གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་རྨ་ཆུ་རྒྱུད་ཀྱི་འབྱུང་ཁམས་སྲུང་སྐྱོང་ཐད་བསྟན་དོན།

སྤེལ་དུས་: 2024ལོ་09ཟླ་19ཚེས་ 12:20 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས ༡༢ ཉིན་གྱི་ཕྱི་དྲོ་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་དུ་རྨ་ཆུ་འབབ་རྒྱུད་ཀྱི་འབྱུང་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད། གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ་དང་། སྲུང་སྐྱོང་གཙོ་བོར་འཛིན་པ་དང་བཅོས་སྒྲིག་གལ་ཆེར་འཇོག་པའི་འཐབ་ཇུས་ཀྱི་བླང་བྱ་ཁོང་དུ་གང་ལེགས་ཆུད་པར་བྱས་ཐོག སྔར་ལས་ལྷག་པའི་སྒོ་ནས་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་སྒུལ་ཤུགས་སུ་བྱས་ཏེ། འབྱུང་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་གོང་འཕེལ་མཐའ་འཁྱོངས་བྱེད་པ་དང་། ཆུ་ལ་གཞིགས་ནས་བྱ་སྤྱོད་སྤེལ་བ་དང་ཆུ་གྲོན་ཆུང་བྱེད་པ་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་ནས་ཐབས་ཇུས་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། འབབ་རྒྱུད་ཡོངས་ཀྱི་འབྱུང་ཁམས་སྲུང་སྐྱོང་སྐས་རིམ་གསར་པར་ སླེབས་པ་དང་། ལྗང་མདོག་བརྗེ་སྒྱུར་ལ་འཕེལ་རིམ་གསར་པ་ཐོན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོན་པ། མི་དམངས་མང་ཚོགས་ཀྱི་འཚོ་བར་ལེགས་བཅོས་གསར་པ་ཡོང་བ་བཅས་ལ་སྐུལ་འདེད་བཏང་སྟེ། རྨ་ཆུ་འབབ་རྒྱུད་ཀྱི་འབྱུང་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་ཞེས་ནན་སྟོན་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་ཚའེ་ཆི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།

བཞུགས་མོལ་ཚོགས་འདུའི་ཐོག རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཀྲེང་ཧྲན་ཅེ་དང་། ཀན་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་། ཧྲའན་ཞི་ཞིང་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་དབྱི་ཏེ། ཧོ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ལོའུ་དབྱང་ཧྲེང་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་ནས། རྨ་ཆུ་འབབ་རྒྱུད་ཀྱི་འབྱུང་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ལས་ཀའི་གནས་ཚུལ་སྙན་སེང་ཞུས་པ་དང་བསམ་འཆར་དང་གྲོས་འགོ་བཏོན་གནང་ཡོད། བཞུགས་མོལ་ཚོགས་འདུར་ཞུགས་མཁན་ཞིང་ཆེན་དང་རང་སྐྱོང་ལྗོངས་གཞན་དག་གི་འགན་འཁུར་བློ་མཐུན་གཙོ་བོས་ཡིག་ཐོག་གཏམ་བཤད་ཕུལ་ཡོད།

ཚང་མའི་གཏམ་བཤད་གསན་གྲུབ་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། ཏང་ཀྲུང་དབྱང་གིས་རྨ་ཆུ་འབབ་རྒྱུད་ཀྱི་འབྱུང་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་བཏོན་ཚུན། རྨ་ཆུ་འབབ་རྒྱུད་ཀྱི་འབྱུང་ཁམས་ཁོར་ཡུག་གི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ་དང་། ཆུའི་བདེ་འཇགས་འགན་ལེན་གྱི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ། ནུས་རྒྱུ་དང་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་ཕྱིན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བཀྲག་མདངས་འཚེར་ས་མི་ཉུང་བ་ཞིག་ཐོན་པ། རྨ་ཆུ་འབབ་རྒྱུད་ཀྱི་འབྱུང་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་འགོ་འཛུགས་ས་དེ་བས་མཐོ་བའི་ཐོག་སླེབས་ཡོད། དེ་དང་དུས་མཚུངས་ད་དུང་དཀའ་གནད་མི་ཉུང་བ་ཞིག་སྔར་བས་ཐག་གཅོད་བྱེད་དགོས་པ་ཤེས་དགོས་ཞེས་བཏོན་གནང་ཡོད།

ཞི་ཅིན་ཕིང་གིས། རྨ་ཆུ་འབབ་རྒྱུད་ཀྱི་འབྱུང་ཁམས་སྲུང་སྐྱོང་ཆེན་པོ་དང་མཐུན་སྦྱོར་ཆེན་པོའི་རྣམ་པ་རྒྱུན་མཐུད་ངང་འཐུས་སྒོ་ཚང་དུ་བཏང་ནས། རྒྱལ་ཁབ་ཀྱི་འབྱུང་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་དགོས། རྨ་ཆུ་བཅོས་སྐྱོང་གི་མ་ལག་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་སྔར་བས་མངོན་གསལ་དོད་དུ་གཏོང་བ་དང་། ཆུ་བོའི་སྟོད་རྒྱུད་དང་སྨད་རྒྱུད་ཀྱི་གཞི་གཅིག་ཅན་གྱི་འབྱུང་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བ། འབྱུང་ཁམས་མ་ལག་གལ་ཆེན་སྲུང་སྐྱོང་དང་སླར་གསོའི་ལས་གྲྭ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་བཅས་བྱས་ཏེ། འབབ་རྒྱུད་ཀྱི་འབྱུང་ཁམས་མ་ལག་གི་བརྟན་ལྷིང་རང་བཞིན་ཆེ་རུ་གཏོང་དགོས། བྱང་གསུམ་ལས་གྲྭའི་མཉམ་འགོག་མཉམ་བཅོས་བྱེད་ཤུགས་ཆེ་རུ་བཏང་སྟེ། སྤྱི་ཡོངས་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས། རྡོ་སོལ་སྔོག་འདོན་ཁུལ་གྱི་གས་རྡིབ་ཤོར་ཁུལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོན་ཁུངས་ཅན་གྱི་ས་ཁུལ་བརྗེ་སྒྱུར་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱ་དགོས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་རྒྱུན་མཐུད་དང་གཏིང་ཟབ་ངང་ཡག་པོ་རྒྱག་པ་དང་། ཡན་ལག་ཆུ་བོ་གལ་ཆེན་དང་མཚེའུའི་ཆུ་མཛོད་གཙོ་བོ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཆུ་བོའི་འགྲམ་རྒྱུད་དང་མཚེའུའི་མཐའ་འཁོར་ས་ཁུལ་གྱི་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལེགས་པོ་བཅས་བྱ་དགོས། རླུང་ཁམས་ཆེན་པོའི་སྦགས་བཙོག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཙོ་གནད་ལས་རིགས་ཀྱི་འབུད་བཤངས་ཚད་གཞི་དམའ་ཤོས་སྒྱུར་བཀོད་མགྱོགས་སུ་གཏོང་བ། རྡོ་སོལ་གཙང་ཞིང་ཕན་འབྲས་ཆེ་བའི་ངང་བཀོལ་སྤྱོད་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱ་དགོས། ཁ་ཐོར་དང་། ཟང་ཟིང་། སྦགས་བཙོག་བཅས་ཀྱི་ཁེ་ལས་ཁྲིམས་ལྟར་བཅོས་སྒྲིག་བྱས་ནས། ཉེན་ཁའི་འབྱུང་ཁུངས་དོ་དམ་ཚོད་འཛིན་ནུས་ལྡན་བྱ་དགོས། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ནོར་ཁྲལ་དང་། དངུལ་རྩ། མ་འཇོག རིན་གོང་གི་སྲིད་ཇུས་དང་ཚད་གཞིའི་མ་ལག་བཅས་ལག་བསྟར་བྱ་དགོས། འབྱུང་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། འབབ་རྒྱུད་ཡོངས་དང་། ཚོང་ར་ཅན། སྣ་མང་ཅན་བཅས་ཀྱི་འབྱུང་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། ཆུའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་ཀྱི་ལམ་ལུགས་ནན་ཤོས་ལག་ལེན་བསྟར་ནས། ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་ངང་བེད་སྤྱོད་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས། ཆུའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་པའི་ཚད་ཐིག་མཐོ་ཤོས་དམ་སྲུང་དང་། ཆུ་ལ་གཞིགས་ནས་གྲོང་ཁྱེར་གཏན་འཁེལ་དང་ཆུ་ལ་གཞིགས་ནས་ས་ཆ་གཏན་འཁེལ། ཆུ་ལ་གཞིགས་ནས་མི་གཏན་འཁེལ། ཆུ་ལ་གཞིགས་ནས་ཐོན་སྐྱེད་གཏན་འཁེལ་བཅས་ཀྱི་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ། འབབ་རྒྱུད་ཡོངས་ལ་ཁྱབ་པའི་ཆུ་ལེན་སྤྱོད་ཀྱི་བསྡོམས་འབོར་ཚོད་འཛིན་མ་ལག་འཐུས་ཚང་དུ་གཏོང་བ། ཆུ་གཞུང་ཨ་མ་དང་ཡན་ལག་ཆུ་བོའི་ཆུའི་ཐོན་ཁུངས་ཚན་རིག་དང་མཐུན་པར་བཀོད་སྒྲིག་བཅས་བྱ་དགོས། ས་འོག་ཆུའི་ཆུ་ཁ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དབུས་རྒྱུད་དང་སྨད་རྒྱུད་ཀྱི་ས་འོག་ཆུ་ཚད་བརྒལ་སྔོག་འདོན་བྱེད་རིགས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། འཐུང་ཆུའི་ཆུ་འགོར་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། བརྒྱད་བདུན་ཆུ་བགོ་བཤའི་ཇུས་གཞི་བརྟན་པོའི་ངང་ལེགས་སུ་གཏོང་བ་དང་ལེགས་སྒྲིག་བྱ་དགོས། ཆུ་དབང་ཉོ་ཚོང་འཚོལ་ཞིབ་ཧུར་ཐག་དང་ཚད་ལྡན་དུ་གཏོང་བར་སྐུལ་འདེད་བཏང་སྟེ། ཁྱོན་ཡོངས་ནས་ཆུའི་ཐོན་ཁུངས་ཀྱི་གྲོན་དངུལ་དེ་ཆུའི་ཐོན་ཁུངས་ཀྱི་དཔྱ་ཁྲལ་དུ་སྒྱུར་བར་སྐུལ་འདེད་གཏོང་དགོས་པ། ཆུ་གྲོན་ཆུང་གི་བྱ་སྤྱོད་སྤེལ་ནས། ཆུ་གྲོན་ཆུང་ཅན་གྱི་སྤྱི་ཚོགས་འཛུགས་སྐྱོང་གང་མགྱོགས་བྱ་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། གནོད་འགོག་གནོད་སེལ་གྱི་མ་ལག་འཐུས་ཚང་དུ་བཏང་སྟེ། རྨ་ཆུའི་ཆུ་རྒྱུན་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱ་དགོས། ཆུ་དང་བྱེ་མ་སྙོམ་སྒྲིག་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྐང་འཛིན་ཆུ་མཛོད་སོགས་ཆུ་བེད་ལས་གྲྭ་གལ་ཆེན་གཙོ་བོར་བྱེད་པའི་སྙོམ་སྒྲིག་མ་ལག་འཐུས་ཚང་དུ་གཏོང་དགོས། ཆུ་གཞུང་ཨ་མ་དང་ཡན་ལག་ཆུ་བོ་མཉམ་འགོག་མཉམ་བཅོས་རྒྱུན་འཁྱོངས་བྱེད་པ་དང་། ཆུ་གཞུང་ཨ་མའི་གཙོ་གནད་ཆུ་དུམ་དང་ཉེན་ཆེའི་ཨར་ལས་དང་ཉེན་ཆེའི་ཆུ་དུམ་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་སྟེ། ཆུ་རགས་གཙོ་བོའི་ཆུ་མཛོད་དང་རྨང་གཞིའི་སྒྲིག་བཀོད་ཀྱི་བདེ་འཇགས་འགན་སྲུང་བྱ་དགོས། རྨ་ཆུའི་ཆུ་བེད་ཀྱི་འགག་རྩའི་ལས་གྲྭ་གལ་ཆེན་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་དགོས། གནོད་འཚེར་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཉེན་ཟོན་སྔོན་བརྡ་དང་འཕྲལ་སྒྲུབ་ལན་ཆའི་མཉམ་འགུལ་ལ་ཤུགས་སྣོན་རྒྱག་དགོས། ཉེན་བཤེར་ཉེན་སེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གནོད་འགོག་གནོད་སེལ་སྐོར་གྱི་དྲིལ་བསྒྲགས་སློབ་གསོ་དང་རྒྱུན་ལྡན་ཅན་དང་དངོས་འཐབ་ཅན་གྱི་མཐུན་སྦྱོར་སྐུལ་སློང་གི་ནང་སྦྱོང་ལ་ཤུགས་སྣོན་རྒྱག་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། འཕེལ་རྒྱས་གཏོང་སྟངས་ཕྱོགས་ཡོངས་ནས་ལྗང་མདོག་ཅན་དུ་སྒྱུར་བར་སྐུལ་འདེད་བཏང་སྟེ། ཁྱད་ལྡན་བཟང་ཆའི་དེང་རབས་ཐོན་ལས་མ་ལག་འཛུགས་དགོས། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་ཐོན་སྐྱེད་བྱ་རྒྱུར་ལྷོད་གཡེང་སྤུ་ཙམ་མི་གཏོང་བར་དམ་འཛིན་ཡག་པོ་བྱེད་པ་དང་། ཞིང་ལས་ཚན་རྩལ་དང་སྒྲིག་ཆས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་ལས་གཞི་ཁྱོན་འོས་འཚམ་ངང་གཉེར་སྐྱོང་བྱ་རྒྱུ་འཕེལ་རྒྱས་གཏོང་བ། ཡུལ་བབ་དང་བསྟུན་ཏེ་ཁྱད་ཆོས་དང་བཟང་ཆ་ལྡན་པའི་ཞིང་ལས་འཕེལ་རྒྱས་གཏོང་བ་བཅས་བྱ་དགོས། ཐན་ཞོད་གང་བྱུང་ཡང་ལོ་ཏོག་བསྡུ་རྒྱུ་ཡོད་པའི་ཚད་མཐོའི་ས་ཞིང་འཛུགས་པ་དང་། བ་ཚྭ་ཅན་གྱི་ས་ཞིང་ཕྱོགས་བསྡུས་བསྒྱུར་བཀོད་དང་བེད་སྤྱོད་བྱེད་པར་དམ་འཛིན་ལེགས་པོ་བྱས་ཏེ། རྨོ་ཞིང་གི་སྤུས་ཀ་ལེགས་སུ་ཧུར་ཐག་གཏོང་དགོས་ཞེས་བསྟན་ཡོད།

ཞི་ཅིང་ཕིང་གིས། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་གྱི་བཀོད་པ་ལེགས་སུ་བཏང་ནས། ས་ངོས་ཀྱི་བཞུར་རྒྱུག་དང་ས་འོག་ཆུར་ཤུགས་རྐྱེན་ཐེབས་ཚད་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཆུང་དུ་གཏོང་དགོས། སྦགས་མེད་ཐཱན་ཉུང་གི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། རླུང་གློག་འོད་ཧྥུའི་རྟེན་གཞི་ཆེ་གྲས་དང་གློག་ཤུགས་ཕྱིར་གཏོང་བགྲོད་ལམ་འཆར་འགོད་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། ལས་རིགས་གཙོ་བོའི་ནུས་ཁུངས་གཙང་མའི་ཚབ་བྱེད་མགྱོགས་སུ་གཏོང་བ་བཅས་བྱ་དགོས། ཐོན་ལས་ཀྱི་ཚན་རྩལ་གསར་གཏོད་ནུས་པ་ཆེ་རུ་ཤུགས་ཆེན་གཏོང་བ་དང་། ལས་རིགས་གལ་ཆེན་གྱི་ནུས་སྲི་ཐཱན་ཆག་གི་བསྒྱུར་བཀོད་དང་སྒྲིག་ཆས་གསར་སྒྱུར་ལ་སྐུལ་འདེད་གཏོང་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་རྒྱ་སྟོབས་ཆེ་རུ་གཏོང་བ། ཡུལ་བབ་དང་བསྟུན་ཏེ་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་བཅས་བྱ་དགོས། ས་ཁོངས་ནང་གི་མཐོ་རིམ་སློབ་གྲྭ་དང་ཚན་ཞིབ་ཁང་སོགས་ཀྱིས་ལག་རྩལ་སྤོ་སྒྱུར་དང་ཐོན་ལས་ཅན་གྱི་ཞབས་ཞུའི་ལམ་སྲོལ་བཀོད་སྒྲིག་དང་འཛུགས་སྐྲུན་བྱ་རྒྱུར་སྐུལ་མ་བཏང་སྟེ། ཐོན་ལས་སྦྲེལ་ཐག་དང་གསར་གཏོད་སྦྲེལ་ཐག་མཐུན་སྦྱོར་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་དགོས་ཞེས་བསྟན་ཡོད།

ཞི་ཅིན་ཕིང་གིས། ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་སྒོ་དབྱེ་རྒྱ་ཆེར་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་སྣོན་དགོས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཚོང་ར་ཆེན་པོ་འཛུགས་སྐྲུན་བྱེད་པའི་ནང་ཟབ་འཇུག་བྱས་ཏེ། རྣམ་པ་སྣ་ཚོགས་པའི་ས་གནས་སྲུང་སྐྱོང་རིང་ལུགས་མཐའ་གཅིག་ཏུ་མེད་པར་བཟོ་དགོས། རྒྱལ་ཁབ་ལ་དབང་བའི་མ་རྩ་དང་རྒྱལ་ཁབ་ལ་དབང་བའི་ཁེ་ལས་བསྒྱུར་བཅོས་བྱ་རྒྱུ་གཏིང་ཟབ་ཏུ་གཏོང་བ་དང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས། བཟང་ཆ་གསབ་རེས་བྱེད་པའི་ས་ཁོངས་དཔལ་འབྱོར་བཀོད་པ་དང་རྒྱལ་ཁབ་ས་ཆའི་བར་སྟོང་མ་ལག་འཛུགས་སྐྱོང་བྱེད་པ་དང་། གྲོང་ཁྱེར་ཆེན་པོས་ནང་གནས་རྣམ་པའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ། རྨ་ཆུའི་འགྲམ་རྒྱུད་གྲོང་ཁྱེར་ཁྱུ་ཚོགས་ཀྱིས་མི་འབོར་གཅིག་འདུས་དང་ཐོན་ལས་རོགས་ལས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། འགྲིམ་འགྲུལ་དང་ནུས་ཁུངས། ཆུ་བེད་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ལས་བརྒལ་བའི་རྨང་གཞིའི་སྒྲིག་བཀོད་མ་ལག་གལ་ཆེན་འཐུས་ཚང་དུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ས་ཁོངས་གཞན་དག་གི་འཐབ་ཇུས་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱ་རྒྱུ་མཐུན་སྦྱོར་མཉམ་འགུལ་ཡོང་བར་སྐུལ་འདེད་གཏོང་དགོས། སྤུས་ཚད་མཐོ་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་ནང་ཧུར་ཐག་ཞུགས་པ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་བསྐྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་དར་རྒྱས་ལ་གཅིག་གྱུར་འཆར་འགོད་བྱས་ནས། དམངས་འཚོའི་བདེ་སྐྱིད་བརྟན་པོའི་ངང་ཆེ་རུ་གཏོང་དགོས། གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་དང་གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་མཐུན་སྦྱོར་ངང་འཕེལ་རྒྱས་དང་ལེགས་བསྡུས་ཞིབ་གཉེར་ངང་བཀོད་སྒྲིག་བྱེད་པར་ཁྲིད་སྟོན་བྱས་ཏེ། རྫོང་གྲོང་གི་ཐོན་ལས་དང་མི་འབོར་གྱི་ཐེག་ནུས་མཐོར་འདེགས་སུ་གཏོང་བ་དང་། འབྱུང་ཁམས་ཉམས་ཞན་ཁུལ་གྱི་ཐེག་ནུས་ཀྱི་གནོན་ཤུགས་ཆུང་དུ་གཏོང་དགོས། རྫོང་གྲོང་གིས་གྲོང་ཁྱེར་དང་སྦྲེལ་མཐུད་དང་གྲོང་གསེབ་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པར་བྱེད་པ་དང་། རྫོང་ཁོངས་སུ་སྔོན་ལ་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཡོང་བ་བྱ་དགོས་ཞེས་བསྟན་ཡོད།

ཞི་ཅིན་ཕིང་གིས། གྲོང་ཚོ་འཛུགས་སྐྲུན་ལ་རིགས་དབྱེ་སྐུལ་འདེད་བཏང་ནས། འཚོ་སྡོད་དང་ལས་གཉེར་བྱེད་པར་འཚམས་ཤིང་འཆམ་མཐུན་དང་མཛེས་སྡུག་ལྡན་པ་བཅས་ཀྱི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས། ཀུན་ཕན་ཅན་དང་རྨང་གཞི་ཅན། ཞབས་སྐྱོར་ཅན་བཅས་ཀྱི་དམངས་འཚོ་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས། ལས་ཞུགས་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་ཀྱི་ཐོན་ལས་གསོ་སྐྱོང་ཚང་མས་ལས་ཞུགས་ཐག་གཅོད་བྱེད་རྒྱ་ཆེ་རུ་གཏོང་རྒྱུར་མཐོང་ཆེན་བྱེད་དགོས། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས། གཞི་ཁྱོན་ལྡན་པའི་དབུལ་པོར་བསྐྱར་ལོག་དང་དབུལ་པོར་འགྱུར་རྒྱུ་སྔོན་འགོག་བྱེད་དགོས། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ཟབ་སྤེལ། མི་རིགས་དང་ཆོས་ལུགས་ཀྱི་བྱ་དོན་ཁྲིམས་ལྟར་བཅོས་སྐྱོང་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་དགོས་ཞེས་བསྟན་ཡོད།

ཞི་ཅིན་ཕིང་གིས། རྨ་ཆུའི་འབབ་རྒྱུད་ནི་ཀྲུང་ཧྭ་མི་རིགས་དང་ཀྲུང་ཧྭའི་ཤེས་དཔལ་གྱི་འབྱུང་ཁུངས་གལ་ཆེན་ཞིག་ཡིན་པས། རྨ་ཆུའི་རིག་གནས་སྲུང་སྐྱོང་དང་དར་སྤེལ་བཏང་ནས། ལོ་རྒྱུས་ཀྱི་རིག་གནས་འབྱུང་གཞི་དང་མི་རིགས་ཀྱི་རྩ་བ་རྒྱུན་འཛིན་ཡག་པོ་བྱེད་དགོས། རིག་གནས་ཤུལ་བཞག་དང་རང་བྱུང་ཤུལ་བཞག་ལ་སྤྱི་ཡོངས་རང་བཞིན་དང་མ་ལག་རང་བཞིན་གྱི་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གནའ་རྫས་རྟོག་ཞིབ་སོགས་ཀྱི་ལས་དོན་གཏིང་ཟབ་སྤེལ་དགོས། གསར་བརྗེའི་རིག་གནས་ཀྱི་ཐོན་ཁུངས་སྲུང་སྐྱོང་ཡག་པོ་བྱེད་པ་དང་། གསར་བརྗེའི་རིག་གནས་དར་སྤེལ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་བ་བཅས་བྱ་དགོས། རྨ་ཆུའི་རིག་གནས་ཀྱི་དུས་རབས་ཀྱི་རིན་ཐང་སྔོག་འདོན་གཏིང་ཟབ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་འབད་བརྩོན་ལྷོད་མེད་དང་བློ་བརྟན་འགྱུར་མེད་ཀྱི་མི་རིགས་ཀྱི་གཤིས་རྒྱུད་དང་འབད་འཐབ་ཀྱི་སྙིང་སྟོབས་གསལ་སྟོན་གང་ལེགས་བྱ་དགོས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ལྡན་པའི་རྨ་ཆུའི་རིག་གནས་ཡུལ་སྐོར་ཁུལ་འཛུགས་སྐྱོང་བྱ་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག ཀྲུང་དབྱང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་གིས་སྤྱི་འདོམས་མཐུན་སྦྱོར་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་དབྱང་འབྲེལ་ཡོད་སྡེ་ཚན་གྱིས་རང་འགུལ་ངང་ལས་དོན་སྤེལ་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། རྨ་ཆུའི་འགྲམ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་གི་ཏང་ཨུད་དང་སྲིད་གཞུང་གིས་བྱེད་པོའི་འགན་འཁྲི་འཁུར་ནས། སྤྱི་ཚོགས་ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱེད་པ། སེམས་ཤུགས་གཅིག་སྒྲིལ་གྱིས་དུས་རབས་གསར་པའི་རྨ་ཆུའི་མཉམ་གཞས་ཆེན་མོ་ཡག་པོ་བཏང་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས་མཇུག་ཏུ། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དཔལ་འབྱོར་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་བྱ་ཐབས་གལ་ཆེན་ཁག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། དུས་ཚིགས་གསུམ་པའི་དུས་མཇུག་དང་དུས་ཚིགས་བཞི་པའི་དཔལ་འབྱོར་ལས་དོན་དམ་འཛིན་ཡག་པོ་བྱས་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཏིང་ཞུའེ་ཞང་གིས་གསུང་བཤད་གནང་སྐབས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཐོག འབྱུང་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། རྨ་ཆུ་འབབ་རྒྱུད་ཀྱི་འབྱུང་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས། སྲུང་སྐྱོང་ཆེན་པོ་དེ་འགག་རྩའི་ལས་འགན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁོར་ཡུག་གི་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྲ་ཞིང་བརྟན་ལ་འདེགས་སྐྱོར་ནུས་ལྡན་གྱི་རྒྱལ་ཁབ་ཀྱི་འབྱུང་ཁམས་བདེ་འཇགས་སྲུང་ཡོལ་ཞིག་མགྱོགས་མྱུར་བསྐྲུན་དགོས། མི་དང་ཆུའི་འབྲེལ་བ་ཡི་ལས་དོན་འདི་ཞིབ་མོའི་བློ་ཡིས་ལེགས་པར་བསྒྲུབ་པ་དང་། ཆུ་བོ་བཞི་དང་གཏན་འཁེལ་བཞི་ཡི་རྩ་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཆུ་བོ་འབབ་རྒྱུད་ཡོངས་ཀྱི་ཆུའི་ཐོན་ཁུངས་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱ་དགོས། གཙོ་ནུས་ཐོན་ཁུལ་གྱི་ངེས་གནས་གཞིར་བཟུང་སྟེ། སོ་སོའི་བསྡུར་གཞི་ཡོད་པའི་དགེ་མཚན་འདོན་སྤེལ་དང་ཐོན་ལས་ཚན་རྩལ་གསར་གཏོད་བྱེད་ནུས་ཆེ་རུ་ཤུགས་ཆེན་གཏོང་བ། ཡུལ་བབ་དང་བསྟུན་ཏེ་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་བཅས་བྱ་དགོས། ཁྱོན་ཡོངས་ནས་བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཚོང་ར་ཆེན་པོ་འཛུགས་སྐྲུན་བྱེད་པའི་ནང་སྔར་ལས་ལེགས་པར་ཞུགས་པ། ཕྱི་ནང་གཉིས་ཀར་སྒོ་དབྱེ་བའི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྨ་ཆུ་འབབ་རྒྱུད་ཀྱི་འབྱུང་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་དང་གསོན་ཤུགས་ཆེན་པོ་སྣོན་དགོས་ཞེས་བསྟན་ཡོད།

ཧོ་ལི་ཧྥུང་དང་། ཝུའུ་ཀྲེང་ལུང་། མུའུ་ཧུང་། ཅང་ཤིན་ཀྲི་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་ཡོད་ཞིང་ལྗོངས་ཀྱི་འགན་འཁུར་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཐོག་ནན་བཤད་གནང་དོན། ཞི་ཅིན་ཕིང་གིས་ནོར་ཝེའི་དབུ་བཞུཊ་བློན་ཆེན་དང་མཇལ་འཕྲད་གནང་བ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། ཞི་ཅིན་ཕིང་གིས་ཙམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅཱ་ཀུའུ་ཝ་དང་ནི་ཀྲེ་རི་ཡའི་ཙུང་ཐུང་ཐི་ནུའུ་པུའུ་དང་སོ་སོར་གྲོས་མོལ་གནང་བ།