ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་ཧྥུ་ཅན་དུ་རྟོག་ཞིབ་གནང་སྐབས། ཧྥུ་ཅན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས། ལམ་སྲོལ་འཐུས་སྒོ་ཚང་བ་དང་ཐོན་ལས་ལེགས་པ། མང་ཚོགས་ཕྱུག་པ། འབྱུང་ཁམས་མཛེས་པ་བཅས་ཀྱི་ཧྥུ་ཅན་གསར་པ་འཛུགས་སྐྲུན་གྱི་དམིགས་ཚད་ལ་དམ་འཛིན་ལྷོད་མེད། འཆར་གཞི་གཅིག་མཐའ་འཁྱོལ་བཅས་བྱས་ཏེ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མགྱོགས་མྱུར་བསྐྲུན་རྒྱུའི་ཐད་ཡར་རྒྱས་སྔར་བས་ཆེ་བ་ཡོང་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་ཞུ་དང་དེའི་ནང་མཉམ་འདྲེས་བྱེད་པའི་ཐད་གྲུབ་འབྲས་སྔར་བས་ཆེ་བ་ཐོབ་པ། མཚོ་འགག་གཡས་གཡོན་གཉིས་མཉམ་འདྲེས་གོང་འཕེལ་གྱི་ལམ་བུ་གསར་པ་འཚོལ་ཞིབ་བྱེད་པའི་ཐད་གོམ་སྟབས་དེ་བས་ཆེ་བ་སྤོ་བ། སྤུས་ཚད་ལེགས་པའི་འཚོ་བ་སྐྲུན་པའི་ཐད་ཚད་བརྒལ་སྔར་བས་ཆེ་བ་ཡོང་བ། སྔར་ལས་ལྷག་པའི་ངང་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཁྲོད་དཔའ་ངར་ཆེར་སྐྱེད་ཀྱིས་སྔོན་ཐོན་བརྩོན་ལེན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཟླ ༡༠ ཚེས ༡༥ ནས ༡༦ ཉིན་བར། ཧྥུ་ཅན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཀྲོའུ་ཙུའུ་དབྱི་དང་ཞིང་ཆེན་གྱི་འགོ་འཛིན་ཀྲའོ་ལུང་གི་ཕེབས་རོགས་འོག ཞི་ཅིན་ཕིང་སྔ་རྗེས་སུ་ཀྲང་ཀྲོའུ་དང་ཤ་མོན་སོགས་སུ་ཕེབས་ཏེ། གྲོང་གསེབ་དང་གསར་བརྗེའི་སློབ་གསོའི་རྟེན་གཞི། རིག་དངོས་སྲུང་སྐྱོབ་ཚན་པ། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་སོགས་སུ་རྟོག་ཞིབ་དང་བརྟག་ཞིབ་གནང་ཡོད་པ་རེད།
ཚེས ༡༥ ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་དང་ཐོག་ཀྲང་ཀྲོའུ་གྲོང་ཁྱེར་ཏུང་ཧྲན་རྫོང་དུ་རྟོག་ཞིབ་གནང་བར་ཕེབས་ཡོད། རྫོང་དེའི་ཤར་ལྷོའི་རྒྱུད་ཀྱི་ཁྲེན་ཁྲེང་གྲོང་རྡལ་ཨའོ་ཅའོ་གྲོང་ཚོའི་མཐའ་གསུམ་རྒྱ་མཚོ་དང་ཉེ་བས། ཉེ་བའི་ལོ་ཤས་རིང་རྒྱ་མཚོར་བརྟེན་ནས་གྲོང་ཚོ་དར་རྒྱས་གཏོང་བ་དང་རྒྱ་མཚོར་བརྟེན་ནས་གྲོང་ཚོ་སྟོབས་ཆེར་གཏོང་བའི་ལམ་བུ་གསར་པ་ཞིག་ཏུ་བསྐྱོད་ཡོད། ཞི་ཅིན་ཕིང་ཞབས་ཐང་དུ་ཕེབས་ནས་ཨའོ་ཅའོ་མཚོ་ཁུག་གི་ཁོར་ཡུག་དང་གྲོང་ཚོའི་རྣམ་པར་གཟིགས་ཞིབ་གནང་བ་དང་། མཚོ་ཟས་སྐམ་སིལ་དང་ཉ་འཛིན་ཐོན་རྫས་ཉོ་ཚོང་གནས་ཚུལ་ཐད་མཁྱེན་རྟོགས་ཞིབ་ཕྲ་གནང་ཡོད། རྒྱ་མཚོའི་ཐོན་རྫས་མི་ཉུང་བ་ཞིག་ཉོ་ཚོང་གཉིས་ཀ་ཡག་པོ་ཡོད་པ་དང་གྲོང་མིའི་ཡོང་འབབ་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ་མཁྱེན་སྐབས། ཞི་ཅིན་ཕིང་དགྱེས་ཚོར་ཆེན་པོ་བྱུང་ཡོད། ཞི་ཅིན་ཕིང་གིས། ཁྱེད་ཚོའི་གྲོང་ཚོར་ལོ ༢༣ གྱི་གོང་ང་སླེབས་མྱོང་ཡོད། ད་ལྟ་ཡང་གསལ་པོ་དྲན་གྱི་འདུག ད་རེས་གྲོང་ཚོར་འཕོ་འགྱུར་ཧ་ཅང་ཆེན་པོ་བྱུང་བ་མཐོང་སྐབས་དགའ་ཚོར་ཆེན་པོ་བྱུང་ལ་ཚོར་སྣང་ཡང་ཟབ་མོ་བྱུང་། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་གྲོང་གསེབ་ལ་སྔར་བས་འོད་སྟོང་འཕྲོ་བའི་མདུན་ལམ་ཡོང་ངེས་ཡིན་ལ། ཞིང་པའི་འཚོ་བ་ཡང་སྔར་བས་ཡག་པ་སྐྱེལ་ཐུབ་ངེས་རེད། གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱིས་མེ་འཁོར་ཨ་མ་ལྟ་བུའི་ནུས་པ་འདོན་སྤེལ་བྱེད་དགོས་པ་སྟེ། ཡུལ་མི་སྤུན་ཟླ་ཚོར་སྣེ་ཁྲིད་ཀྱིས་རྒྱ་མཚོར་བརྟེན་ནས་གོང་འཕེལ་ལེགས་པར་བཏང་སྟེ། གྲོང་གསེབ་དར་རྒྱས་དང་ཐུན་མོང་ཕྱུག་འགྱུར་གྱི་བགྲོད་ལམ་ཐོག་ཞུམ་མེད་མདུན་སྐྱོད་བྱེད་དགོས། ཁྱེད་ཚོའི་འཚོ་བ་ཡག་ཐོག་ཡག་བརྩེགས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བསྟན་གནང་ཡོད།
དེ་རྗེས། ཞི་ཅིན་ཕིང་ཀུའུ་ཝུན་ཁྲང་དྲན་གསོ་ཁང་དུ་ཕེབས་ནས་བློ་མཐུན་ཀུའུ་ཝུན་ཁྲང་གི་མི་སེམས་འགུལ་བའི་བྱས་རྗེས་མཁྱེན་རྟོགས་གནང་བ་དང་། ས་གནས་དེ་གའི་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་ཚུལ་གྱི་ངོ་སྤྲོད་གསན་པ། ཀུའུ་ཝུན་ཁྲང་ལས་བྱེད་སློབ་གླིང་གི་དགེ་རྒན་དང་སློབ་མའི་འཐུས་མི་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ཡོད། ཞི་ཅིན་ཕིང་གིས། ལས་བྱེད་པའི་བྱས་འབྲས་བཟང་མིན་བསྡུར་ཞིབ་བྱེད་པའི་འགག་རྩ་ནི་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་མིན་ལ་བལྟ་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་བློ་མཐུན་ཀུའུ་ཝུན་ཁྲང་ལ་སློབ་སྦྱོང་ཞུས་ནས་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་བརྟན་པོ་བཙུགས་ཏེ། གང་དུ་དཔོན་གནས་འཁུར་ན་དེ་གར་ཕན་བདེ་བསྐྲུན་ཐུབ་པ་དང་། དམ་པ་དོན་གཉེར་དང་སྙིང་རུས་གཏན་འཁྱོངས་བྱས་ཏེ་མཛད་རྗེས་ཀྱི་རྡོ་རིང་མི་དམངས་མང་ཚོགས་ཀྱི་སེམས་ནང་འཛུགས་ཐུབ་པ་བྱེད་དགོས། བློ་མཐུན་ཀུའུ་ཝུན་ཁྲང་ལ་སློབ་སྦྱོང་བྱེད་སྐབས།ཡ་རབས་སྤྱོད་བཟང་ལ་གུས་བཀུར་ཡིད་སྨོན་བྱེད་དགོས་པ་མ་ཟད། ད་དུང་བཟང་པོ་མཐོང་ན་མིག་ལྟོས་ཡར་འགྲན་བྱེད་དགོས་པ་སྟེ། ཁོང་ལྟ་བུའི་མི་ཞིག་བྱེད་པ་དང་ཁོང་ལྟར་སྲིད་སྐྱོང་བྱེད་དགོས་ཞེས་བསྟན་གནང་ཡོད།
ཀོན་ཏི་རིག་གནས་ཐོན་ལས་གླིང་དུ། ཞི་ཅིན་ཕིང་གིས་ས་གནས་དེ་གའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པ་དང་མཚོ་འགག་གཡས་གཡོན་གཉིས་ཀྱི་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ཞུས་པར་གསན་ཡོད། ཁོང་གིས། རིག་གནས་ཤུལ་བཞག་ནི་མེས་པོ་ཚོས་བཞག་པའི་རྩ་ཆེའི་རྒྱུ་ནོར་ཞིག་ཡིན་པས། སྲུང་སྐྱོབ་ཡག་པོ་དང་རྒྱུན་འཛིན་ཡག་པོ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཚེས ༡༦ ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་ཤ་མོན་དུ་ཀྲུང་གོའིཧྥ༿ུ་ཅན༾རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་ཤ་མོན་ཡུག་ཁུལ་ལ་རྟོག་ཞིབ་གནང་བ་རེད། ཁོང་གིས་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་སྐྲུན་གྱི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་དང་། ས་གནས་དེ་གའི་བསྒྱུར་བཅོས་སྒོ་དབྱེ་རྒྱ་སྐྱེད་དང་མཚོ་འགག་གཡས་གཡོན་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ཞུས་པར་གསན་པ་དང་འབྲེལ། ཕྱོགས་བསྡུས་ཞབས་ཞུའི་ཚོམས་ཆེན་གྱི་སྐར་ཁུང་ལས་དོན་མི་སྣ་དང་ཕན་ཚུན་སྤེལ་རེས་གནང་བ་རེད།
ཞི་ཅིན་ཕིང་གིས། ཤ་མོན་དམིགས་བསལ་ཁུལ་ལ་ལོ ༤༠ ལྷག་ཙམ་འཕེལ་རྒྱས་ཕྱིན་པ་བརྒྱུད། སྐབས་དེ་དུས་ཀྱི་བསམ་ཡུལ་ལས་འདས་པའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ད་ཆ་བསྒྱུར་བཅོས་སྒོ་དབྱེར་དམ་འཛིན་བྱ་རྒྱུ་དེ་གཏིང་ཟབ་ཚད་དམ་རྒྱ་ཆེ་ཚད་གང་གི་ཐད་ནས་བརྗོད་ནའང་སྔར་གྱི་བླང་བྱ་ལས་དེ་བས་མཐོ་བ་ཡོད། ཧྥུ་ཅན་དང་ཤ་མོན་གྱིས་དུས་བབ་ཀྱི་འཕེལ་རྒྱས་དང་འཚམ་པ་བྱས་ཏེ། ལམ་ལུགས་རྣམ་པའི་སྒོ་དབྱེར་སྐུལ་འདེད་བརྟན་པོ་གཏོང་བ་དང་། རྒྱལ་སྤྱིའི་ཚད་གཞི་མཐོ་པོར་གཞིགས་ནས་ལས་དོན་གཏིང་ཟབ་དང་ཞིབ་ཕྲ་སྤེལ་བ། ལམ་ལུགས་རང་བཞིན་དང་སྲིད་ཇུས་རང་བཞིན་གྱི་གྲུབ་འབྲས་མང་ཙམ་ཐོན་པ་བཅས་བྱས་ཏེ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེ་རུ་གཏོང་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས་ཞེས་བསྟན་གནང་ཡོད།
ཚེས ༡༦ ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཤ་མོན་དུ་ཧྥུ་ཅན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་ཞུ་གསན་པ་དང་། ཧྥུ་ཅན་གྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་དང་འབྲེལ་གོམ་སྟབས་རྗེས་མའི་ལས་དོན་ཐད་བླང་བྱ་ཁ་གསལ་བཏོན་གནང་ཡོད།
ཞི་ཅིན་ཕིང་གིས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བའི་ཐད་ལམ་བུ་གསར་པ་གཏོད་དགོས། ཁྱོན་ཡོངས་ནས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་སྒྲིག་གཞི་ལམ་སྲོལ་གང་མགྱོགས་འཛུགས་པ་དང་། སློབ་གསོ་དང་ཚན་རྩལ་གྱི་ཤེས་ལྡན་མི་སྣའི་སྒྲིག་གཞི་ལམ་སྲོལ་གྱི་གཞི་གཅིག་བསྒྱུར་བཅོས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། བྱེད་ནུས་དང་རིམ་པ་མཐོ་བའི་ཚན་རྩལ་གསར་གཏོད་ཀྱི་སྟེགས་བུ་འཛུགས་ཤུགས་ཆེ་རུ་གཏོང་བ། ཚན་རྩལ་གྱི་འགག་གཏོར་བྱ་སྤྱོད་གལ་ཆེན་ལག་བསྟར་བྱེད་པ། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བྱེད་པོའི་གནས་བབ་ཤུགས་ཆེར་གཏོང་བ། དངུལ་རྩས་ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། སྔར་ལས་འཐུས་སྒོ་ཚང་བའི་གསར་གཏོད་ཁོར་ཡུག་དང་སྔར་ལས་ཡིད་དབང་འཕྲོག་པའི་ཤེས་ལྡན་མི་སྣའི་ཁོར་ཡུག་བསྐྲུན་དགོས། དངོས་ཚན་དཔལ་འབྱོར་བརྟན་སྲུང་དང་། སྲོལ་རྒྱུན་ཐོན་ལས་ཀྱི་བཟང་ཆ་བརྟན་དུ་གཏོང་བ། བརྗེ་སྒྱུར་རིམ་སྤོར་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། འབྱུང་འགྱུར་ཐོན་ལས་ལ་སྔོན་དཔག་བཀོད་སྒྲིག་བྱེད་པ། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་བ་བཅས་བྱས་ཏེ། ཐོན་ལས་འཕེལ་རྒྱས་ཀྱི་བཟང་ཆ་གསར་པ་གཏོད་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཆུ་ཚད་མཐོ་བའི་སྒོ་དབྱེ་རྒྱ་ཆེར་གཏོང་བའི་ཐད་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱེད་དགོས། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་པ་དང་། དཔལ་འབྱོར་གྱི་སྒྲིག་གཞི་བསྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་འབུར་དུ་ཐོན་པོ་བྱས་ཏེ། མུ་མཐུད་བློ་ཁོག་ཆེན་པོས་ཚོད་ལྟ་དང་བློ་ཁོག་ཆེན་པོས་མདུན་སྐྱོད། རང་བརྟེན་བསྒྱུར་བཅོས་བཅས་བྱེད་དགོས། གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས་རྒྱུན་འཁྱོངས་དང་། ཅིན་ཅང་གི་ཉམས་མྱོང་གསར་གཏོད་དང་འཕེལ་རྒྱས་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱི་མ་འཇོག་དང་ལས་སྐྲུན་གྱི་གསོན་ཤུགས་སྐུལ་སློང་གང་ལེགས་བྱེད་དགོས། མི་དམངས་མང་ཚོགས་ཀྱི་བསམ་བློ་གཏོང་ས་དང་རེ་སྒུག་བྱེད་སར་དམིགས་ནས། དམངས་འཚོའི་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་ཁག་སྔོན་ལ་དམ་འཛིན་ཡག་པོ་བྱེད་དགོས། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་རིམ་སྤོར་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་དང་རང་འགུལ་ངང་འབྲེལ་མཐུད་བྱེད་པ། སྤུས་ཚད་མཐོ་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་ནང་མཉམ་འདྲེས་གཏིང་ཟབ་བྱེད་པ། དུས་རབས ༢༡ པའི་མཚོ་ཐོག་དར་གོས་ལམ་བུའི་ལྟེ་བའི་ཁུལ་གཏོད་པ་བཅས་བྱས་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཀྱི་ལྷུ་ཚིགས་གལ་ཆེན་དང་བགྲོད་ལམ་གལ་ཆེན་གྱི་ནུས་པ་བརྟན་དུ་དང་རྒྱ་སྐྱེད་གཏོང་དགོས། མཚོ་འགག་གཡས་གཡོན་གཉིས་མཉམ་འདྲེས་གོང་འཕེལ་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་ཡག་པོ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ས་ཁོངས་མཐུན་སྦྱོར་གོང་འཕེལ་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐད་མིག་དཔེ་འདོན་དགོས། རི་མཚོའི་རོགས་ལས་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་ཟབ་ཏུ་བཏང་སྟེ། རི་མཚོ་གཅིག་གྱུར་འཆར་འགོད་དང་བྱེད་ནུས་ཕན་ཚུན་གསབ་རེས་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་འབྱུང་ཁམས་དཔལ་ཡོན་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱ་ཤུགས་ཟབ་ཏུ་གཏོང་བ་དང་། རི་རྩེ་ནས་རྒྱ་མཚོའི་བར་དུ་སྲུང་སྐྱོང་དང་བཅོས་སྐྱོང་བྱེད་པའི་གནས་སྟངས་གསར་པ་ཆགས་པར་བྱེད་པ། གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་འབབ་རྒྱུད། གཙོ་གནད་མཚོ་ཁོངས་བཅས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། འབྱུང་ཁམས་ཁོར་ཡུག་གི་ཤོང་ཚད་ཆེ་རུ་གཏོང་དགོས། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་དང་རྣམ་པ་གསར་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་ཟུང་འབྲེལ་ཡག་པོ་བྱེད་པར་ཤུགས་སྣོན་བརྒྱབ་ནས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་གྱི་གོམ་སྟབས་མགྱོགས་སུ་གཏོང་དགོས། རྫོང་ཁོངས་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་། གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་དང་སུའུ་ཁུལ་དར་རྒྱས་གོང་འཕེལ་མགྱོགས་སུ་གཏོང་བ། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་བརྟན་དུ་དང་རྒྱ་སྐྱེད་གཏོང་དགོས། རྨོ་ཞིང་གི་མ་མཐའི་ཚད་གཞི་བརྟན་སྲུང་བྱེད་པ་དང་། ཞིང་ལས་ཆེན་པོའི་ལྟ་བ་དང་ཟས་རིགས་ཆེན་པོའི་ལྟ་བ་བཙུགས་ཏེ། ཁྱད་ལྡན་ཞིང་ལས་ཐོན་ལས་ཀྱི་ཚོགས་པ་བསྐྲུན་དགོས། མཉམ་སྡེབ་ཀྱི་ནགས་ཚལ་བདག་དབང་ལམ་ལུགས་བསྒྱུར་བཅོས་ཟབ་སྤེལ་དང་། ནགས་ཚལ་གྱི་ཟས་རིགས་དང་ནགས་ཚལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བ། ནགས་ཚལ་གྱི་འབྲུ་མཛོད་དང་དངུལ་མཛོད་སྔོག་འདོན་དང་གསོ་སྐྱོང་ཟམ་མི་ཆད་པར་བྱེད་དགོས། ཧྥུ་ཀྲོའུ་དང་ཤ་མོན་གྱིས་རྒྱལ་ཡོངས་ཀྱི་རྒྱ་མཚོའི་དཔལ་འབྱོར་གོང་འཕེལ་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་རྒྱ་མཚོའི་དཔལ་འབྱོར་སྟོབས་ཆེ་རུ་གཏོང་དགོས། རྒྱ་མཚོའི་རླུང་འཚུབ་དང་ས་ཡོམ་སོགས་རང་བྱུང་གནོད་འཚེ་སྔོན་འགོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་། གནོད་སྐྱོབ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། རིག་གནས་ཀྱི་ཤུགས་རྐྱེན་ནུས་པ་ཆེ་རུ་གཏོང་བ་དང་ཧྥུ་ཅན་གྱི་གཟུགས་བརྙན་གསར་པ་མངོན་པའི་ཐད་སྙིང་རུས་ལྷོད་མེད་བྱེད་དགོས། གསར་བརྗེའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ཁྲང་ཏིང་དང་ཉིང་ཧྭ་ཡི་རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་ཡག་པོ་བསྐྲུན་ནས། གསར་བརྗེའི་ལོ་རྒྱུས་ཡིག་རིགས་དང་གསར་བརྗེའི་རིག་དངོས་ལ་ཞིབ་འཇུག་དང་གསལ་འགྲེལ་གཏིང་ཟབ་བྱེད་དགོས། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱུན་བསྲིང་ལྷོད་མེད་ངང་རིག་གནས་ལ་བརྟེན་ནས་མི་སྣ་ལེགས་སྐྱོང་གི་ལས་ཀ་ཡག་པོ་སྒྲུབ་པ། གོམས་སྲོལ་བསྒྱུར་བར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱེད་དགོས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གོང་འཕེལ་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། རིག་གནས་ཡུལ་སྐོར་ལས་རིགས་དེ་ཀ་རྟེན་ཐོན་ལས་སུ་སྐྱེད་སྲིང་བྱེད་དགོས། མཚོ་འགག་གཡས་གཡོན་གཉིས་ཀྱི་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་། ཐུན་མོང་ཐོག་ཀྲུང་ཧྭའི་རིག་གནས་དར་སྤེལ་གཏོང་བ། སྤུན་ཟླ་ཐའེ་ཝན་བའི་མི་རིགས་དང་རིག་གནས། རྒྱལ་ཁབ་བཅས་ཀྱི་མོས་སེམས་ཆེ་རུ་གཏོང་དགོས། ཕ་ཡུལ་གཅིག་པའི་མི་དང་ཕ་ཡུལ་གྱི་རིག་གནས་སོགས་ཀྱི་འབྲེལ་ཐག་ལ་བརྟེན་ནས་ཕྱིར་སྡོད་རང་མིའི་སེམས་པ་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ཏང་ཡོན་ལས་བྱེད་པས་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱ་རྒྱུར་སློབ་གསོ་རྒྱག་པ་དང་། གཞན་གྱི་སྔོན་ལ་བྱེད་ཕོད་པ་དང་འབད་འཐབ་བྱས་ན་རྒྱལ་ཁ་ཐོབ་ངེས་པའི་གསར་འབྱེད་གསར་གཏོད་ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ། འབད་འབུངས་ཧུར་ལེན་དང་བྱེད་མཁས་ལ་རྗེས་ཐོན་པ་བྱེད་དགོས། མི་དམངས་ལ་ཕན་བདེ་བསྐྲུན་པའི་སྲིད་སྐྱོང་གི་བྱས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ནས། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་འཁུར་ནས་བྱས་རྗེས་འཇོག་པ་དང་། སྤྱོད་གཙང་གཞུང་དྲང་བྱས་ཏེ། གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་གཤིས་ནམ་ཡང་གནས་པར་བྱེད་དགོས། ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་གཏིང་ཟབ་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་དགོས། གཞི་རིམ་དུ་སྐྱོད་པ་བཞིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཐོག་ཡག་པོ་བསྐྱོད་དེ། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ཕན་འབྲས་ཆེ་རུ་གཏོང་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། དུས་ཚིགས་བཞི་པའི་དཔལ་འབྱོར་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཏེ། འབད་བརྩོན་ཆེན་པོས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཧོ་ལི་ཧྥེང་དང་དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་གྱིས་རྟོག་ཞིབ་ལ་ཕེབས་རོགས་ཞུས་ཡོད།།