སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚེས ༡༠ ཉིན་གྱི་ཕྱི་དྲོ་པེ་ཅིང་དུ་མ་དབྱིང་ཅིའུ་བཅས་པ་དང་མཇལ་འཕྲད་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་སྤྱི་ཡོངས་ཀྱི་ཁེ་ཕན་དང་ཕུགས་ཀྱི་གོང་འཕེལ་ལ་གཞིགས་ནས་མཚོ་ཁག་གཡས་གཡོན་གཉིས་ཀྱི་འབྲེལ་བའི་གནས་བབ་ཆེན་པོར་སྟངས་འཛིན་བྱེད་དགོས་ཞེས་ནན་སྟོན་གནང་བ་དང་། མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བ་གོང་འཕེལ་ལ་ཡང་དག་པའི་ཁ་ཕྱོགས་གསལ་སྟོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླར་ཐུན་མོང་གི་ཁྲག་རྒྱུན་དང་། ཐུན་མོང་གི་རིག་གནས། ཐུན་མོང་གི་ལོ་རྒྱུས་བཅས་ཡོད་ལ། དེ་བས་གལ་འགངས་ཆེ་བ་ནི་ང་ཚོས་མི་རིགས་ལ་ཐུན་མོང་གི་འགན་འཁྲི་འཁུར་བ་དང་། འབྱུང་འགྱུར་ལ་ཐུན་མོང་གི་རེ་འདུན་བཅངས་ཡོད། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླས་ཐའེ་ཝན་རང་བཙན་ཟེར་བའི་ཁ་ཕྲལ་བྱེད་སྤྱོད་དང་ཕྱི་སྟོབས་ཤུགས་ཀྱི་ཐེ་ཇུས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཁྱིམ་གཞིས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཞི་བདེ་གཅིག་གྱུར་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་དོན་གཉེར་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་ཀྲུང་གོ་བ་རང་ཉིད་ཀྱི་ལག་ནང་དམ་པོར་འཛིན་དགོས་ཞེས་བསྟན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལ་མཚོ་འགག་གཡས་གཡོན་གཉིས་ཀར་ལན་ཆ་ཆེན་པོ་བྱུང་ཡོད།
མཇལ་འཕྲད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་ཀྱིས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད། མཚོ་འགག་གཡས་གཡོན་གཉིས་པོ་ཁ་འབྲལ་དུ་མི་རུང་བའི་ལོ་རྒྱུས་བྲིས་ཡོད་ལ། མཚོ་འགག་གཡས་གཡོན་གཉིས་པོའི་སྤུན་ཟླ་ཁྲག་རྒྱུན་གཅིག་ཏུ་འབྲེལ་བའི་ལོ་རྒྱུས་ཀྱི་དོན་དངོས་ཀྱང་བཀོད་ཡོད། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླ་ཚང་མ་ཀྲུང་གོ་བ་ཡིན་པས། སེལ་མི་ཐུབ་པའི་འགལ་བ་གང་ཡང་མེད་ལ། གྲོས་བསྡུར་བྱེད་མི་ཆོག་པའི་གནད་དོན་ཅི་ཡང་མེད་པས། སྟོབས་ཤུགས་གང་རུང་གིས་ང་ཚོ་ཁ་ཕྲལ་དུ་གཏོང་མི་ཐུབ་ཅེས་བསྟན་གནང་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་འགག་གཡས་གཡོན་གཉིས་ཀྱི་གཞོན་ནུ་རྣམས་ནས་རང་ཉིད་ཀྲུང་གོ་བ་ཞིག་ཡིན་པའི་བློ་སྟོབས་དང་། ལ་རྒྱ། གདིང་ཤུགས་བཅས་ཆེ་རུ་གཏོང་བ་དང་། བསམ་སྦྱོར་གཅིག་མཐུན་གྱིས་མདུན་སྐྱོད་བྱས་ཐོག ལོ་རྒྱུས་རྒྱུན་འཛིན་ཡག་པོ་བྱས་ཏེ་མི་རིགས་བསྐྱར་དར་མངོན་འགྱུར་ཡོང་ཆེད་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་ཐུགས་རེ་གནང་ཡོད། ཐའེ་ཝན་གྱི་གཞོན་ནུ་ལི་ལེའང་དབྱི་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར་དུས་ཡུན་རིང་བའི་ལོ་རྒྱུས་ལྡན་པ་དང་། སྔོན་བྱོན་པ་ཚོས་འབད་བརྩོན་གནང་བའི་དྲིན་གྱིས། ང་ཚོར་ད་ལྟའི་དཔལ་འབྱོར་དང་དམངས་འཚོ་སོགས་ཕྱོགས་གང་ཅིའི་ཐད་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་བའི་དུས་མཚམས་འདི་དབང་བར་གྱུར་ཡོད་ཅེས་གསུངས་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་དུང་། རྒྱལ་ཁབ་ཀྱི་འབྱུང་འགྱུར་ནི་གཞོན་ནུར་ཐུག་ཡོད་པས་མཚོ་འགག་གཡས་གཡོན་གཉིས་ཀྱི་གཞོན་ནུ་ཚོས་ངེས་པར་དུ་ཕན་ཚུན་རོགས་རེས་དང་མཉམ་ལས་མང་ཙམ་བྱེད་དགོས་ཞེས་གསུངས་གནང་བ་རེད་ཅེས་བརྗོད།
པེ་ཅིང་སློབ་ཆེན་གྱི་སློབ་མ་དབྱང་ཁྲེན་གྱིས། སྤྱི་ཁྱབ་ཧྲུའུ་ཅིས་གསུང་བཤད་གནང་སྐབས། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླར་ཐུན་མོང་གི་ཁྲག་རྒྱུན་དང་། ཐུན་མོང་གི་རིག་གནས། ཐུན་མོང་གི་ལོ་རྒྱུས་བཅས་ཡོད་ཅེས་གསུངས་གནང་བ་དང་། དོན་འདིར་ང་ལ་མྱོང་ཚོར་ཟབ་མོ་བྱུང་། ང་ཚོའི་བར་མཚོ་འགག་གཅིག་གིས་བར་ཐག་ཆོད་ཡོད་ནའང་། ང་ཚོ་ཁ་ཕྱོགས་གཅིག་ལ་སྐྱོད་པའི་བརྩེ་སེམས་ཀྱི་འབྲེལ་མཐུད་དེས་རྐྱེན་པས་ཆུང་དུ་ཕྲན་ཙམ་ཡང་འགྲོ་མི་སྲིད་པ་ང་ཚོ་ཚང་མས་ཡིད་ཆེས་བྱེད་ཀྱི་ཡོད་ལ། མཚོ་འགག་གཡས་གཡོན་གཉིས་པོ་སྤེལ་རེས་བྱེད་པའི་དུས་རབས་ཀྱི་རླབས་རྒྱུན་ཆེན་པོའི་ཁྲོད་གཞོན་ནུ་ཡོད་ངེས་པ་དང་། འདོད་འདུན་མཐུན་ན་རི་ཀླུང་ཆོད་ཀྱང་སྒྲུབ་ཐུབ་པས། མཚོ་འགག་གཡས་གཡོན་གཉིས་ཀྱི་གཞོན་ནུས་ཕན་ཚུན་ཤེས་རྟོགས་དང་ཕན་ཚུན་བརྩེ་སེམས་འཆང་སྟེ་ལག་གདང་དཔུང་སྦྲེལ་བྱ་རྒྱུའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།
ཐའེ་ཝན་གྱི་གཞོན་ནུ་ལིའུ་པིང་རུའེ་ཡིས། ད་ཐེངས་ཀྱི་འགྲུལ་བཞུད་འདིའི་ནང་ན་ནིང་ཐའེ་ཝན་དུ་ཡོང་མཁན་གྲོགས་པོ་ཚོ་དང་བསྐྱར་དུ་འཕྲད་བྱུང་བས། ང་ཚོའི་བར་ ལས་འབྲེལ་བཟང་པོ་བྱུང་ཡོད། གཞོན་ནུའི་དབར་ནི་གྲོགས་པོ་དང་གྲོགས་པོའི་དབར་གྱི་འགྲོ་འོང་ཡིན་པས། དེར་སེམས་གཏིང་ནས་མྱོང་ཚོར་དང་སེམས་གཏིང་ནས་ཉམས་ལེན་བྱེད་དགོས། ང་ཚོས་མཚོ་འགག་གཡོས་གཡོན་གཉིས་ཀྱི་དབར་འཁྱགས་གཏོར་ཟམ་སྐྲུན་བྱས་ཏེ། མཚོ་འགག་གཡས་གཡོན་གཉིས་ཀྱི་གཞོན་ནུའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསུ་ཐུབ་པའི་རེ་བ་བྱེད་བཞིན་ཡོད་ཅེས་བརྗོད་ཡོད།
ཐའེ་ཝན་གྱི་གཞོན་ནུ་ཁྲེན་ཡིའུ་ཅེ་ཡིས། ང་ཚོར་འབྱུང་རྩ་གཅིག་པའི་སྤུན་ཟླའི་བརྩེ་དུང་དང་རིག་གནས་ཀྱི་འབྲེལ་བ་ཡོད་པས། གཞོན་ནུ་སྤུན་ཟླ་ཡིན་པའི་ངོས་ནས། ང་ཚོས་རང་རྟོགས་ངང་ཀྲུང་ཧྭའི་རིག་གནས་ལ་སྲུང་སྐྱོང་བྱེད་མཁན་དང་། རྒྱུན་འཛིན་བྱེད་མཁན། དར་སྤེལ་གཏོང་མཁན་བཅས་བྱས་ཏེ། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླའི་བློ་སེམས་དང་མཐུན་པའི་དྲང་ནུས་དང་བློ་ཁ་ཕྱོགས་ཤུགས་སྔར་བས་མང་བ་དང་སྔར་བས་སྟོབས་ཆེ་བ་གཅིག་སྡུད་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་ཀྱི་སྤྱི་ཡོངས་ཀྱི་ཁེ་ཕན་དང་ཕུགས་ཀྱི་གོང་འཕེལ་ལ་གཞིགས་ནས་མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བའི་ཁྱོན་ཡོངས་ཁོང་དུ་ཆུད་པར་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་ཁྱིམ་གཞིས་སྲུང་བ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་བདེ་སྐྱིད་ཐུན་མོང་ཐོག་གཏོད་པ། བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ། བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
མཚོ་འགག་གཡས་གཡོན་གཉིས་པོ་ཞི་བདེ་གོང་འཕེལ་གླེང་སྟེགས་ཀྱི་གཅིག་སྡུད་མཁན། ཐའེ་ཝན་ངལ་རྩོལ་ཏང་གི་ཀྲུའུ་ཞི་ཝུའུ་རུང་ཡོན་གྱིས། ངའི་བསམ་པར་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་རྒྱ་དང་ད་དུང་ཁོང་གི་ཆབ་སྲིད་ཀྱི་མཐོ་ཚད་ཀྱིས་སྤུན་ཟླ་ཐའེ་ཝན་བར་བརྒྱུད་བསྒྲགས་གནང་བ་ནི་ཧ་ཅང་དྲོ་སྐྱིད་ལྡན་པའི་ཚོར་བ་ཞིག་རེད་བསམ་གྱི་འདུག ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོ་འདིའི་ནང་ཡོད་ཚེ། གྲོས་མོལ་བྱེད་མི་ཐུབ་པ་དང་ཐག་གཅོད་བྱེད་མི་ཐུབ་པའི་བྱ་བ་གང་ཡང་མེད། ཐའེ་ཝན་རང་བཙན་ཟེར་བ་ནི་ཐར་ས་མེད་པའི་སྲང་ལམ་ལྟ་བུ་ཞིག་རེད། གཅིག་གྱུར་ནི་ལམ་སྟོན་སྒྲོན་མེ་ལྟར་ཐའེ་ཝན་གྱི་འགྲོ་ལམ་ལ་ཁྲིད་སྟོན་བྱེད་བཞིན་ཡོད་ཅེས་བརྗོད་ཡོད།
མ་དབྱིང་ཅིའུ་ཐེབས་རྩ་ལྷན་ཚོགས་ཀྱི་ལག་བསྟར་དཔོན་ཞའོ་ཞུས་ཚེན་གྱིས། ངའི་བསམ་པར་ཀྲུང་ཧྭའི་རིག་གནས་ནི་མཚོ་འགག་གཡས་གཡོན་གཉིས་ཀྱི་ཐུན་མོང་གི་རྩ་བ་ཡིན་པ་དང་། ང་ཚོ་ཚང་མ་མེས་པོ་ཡན་ཧོང་གི་བུ་རྒྱུད་ཡིན། གོ་གཉིས་ལོའི་ཐུན་མོང་ངོས་འཛིན་ནི་མཚོ་འགག་གཡས་གཡོན་གཉིས་མཉམ་བགྲོད་ཐུབ་པར་རོགས་རམ་བྱེད་པའི་ཐུན་མོང་གི་ཆབ་སྲིད་རྨང་གཞི་རེད་བསམ་གྱི་འདུག དེར་བརྟེན་ང་ཚོས་ཀྱང་ཐའེ་ཝན་གྱི་ཏང་ཤོག་གང་ཞིག་ཡིན་རུང་ཚང་མ་མཚོ་འགག་གཡས་གཡོན་གཉིས་ཀྱི་ཐུན་མོང་གི་ཆབ་སྲིད་རྨང་གཞིའི་ཐོག་ལོག་ནས་མཚོ་འགག་གཡས་གཡོན་གཉིས་ཀྱི་སྤེལ་རེས་སླར་གསོ་བྱ་རྒྱུའི་རེ་འབོད་བྱེད་ཀྱི་ཡོད། དེ་ནི་གཞི་ནས་མི་དམངས་ཀྱི་བདེ་སྐྱིད་ཡིན་ཞེས་བརྗོད་ཡོད།
ཐའེ་ཝན་གྱི་ཚོང་པ་ཡང་ཁྲའོ་ཧུང་གིས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་འདུ་ཤེས་ནི་ཀྲུང་ཧྭ་རིག་གནས་ཡིན། གང་ལགས་ཤེ་ན། རིག་གནས་ཀྱི་ཁྲོད་ནས་ང་ཚོས་ལོ་ངོ་ལྔ་སྟོང་གི་ལོ་རྒྱུས་ལ་རྒྱུས་ལོན་བྱེད་ཐུབ་པ་དང་། ཀྲུང་ཧྭའི་རིག་གནས་ཀྱི་རྒྱ་ཆེ་གཏིང་ཟབ་ལ་དེ་བས་མྱོང་ཚོར་བྱེད་ཐུབ་ལ། མི་རིགས་ཀྱི་བློ་སྤོབས་སྐྱེས་པའི་གདིང་ཤུགས་ཀྱང་དེ་བས་ཆེ་བ་ཡོང་ཐུབ། ངས་མཚོ་འགག་གཡས་གཡོན་གཉིས་ལ་སྤེལ་རེས་ཀྱི་གོ་སྐབས་དེ་བས་མང་བ་ཡོད་པ་དང་། ཐུན་མོང་ཐོག་ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་བྱས་ནས་མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླའི་བདེ་སྐྱིད་ཆེ་རུ་གཏོང་བ་དང་ཀྲུང་ཧྭ་དར་རྒྱས་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད།
པེ་ཅིང་སློབ་ཆེན་ཐའེ་ཝན་ཞིབ་འཇུག་ཁང་གི་འགོ་འཛིན་ལི་དབྱི་ཧུའུ་ཡིས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ནི་དུས་རབས་གསར་པར་རང་རེའི་ཏང་གིས་ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་ཐབས་ཇུས་ཀྱི་གསོན་ཉམས་ལྡན་པའི་རྒྱས་བཤད་གཞན་ཞིག་ཡིན། འགལ་རྐྱེན་སེལ་ནས་མཐར་ཀྲུང་གོའི་རྒྱལ་ཁབ་གཅིག་གྱུར་དང་མཚོ་འགག་གཡས་གཡོན་གཉིས་ཀྱི་ཁྱིམ་ཚང་དང་རྒྱལ་ཁབ་མཉམ་འཛོམས་ཡོང་བ་བྱ་རྒྱུར་ང་ཚོར་ཆོད་སེམས་ཡོད་ལ་སྟོབས་ཤུགས་ཀྱང་ཡོད་ཅིང་། སྙིང་སྟོབས་ཡང་ཡོད་ཅེས་བརྗོད་ཡོད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་མ་ཡིང་ཅིའུ་དང་བཅས་པར་མཇལ་འཕྲད་གནང་བ། ཞི་ཅིན་ཕིང་གིས་སྨི་ཁེ་ལུའོ་ཉི་ཞི་ཡའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཞི་སྨི་ནཱ་དང་མཇལ་མོལ་གནང་བ། ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཐིང་ཧུའེ་དང་མཇལ་འཛོམས་གནང་བ། ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་རྒྱལ་ཚོཊ་ཀྱི་ཀྲུའུ་ཞི་དང་མཇལ་འཕྲད་གནང་བ།