གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་སྨི་ཁེ་ལུའོ་ཉི་ཞི་ཡའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཞི་སྨི་ནཱ་དང་མཇལ་མོལ་གནང་བ།

སྤེལ་དུས་: 2024ལོ་04ཟླ་10ཚེས་ 12:13 ཡོང་ཁུངས་: ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས ༩ ཉིན་གྱི་ཕྱི་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་སྨི་ཁེ་ལུའོ་ཉི་ཞི་ཡའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཞི་སྨི་ནཱ་དང་མཇལ་མོལ་གནང་བ་རེད།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས ༩ ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་ཐོག་མཛད་སྒོ་གཉེར་ནས། སྨི་ཁེ་ལུའོ་ཉི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཝེ་སི་ལི•ཞི་སྨི་ནཱ་ཡིས་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་གནང་བར་དགའ་བསུ་ཞུས་ཡོད།

ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་ཨུ་ལྷན་གཞུང་དོན་ཁང་གི་ཀྲུའུ་རེན་ཝང་དབྱི་སོགས་དགའ་བསུའི་མཛད་སྒོར་ཞུགས་ཡོད།

ཞི་སྨི་ནཱར་ཀྲུང་གོར་འཚམས་འདྲིར་ཕེབས་རོགས་ཞུ་མཁན་གྲས་སུ་ཙུང་ཐུང་གི་སྐུ་ཟླ་དང་། ཕྱི་འབྲེལ་པུའི་པུའུ་ཀྲང་། ཐོན་ཁུངས་དང་གོང་འཕེལ་པུའི་པུའུ་ཀྲང་སོགས་ཡོད།

དམག་དཔུང་རོལ་ཆ་ཚོགས་པས་སྨི་ཀྲུང་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་དང་། གུས་ལུགས་མེ་སྒྱོགས་ཐེངས ༢༡ བརྒྱབ་ཡོད།

ཞི་ཅིན་ཕིང་གི་ཕེབས་རོགས་འོག ཞི་སྨི་ནཱ་ཡིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་རེད།

རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུའི་ཐོག་ཕྱིར་ལོག་གནང་ནས་གཟབ་སྦྲེང་རུ་ཁག་གི་རུ་སྟར་ཁག་བགོས་ལ་གཟིགས་ཞིབ་གནང་བ་རེད།

ཞི་སྨི་ནཱ་ནི་ཞི་ཅིན་ཕིང་གིས་གདན་ཞུ་གནང་བ་ལྟར་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པ་ཞིག་རེད།

དགའ་བསུ་ཞུ་བའི་མཛད་སྒོའི་རྗེས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཞི་སྨི་ནཱ་དང་མཇལ་མོལ་གནང་བ་རེད།

ཞི་ཅིན་ཕིང་གིས། ད་ལོ་ནི་ཀྲུང་སྨིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ ༣༥ འཁོར་བའི་ལོ་རེད། རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། མཛའ་གྲོགས་མཉམ་ལས། གཉིས་ཕན་མཉམ་རྒྱལ་བཅས་བྱས་པས། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་བཏང་ཡོད་ཅེས་བསྟན་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་སྨི་ཁེ་ལུའོ་ཉི་ཞི་ཡས་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན་སྲུང་སྐྱོང་དང་། རང་རྒྱལ་ཁབ་ཀྱི་རྒྱལ་ཚུལ་དང་འཚམ་པའི་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་པ། དཔལ་འབྱོར་དར་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་བ་བཅས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྨི་ཁེ་ལུའོ་ཉི་ཞི་ཡ་ཕྱོགས་དང་ལྷན་དུ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ ༣༥ འཁོར་བ་དེ་འགོ་འཛུགས་ས་གསར་པར་བྱས་ཐོག རིམ་པ་ཁག་གི་སྤེལ་རེས་དང་སྐད་ཆ་ཤོད་རེས་རྒྱུན་འཁྱོངས་བྱེད་པ་དང་། ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཀྲུང་སྨི་རྒྱལ་ཁབ་དབར་གྱི་འབྲེལ་བ་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆབ་སྲིད་ཀྱི་ངེས་གནས་བརྟན་སྲུང་དང་། གཉིས་ཕན་མཉམ་རྒྱལ་དང་ཐུན་མོང་གོང་འཕེལ་གྱི་མཉམ་ལས་དོན་སྙིང་མཐའ་འཁྱོངས་བྱས་ཏེ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། རིག་གནས་དང་། འཕྲོད་བསྟེན། སློབ་གསོ། ས་གནས་སོགས་མི་ཆོས་རིག་གནས་ཀྱི་སྤེལ་རེས་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། སྨི་ཁེ་ལུའོ་ཉི་ཞི་ཡའི་རྒྱལ་ཕྲན་མཉམ་འབྲེལ་གྱི་གཞོན་ནུ་དེ་བས་མང་བ་ཀྲུང་གོར་ཟབ་སྦྱོང་བྱེད་པར་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོའི་ས་གནས་ཀྱི་སྨན་པ་གླིང་ཕྲན་དུ་སྐྱེལ་བ་དང་གླིང་ཕྲན་དུ་ཟློས་གར་འཁྲབ་སྟོན་བྱེད་པ་སོགས་ཀྱི་རྣམ་གྲངས་ལ་རྒྱལ་ཕྲན་མཉམ་འབྲེལ་གྱི་དམངས་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད་པས། ཕྱོགས་གཉིས་པོས་དེ་དང་འདྲ་བའི་རྣམ་གྲངས་དེ་བས་མང་བ་སྤེལ་ཆོག་གི་ཡོད། ཀྲུང་གོ་ཕྱོགས་ཀྱིས་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ཀྱི་སྒྲོམ་གཞིའི་ནང་སྨི་ཁེ་ལུའོ་ཉི་ཞི་ཡ་ཕྱོགས་ལ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཐད་རོགས་སྐྱོར་བྱེད་པ་དང་ནུས་པ་འཛུགས་སྐྱོང་གི་གསོ་སྦྱོང་སྤེལ་འདོད་ཡོད། མཉམ་འབྲེལ་རྒྱལ་ཚོགས་དང་། ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་གླེང་སྟེགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་མང་རིང་ལུགས་ཐུན་མོང་ཐོག་ལག་ལེན་བསྟར་བ། དྲང་བདེན་དང་དྲང་གཞག་ལ་སྲུང་སྐྱོང་བྱེད་དགོས་ཞེས་བསྟན་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་དབར་འགྲོ་འོང་གི་ལོ་རྒྱུས་ཡུན་རིང་ལྡན་པ་དང་། མི་དམངས་ཀྱི་མཛའ་བརྩེ་ཟབ་པ། ཐུན་མོང་གི་འཕེལ་རྒྱས་དགོས་མཁོ་བཅས་ཡོད། ཀྲུང་གོ་ཕྱོགས་ཀྱིས་གླིང་ཕྲན་རྒྱལ་ཁབ་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་གྱི་མཉམ་ལས་སྒྲོམ་གཞིའི་ནང་ཕན་ཚུན་རོགས་རམ་བྱེད་པ་ཞིག་ཡིན་པས། ཕྱོགས་གསུམ་པར་དམིགས་པ་ཞིག་མིན་ལ། ཕྱོགས་གསུམ་པའི་འགལ་རྐྱེན་ཡང་ཕོག་མི་འོས་པ་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་ནས་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་སྐབས་གླིང་ཕྲན་རྒྱལ་ཁབ་ཀྱི་རང་བདག་མཐའ་འཁྱོངས་དང་། འཕེལ་རྒྱས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས། སྒོ་དབྱེའི་ཁོང་ཡངས་མཐའ་འཁྱོངས་བཅས་བྱེད་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད། གླིང་ཕྲན་རྒྱལ་ཁབ་ལ་རང་རྒྱལ་ཁབ་ཀྱི་རྒྱལ་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་འདེམས་དབང་ཡོད་པ་དང་། འཕེལ་རྒྱས་ཀྱི་རོགས་ཟླ་ཚང་མ་དང་མཛའ་གྲོགས་མཉམ་ལས་བྱེད་པའི་དབང་ཆ་ཡོད། ཀྲུང་གོ་ཕྱོགས་ཀྱིས་གླིང་ཕྲན་རྒྱལ་ཁབ་འཕེལ་རྒྱས་ཆེད་མུ་མཐུད་རང་ནུས་ཡོད་རྒུས་རྒྱབ་སྐྱོར་བྱེད་འདོད་ཡོད་ལ། ཕྱོགས་གསུམ་པའམ་ཡང་ན་ཕྱོགས་མང་པོའི་མཉམ་ལས་ཀྱང་བྱེད་འདོད་ཡོད་ཅེས་བསྟན་གནང་ཡོད།

ཞི་སྨི་ནཱ་ཡིས། སྨི་ཁེ་ལུའོ་ཉི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ཚུན། རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། ཕན་ཚུན་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ་སོགས་ཀྱི་གཞི་རྩའི་རྩ་དོན་མཐའ་འཁྱོངས་བྱས་པས། ཕྱོགས་གཉིས་པོའི་འབྲེལ་བར་འཕེལ་རྒྱས་མྱུར་པོ་བྱུང་ཡོད། སྨི་ཁེ་ལུའོ་ཉི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་བརྟན་པོ་ཞུས་ཏེ། འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་ནི་ཀྲུང་གོ་ཡོངས་ཀྱི་ཚབ་བྱེད་པའི་ཁྲིམས་མཐུན་སྲིད་གཞུང་ཉག་གཅིག་དེ་ཡིན་པ། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་བཅས་ཀྱི་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། ཐའེ་ཝན་དང་འབྲེལ་བ་ཡོད་པ་དང་། ཤང་ཀང་དང་འབྲེལ་བ་ཡོད་པ། ཤིན་ཅང་དང་འབྲེལ་བ་ཡོད་པ། བོད་ལྗོངས་དང་འབྲེལ་བ་ཡོད་པ་སོགས་ལྟེ་བའི་ཁེ་ཕན་གྱི་གནད་དོན་ཐད་ཀྲུང་གོའི་ལངས་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ནས་ཐུན་མོང་གོང་འཕེལ་མངོན་འགྱུར་བྱེད་པ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་། དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་སྨི་ཁེ་ལུའོ་ཉི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་སོགས་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྩ་ཆེའི་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། རྒྱུད་གཅིག་ལམ་གཅིག་སྒྲོམ་གཞིའི་འོག་ཞིང་ལས་དང་ཉ་ལས། དཔལ་འབྱོར་ཉོ་ཚོང་། མ་འཇོག ཡུལ་སྐོར། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། གནམ་གཤིས་འགྱུར་ལྡོག་ལ་ཐུན་མོང་ཐོག་ཁ་གཏད་གཅོག་འདོད་ཡོད། ཀྲུང་གོས་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ས་ཁུལ་དུ་མཉམ་ལས་བྱས་པ་དེས་ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ལ་ཕན་ཐོགས་ཡོད་པས། སྨི་ཁེ་ལུའོ་ཉི་ཞི་ཡ་ཕྱོགས་ཀྱིས་གླིང་ཕྲན་རྒྱལ་ཁབ་དང་ཀྲུང་གོའི་དབར་མཉམ་ལས་བྱ་རྒྱུར་མུ་མཐུད་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་ཞེས་བསྟན་གནང་ཡོད།

མཇལ་མོལ་གནང་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་། སྦགས་མེད་འཕེལ་རྒྱས། ཞིང་ལས། སྨན་བཅོས་འཕྲོད་བསྟེན། རྨང་གཞིའི་སྒྲིག་བཀོད། འཕེལ་རྒྱས་མཉམ་ལས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་ཐུན་མོང་ཐོག་བདེན་དཔང་གནང་ཡོད།

ཕྱོགས་གཉིས་པོས༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སྨི་ཁེ་ལུའོ་ཉི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱི་མཉམ་འབྲེལ་གསལ་བསྒྲགས༽སྤེལ་རྒྱུ་ཡིན་པ་རེད།

དེ་ཉིན་དགོང་མོར། ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་ཞི་སྨི་ནཱ་སྟངས་དཔྱལ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་གནང་ཡོད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཐིང་ཧུའེ་དང་མཇལ་འཛོམས་གནང་བ། ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་རྒྱལ་ཚོཊ་ཀྱི་ཀྲུའུ་ཞི་དང་མཇལ་འཕྲད་གནང་བ། ཞི་ཅིན་ཕིང་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་པ། ཞི་ཅིན་ཕིང་གི་གསུང་བཤད་འདིས་མི་རྣམས་ལ་སྐུལ་མ་ཆེན་པོ་ཐེབས།