནོར་མཛོད་ནུས་པ་དེ་ཙམ་ཡག་པོ་འདོན་མི་ཐུབ་པ་མཐོང་དགོས། སྔོ་ལྗང་མང་དུ་གཏོང་བ་ནི་དགེ་མཚན་ཆེ་རུ་གཏོང་བ་ཞིག་དང་ཤིང་འཛུགས་པ་ནི་འབྱུང་འགྱུར་གཏོད་པ་ཞིག་རེད། སྡོང་ཕྲུག་རེ་རེ་བྱས་ནས་འཛུགས་པ་དང་མི་རབས་ནས་མི་རབས་བར་རྒྱུན་འཁྱོངས་ཀྱིས་ང་ཚོའི་སྔོ་ལྗང་ཁྱིམ་གཞིས་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་དགོས་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་མེས་རྒྱལ་སྔོ་ལྗང་ཅན་དུ་འགྱུར་བར་སྔོ་ལྗང་རྒྱ་སྐྱེད་དང་། སྔོ་ལྗང་དར་སྤེལ། སྔོ་ལྗང་སྲུང་སྐྱོང་བཅས་དུས་གཅིག་ཏུ་བྱེད་དགོས། སྔོ་ལྗང་རྒྱ་བསྐྱེད་གཏོང་བར། ཚན་རིག་དང་མཐུན་པའི་ངང་གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལ་སྐུལ་འདེད་གཏོང་བ་དང་། ས་ཆ་འཚམ་སར་ལྗོན་ཤིང་འཛུགས་པ་དང་། དུས་དང་ཐབས་ལ་བསྟུན་ནས་འཛུགས་པ། བཙུགས་ཕྱིན་སྐྱེ་འཚར་ཡོང་བ་ཡུག་གཅིག་བཏབ་ཚེ་ཡུག་གཅིག་གསོན་པ་བཅས་བྱེད་དགོས། སྔོ་ལྗང་དར་སྤེལ་གཏོང་བར། སྤུས་ཚད་དང་ཕན་འབྲས་ལ་སྣང་ཆེན་བྱས་ཏེ་རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལ་སྒྱུར་བའི་ཐབས་ལམ་རྒྱ་སྐྱེད་གཏོང་བ་དང་ནགས་ཚལ་གྱི་ཆུ་མཛོད་དང་། དངུལ་མཛོད། འབྲུ་མཛོད། ཐཱན་མཛོད་བཅས་མཉམ་འགུལ་དེ་བས་ལེགས་པ་ཡོང་བར་སྐུལ་འདེད་བཏང་ནས་སྐྱེ་ཁམས་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་ཕན་ཚུན་གཅིག་གྱུར་ཡོང་བར་བྱེད་དགོས། སྔོ་ལྗང་སྲུང་སྐྱོང་བྱེད་པར། ནགས་རྩྭའི་ཐོན་ཁུངས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། མེ་འགོག་མེ་གསོད་ལས་དོན་ཡག་པོ་སྒྲུབ་པ། མངོན་མེད་རྐྱེན་ངན་ཚབས་ཆེན་གྲལ་བཤེར་བཅོས་སྒྲིག་གཏིང་ཟབ་བཅས་བྱས་ནས་ལས་སླ་པོར་ཐོབ་པ་ཞིག་མིན་པའི་སྔོ་འགྱུར་གྱི་གྲུབ་འབྲས་སྲུང་སྐྱོང་ཡག་པོ་བྱེད་དགོས། བྱང་གསུམ་ས་ཁུལ་ནི་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་གཡུལ་ས་གཙོ་བོ་ཡིན་པས། སྟོབས་ཤུགས་དེ་བས་མང་བ་བྱང་གསུམ་ལས་གྲྭ་འཛུགས་སྐྲུན་ལ་གཅིག་སྡུད་བྱས་ནས་བྱང་རྒྱུད་ཀྱི་ལྗང་མདོག་ལྕགས་རི་རིང་པོ་སྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།

ཞི་ཅིན་ཕིང་གིས་མེས་རྒྱལ་གྱི་ས་ཆ་སྔོ་འགྱུར་བྱེད་པར་མི་ཚང་མས་རང་འགན་གཙང་སྒྲུབ་བྱེད་དགོས། མང་ཚོགས་ཞུགས་པའི་ཐབས་ལམ་ཤར་བགྲོད་དང་། རང་འགན་གཙང་སྒྲུབ་ཀྱི་རྣམ་པ་གསར་གཏོད། ནགས་དཔོན་ལམ་ལུགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བཅས་བྱས་ཏེ། ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་གིས་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་ཟམ་མི་ཆད་པར་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་དོན་ཨུ་ཡོན་སོགས་ཤིང་འཛུགས་བྱེད་སྒོར་ཞུགས་ཡོད་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གི་གསུང་བཤད་འདིས་མི་རྣམས་ལ་སྐུལ་མ་ཆེན་པོ་ཐེབས། ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་གསར་པ་དང་མཇལ་མོལ་གནང་བ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ། ༼བདེན་འཚོལ༽ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་འདི་སྤེལ་འདུག