ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ཐེངས་བདུན་པ་འཆར་ལ་ཉེ་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་པ་དང་ཞིང་གསུམ་གྱི་འཐབ་ཕྱོགས་ཐོག་ཕྱག་ལས་གནང་བཞིན་པའི་བློ་མཐུན་རྣམས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་ཡོད།
ཞི་ཅིན་ཕིང་གིས། ད་ལོ་ང་ཚོས་ཅུང་ཚབས་ཆེ་བའི་རང་བྱུང་གནོད་འཚེ་སོགས་ཀྱི་ཤུགས་རྐྱེན་ངན་པ་ཁྱད་བསད་བྱས་པས། དབྱར་འབྲུ་ཐོན་འཕར་དང་སྔ་སྨིན་འབྲས་ཀྱི་ཐོན་འབོར་བརྟན་པོ་བྱུང་བ་དང་། ལོ་ཧྲིལ་པོའི་འབྲུ་རིགས་ལ་སླར་ཡང་ལོ་ལེགས་ཡོང་རྒྱུའི་རེ་བ་ཡོད་པས་དཔལ་འབྱོར་བསྐྱར་འཕར་དང་ལེགས་སུ་འགྲོ་བའི་འཕེལ་ཕྱོགས་སྲ་བརྟན་དང་ཤུགས་ཆེར་འགྲོ་བ་དང་། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་མཁོ་སྤྲོད་བྱས་ཡོད་ཅེས་བསྟན་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཞིང་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཞིང་གསུམ་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཁྲི་སྟོང་ལས་གྲྭའི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱེད་པ། འབྲུ་རིགས་དང་གལ་ཆེའི་ཞིང་ལས་ཐོན་རྫས་བརྟན་པོ་དང་བདེ་འཇགས་ངང་མཁོ་སྤྲོད་བྱ་རྒྱུར་དམ་འཛིན་ཏན་ཏིག་བྱེད་པ། དབུལ་གྲོལ་འགག་གཏོར་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་ཆེར་གཏོང་བ། ཐབས་བརྒྱ་ཇུས་སྟོང་གིས་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་དང་ཞིང་པའི་ཡོང་འབབ་མང་དུ་གཏོང་བ། གྲོང་གསེབ་ཀྱི་གསོན་ཤུགས་འཕེལ་བ་བྱེད་པ་བཅས་ལ་སྐུལ་འདེད་བཏང་ཐོག ཞིང་པ་མང་ཚོགས་ལ་ཕན་པ་དངོས་ཐོབ་ཐུབ་པ་བྱེད་དགོས། རྒྱ་ཆེའི་ཞིང་པ་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་གིས་བྱ་སྤྱོད་ཧུར་ཐག་སྤེལ་བ་དང་གོམ་པ་རེ་རེར་བརྟེན་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་བའི་མཛེས་སྡུག་ལྡན་པའི་འཆར་འགོད་དེ་དོན་དངོས་ལ་འགྱུར་བ་བྱས་ཏེ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་མངོན་འགྱུར་ཡོང་བ་དང་། ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་ཆེད་རྨང་གཞི་འདིང་དགོས་པའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད།།