གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གི་ལོ་གསར་ཤིས་ཚིག་གིས་ལས་བྱེད་མང་ཚོཊ་ལ་སྐུལ་མ་ཐེབས་པ།

སྤེལ་དུས་: 2025ལོ་01ཟླ་02ཚེས་ 12:13 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ལོ་གསར་གྱི་སྔ་ནུབ་ཏུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས ༢༠༢༥ ལོའི་ལོ་གསར་གྱི་ཤིས་ཚིག་སྤེལ་ནས། འདས་ཟིན་པའི་ལོ་གཅིག་གི་འབད་འཐབ་བརྒྱུད་རིམ་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་བརྩེ་བ་ཟབ་མོས་ཕྱིར་དྲན་གནང་བ་དང་། ལོ་གསར་པར་ཆར་རླུང་ཁྲོད་ཞུམ་པ་མེད་པར་སླར་ཡང་མདུན་བསྐྱོད་བྱེད་པའི་འབད་འཐབ་ཀྱི་དུང་བརྡ་བཏང་བས། མི་དམངས་དུང་ཕྱུར་མང་པོས་ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་རྒྱང་སྐྱོད་གསར་པར་འབད་འཐབ་བྱེད་པའི་སྟོབས་ཤུགས་ཆེན་པོ་སྐུལ་སློང་ཐུབ་ཡོད།

རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རླུང་འཕྲིན་དང་བརྙན་འཕྲིན། དྲ་བ་བཅས་བརྒྱུད་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་གྱི་ཤིས་ཚིག་ལ་ནན་ཏན་གྱིས་ཉན་ཡོད། ཚང་མས། ལོ་གསར་གྱི་ཤིས་ཚིག་ཁྲོད་ནས་ཡར་ཐོན་གྱི་སྟོབས་ཤུགས་བསྡུ་ལེན་བྱས་ཤིང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། རླུང་བརྟེན་རླབས་གཤགས་དང་ཞུམ་མེད་མདུན་སྐྱོད་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་ཟམ་མི་ཆད་པར་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་གསར་གྱི་ཤིས་ཚིག་ནང་། ༢༠༢༤ ལོར་ང་ཚོས་མཉམ་དུ་དུས་བཞིའི་ཟོ་ཆུན་དང་འགྲོགས་ནས་ཆར་རླུང་དང་འཇའ་ཚོན་གྱི་ལམ་དུ་བརྒྱུད་ཡོད་ཅིང་། སྐད་ཅིག་མ་རེ་རེའི་རྗེས་ཤུལ་སྤྱིར་བཏང་མིན་པའི་ལོ་འདིར་བཞག་ཡོད། དེ་ནི་མི་སེམས་འགུལ་བ་དང་བརྗེད་པར་དཀའ་བ་ཞིག་རེད་ཅེས་གསུངས་པ་དང་། ལོ་གསར་གྱི་ཤིས་ཚིག་ནང་ང་ཚོས་ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྤེལ་བྱས་པས། ཐོན་ལས་གསར་པ་དང་ལས་རྣམ་གསར་པ་མ་དཔེ་གསར་པ་བཅས་གཅིག་མཇུག་གཉིས་མཐུད་དུ་ཐོན་ཡོད་ཅེས་གསུངས་པའི་སྐོར་ལ་པེ་ཅིང་གྲོང་ཁྱེར་ཧའེ་ཏེན་ཁུལ་གྱི་འགོ་འཛིན། ཀྲུང་ཀོན་ཚུན་ཚན་རིག་གྲོང་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཅུན་ཅེ་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད། ཁོང་གིས། ༢༠༢༤ ལོར་ང་ཚོས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་གསར་གཏོད་ལ་སྣེ་ཁྲིད་བྱས་པས། པེ་ཅིང་གི་གྲངས་གཞིའི་རྨང་གཞིའི་ལམ་ལུགས་སྔོན་སྐྱོད་ཁུལ་གྱི་ལེགས་ཆ་ཐོག་མར་མངོན་ཡོད། ༢༠༢༥ ལོ་ནི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་མཇུག་བསྡུ་བའི་ལོ་ཡིན་པས། ང་ཚོས་ཚན་རྩལ་གསར་གཏོད་ཀྱི་ཐབས་ཇུས་འབྱུང་ཁུངས་ནུས་པ་དང་ཐོན་ལས་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཤེས་ལྡན་མི་སྣ་དང་མ་རྩ། གྲངས་གཞི། ཚོང་ཟོག་སོགས་གྲུབ་ཆ་གཙོ་བོ་ཁག་གི་ལྷུ་ཚིགས་ཡོངས་ཀྱི་བསྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བརྗིད་ཉམས་ལྡན་པའི་འཆར་འགོད་མངོན་འགྱུར་ཡོང་བ་བྱེད་པར་ཚན་རྩལ་གསར་གཏོད་ཀྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་སྣོན་རྒྱུ་ཡིན་ཞེས་བརྗོད་ཡོད།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་གསར་གྱི་ཤིས་ཚིག་ནང་། ༢༠༢༤ ལོར་ས་གནས་ལ་རྟོག་ཞིབ་བྱེད་སྐབས་ཚང་མའི་འཚོ་བ་གྲ་རྒྱས་ཕུན་སུམ་ཚོགས་པོ་ཡོད་པ་མཐོང་བྱུང་ཞེས་གསུངས་ཡོད། ལོ་གསར་པའི་ཉིན་དང་པོར། ཐེན་ཅིན་གནའ་བོའི་རིག་གནས་ཁྲོམ་གཞུང་དུ་མི་ཚོགས་ཀྱིས་ཁེངས་པ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་ཚོང་ཁང་བརྒྱ་ཙམ་གྲལ་བསྟར་སྒྲིག་ཅིང་དམངས་སྲོལ་འཁྲབ་སྟོན་འཁྲུག་ཆ་ཧ་ཅང་དོད་པོ་ཡོད། ཐེན་ཅིན་གནའ་བོའི་རིག་གནས་ཁྲོམ་གཞུང་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཀྲང་ཧུང་ཕེང་གིས། ང་ཚོས་སྲུང་སྐྱོང་ཁྲོད་གསར་སྤེལ་དང་གསར་སྤེལ་ཁྲོད་སྲུང་སྐྱོང་བྱེད་པའི་གོང་འཕེལ་གྱི་འདུ་ཤེས་རྒྱུན་འཛིན་བྱས་ནས། སྲོལ་རྒྱུན་རིག་གནས་དང་དེང་རབས་ཕན་ཚུན་གཅིག་བརྒྱན་གཅིག་འཕྲོའི་ཁྲོམ་གཞུང་ཞིག་ཧུར་ཐག་གཏོད་རྒྱུ་ཡིན། ལོ་གསར་པར། ང་ཚོས་ལོ་རྒྱུས་ཁྲོམ་གཞུང་གི་སྣེ་ཁྲིད་ནུས་པ་སྔར་བས་འདོན་སྤེལ་གང་ལེགས་བྱས་ཐོག གྲོང་ཁྱེར་གྱི་ཁོར་ཡུག་དེ་བས་སྤུས་ལེགས་ཤིག་བསྐྲུན་པ་དང་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་བཏང་སྟེ། ཚང་མའི་བཞིན་ལས་འཛུམ་མདངས་ལྷུག་པོར་གྲོལ་བ་དང་སེམས་ནང་དྲོ་སྐྱིད་ཀྱིས་ཁེངས་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

ཀན་སུའུ་ཞིང་ཆེན་ཐེན་ཧྲུའེ་གྲོང་ཁྱེར་མའེ་ཅི་ཁུལ་ནན་ཧྲན་ཧྭ་ཉིའུ་ཀུ་ཤུ་རྟེན་གཞིའི་འདེབས་འཛུགས་དུད་ཚང་ཝུའུ་ཀྲེང་ཆོན་གྱིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་གསར་གྱི་ཤིས་ཚིག་ནང་ཐེན་ཧྲུའེ་ཡི་ཧྭ་ཉིའུ་ཀུ་ཤུ་ཆེ་ལ་དམར་ཞེས་གསུངས་གནང་བས། ང་ཚོ་འདེབས་འཛུགས་བྱེད་མཁན་རྣམས་ལ་སེམས་འགུལ་ཚད་མེད་ཐེབས་བྱུང་། ༢༠༢༤ ལོར། ཧྭ་ཉིའུ་ཀུ་ཤུའི་སྐྱེ་འཚར་བཟང་བ་དང་ཐོན་འབབ་ཀྱང་མང་བས། ང་ཚོས་སྲོལ་རྒྱུན་གྱི་ཕྱིར་ཚོང་བྱེད་ཐབས་དང་གློག་རྡུལ་ཚོང་ལས་སྟེགས་བུའི་ཐོག་ནས་རྒྱལ་ཡོངས་ས་གནས་ཁག་ཏུ་ཕྱིར་ཚོང་བྱས་པ་ཡིན། ལོ་གསར་པའི་ནང་། ཧྭ་ཉིའུ་ཡི་ཀུ་ཤུའི་ཐོན་ལས་དེ་བས་སྟོབས་ཆེ་བ་དང་དེ་བས་གཞི་ཁྱོན་ཆེ་བ་ཡོང་བ་བྱས་ཏེ། རྒྱ་ཆེའི་ཤིང་འབྲས་འདེབས་འཛུགས་བྱེད་མཁན་གྱི་ཡོང་འབབ་འཕར་སྣོན་ཡོང་བར་སྣེ་ཁྲིད་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

ཧྥུ་ཅན་ཞིང་ཆེན་ཀྲང་ཀྲོའུ་གྲོང་ཁྱེར་ཏུང་ཧྲན་རྫོང་ཨའོ་ཅའོ་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་ལིན་ཧྭ་ཀྲུང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏུང་ཧྲན་ཨའོ་ཅའོ་གྲོང་ཚོའི་ཉ་ལས་འཕེལ་ཁ་དར་ཞེས་གསུངས་གནང་བས། གྲོང་ཚོ་ཡོངས་ཀྱི་ཡུལ་མི་སྤུན་ཟླ་ཚོས་ཐོས་རྗེས་ཧ་ཅང་དགའ་པོ་བྱུང་ཡོད། འབྱུང་འགྱུར་ང་ཚོས་མུ་མཐུད་རྒྱ་མཚོའི་ཐོན་ལས་གོང་འཕེལ་ཡག་པོ་གཏོང་བ་སྟེ། རྒྱ་མཚོའི་ཉ་འཛིན་དང་མཚོ་ཆུའི་གསོ་སྤེལ། རྒྱ་མཚོའི་ཐོན་རྫས་ལས་སྣོན། མཚོ་ཟས་གློག་རྡུལ་ཚོང་དོན། གྲོང་གསེབ་ཡུལ་སྐོར་བཅས་ཕྱོགས་ལྔ་ལ་དམིགས་ཏེ། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་སྟོབས་ཆེར་བཏང་ནས། འབྱུང་ཁམས་མཛེས་པའི་ཨའོ་ཅའོ་གསར་པ་འཛུགས་སྐྲུན་བྱ་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་གསར་གྱི་ཤིས་ཚིག་ནང་། ངལ་རྩོལ་པ་དང་འཛུགས་སྐྲུན་པ། ལས་གཏོད་པ་བཅས་གྲངས་ལས་འདས་པས་ཕུགས་བསམ་ཆེད་འབད་བརྩོན་བྱེད་བཞིན་ཡོད་ཅེས་གསུངས་ཡོད། ༢༠༢༥ ལོ་ནས་བཟུང་། ཆིང་ཏའོ་གྲུ་ཁའི་ཆན་ཝན་དོས་སྒམ་གྲུ་ཁར་སླར་ཡང་བཟོ་ལྟ་གསར་ཤོས་ཀྱི་དཔྱང་ཟམ་གཉིས་སྤྱོད་འགོ་ཚུགས་ཡོད་པ་དང་།  མི་དམངས་ཀྱི་བཟོ་བོ་ཞེས་པའི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ཞུས་ཀྲེན་ཁྲའོ་ཡིས་ཚོགས་པ་དང་ལྷན་དུ་གྲུ་ཁར་ལས་ལ་བྲེལ་བཞིན་ཡོད། ཁོང་གིས། འདི་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ང་ཚོ་ངལ་རྩོལ་པ་ཡོངས་ལ་གནང་བའི་སྐུལ་ལྕག་ཆེ་ཤོས་དེ་རེད། རྒྱལ་ཁབ་གོང་འཕེལ་བྱུང་བ་དེས་ང་ཚོ་ངལ་རྩོལ་པ་ཚོར་ཡང་འཇོན་ཐང་ངོམས་སའི་གར་སྟེགས་ཞིག་བསྐྲུན་ཡོད་པས། ང་ཚོས་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་ཐོག ངལ་རྩོལ་དཔེ་བཟང་དང་བཟོ་བོའི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། དཀའ་སྤྱད་ངལ་རྩོལ་དང་གཞུང་དྲང་ངལ་རྩོལ། གསར་གཏོད་རང་བཞིན་གྱི་ངལ་རྩོལ་བཅས་བྱེད་པའི་ཁྲོད་ཕུགས་འདུན་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཁྲོད་དམངས་འཚོ་ནི་གལ་ཆེ་ཤོས་དེ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་གསར་གྱི་ཤིས་ཚིག་ནང་། ཚང་མས་དོ་ཁུར་བྱེད་པའི་ལས་ཞུགས་འབབ་འཕར་དང་རྒན་བྱིས་གཉིས་ཀྱི་དོན་དག  སློབ་གསོ་སྨན་བཅོས་སོགས་ཀྱི་གནད་དོན་ནི་ང་རང་ནས་ཐོག་མཐའ་བར་གསུམ་དུ་སེམས་ཁུར་བྱ་ཡུལ་ཡིན་ཞེས་གསུངས་ཡོད། ཁོང་གིས་ཐུགས་ཁུར་ཟབ་མོ་གནང་བ་དེའི་ཐོག་ནས་ཏང་ཆེན་པོ་དང་རྒྱལ་ཁབ་ཆེན་པོའི་འགོ་ཁྲིད་ཀྱིས་མི་དམངས་ལ་བཅངས་པའི་བརྩེ་བ་མཚོན་གྱི་ཡོད། ཅང་སུའུ་ཞིང་ཆེན་དམངས་སྲིད་ཐིང་རྒན་གསོའི་ཞབས་ཞུ་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཡེ་ཞང་ཡུས་ལ་རང་ཉིད་ཀྱི་འགན་འཁྲི་ལྕི་པོ་ཡིན་པའི་ཚོར་སྣང་ཟབ་མོ་བྱུང་ཡོད། ཁོང་གིས། ཞིང་ཆེན་ཡོངས་ཀྱི་རྒན་གསོའི་ཞབས་ཞུའི་འཐབ་ཕྱོགས་ཀྱིས་རྒྱ་ཆེའི་རྒན་རྒོན་ཚོའི་ཁ་ཚ་དགོས་གཏུག་དང་དཀའ་གནད་ཡོད་པ། སེམས་ཁྲལ་ཆེ་བ། རེ་སྒུག་ཆེ་བ་བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ནས། རྒན་གསོའི་ཞབས་ཞུའི་མཁོ་སྤྲོད་གྲུབ་གཞི་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། རིམ་པ་མང་བ་དང་སྣ་མང་ཅན་གྱི་ཞབས་ཞུའི་མ་ལག་འཛུགས་པ། ཆེད་ལས་ཤེས་ལྡན་མི་སྣའི་དཔུང་ཁག་སྟོབས་ཆེར་གཏོང་བ། རྒན་རྒོན་དཔལ་འབྱོར་གྱི་སྒུལ་ནུས་གསར་པ་སྐུལ་སྤེལ་བྱེད་པ། རྒན་རྒོན་ལ་ཞབས་ཞུ་སྒྲུབ་པའི་བདེ་འཇགས་ཀྱི་མཐའ་ཐིག་དེ་བརྟན་པོ་སྲུང་བ་བཅས་བྱས་ནས། རྒན་གསོའི་ཞབས་ཞུ་གོང་འཕེལ་གཏོང་རྒྱུར་གྲུབ་འབྲས་གསར་པ་ཐོབ་ཆེད་སྐུལ་འདེད་རྒྱུན་ཆད་མེད་པར་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད།

ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ཏུང་ཧུའུ་གྲོང་གསར་སྡེ་ཁུལ་གྱི་ཏང་ཨུད་ཀྱི་ཧྲུའུ་ཅི་ཐའོ་ཅིའུ་ཏི་ཡིས། ལོ་གསར་པའི་ནང་། ང་ཚོས་སྡེ་ཁུལ་གྱི་མི་སྒེར་ཚང་མ་སྡེ་ཁུལ་འཛུགས་སྐྲུན་བྱེད་པའི་མཉམ་སྡེབ་ཁྲོད་མཉམ་འདྲེས་ཐུབ་པར་བྱེད་པ་དང་། རྒན་དར་གཞོན་གསུམ་ཚང་མར་མཛའ་གྲོགས་ལྡན་པའི་ཕྱོགས་བསྡུས་རྣམ་པའི་སྡེ་ཁུལ་ཞིག་བསྐྲུན་རྒྱུ་འཚོལ་ཞིབ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྡེ་ཁུལ་དང་གྲོང་མི་མང་ཚོགས་ཚོར་གནང་བའི་ཐུགས་ཁུར་དང་བརྩེ་བ་ཟབ་མོ་མང་ཚོགས་ཚང་མས་དངོས་སུ་ཚོར་ཐུབ་པ་བྱ་རྒྱུ་དང་། སྡེ་ཁུལ་གྲོང་མིའི་ཐོབ་ཚོར་དང་སྐྱིད་ཚོར། བདེ་ཚོར་བཅས་སྔར་བས་ཆེ་རུ་འགྲོ་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཧའེ་ནན་གྱི་ལས་དོན་སྙན་སེང་གསན་པ། ཆའོ་ཧྲི་འཁྲུངས་ནས་ལོ༡༠༠འཁོར་བར་དྲན་གསོའི་བཞུཊ་མོལ་ཚོཊ་འདུ་འཚོཊ། ༼བདེན་འཚོལ༽དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ། ཞི་ཅིན་ཕིང་གིས་ལི་ཅ་ཁྲའོ་ཡི་འགན་སྒྲུབ་གསལ་ཞུ་གསན་པ།