ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་སྐབས་འདིར། ཀྲུང་དབྱང་དམག་ཨུད་ཀྱིས་སྤྱི་ཚེས ༡༧ ཉིན་པེ་ཅིང་དུ། པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་ལས་བྱེད་པ་རྒན་གྲས་ལ་འཚམས་འདྲི་ཞུ་བ་དང་དཔྱིད་གསར་དུས་ཆེན་བསུ་བའི་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅི་ཕིང་གིས་འཁྲབ་སྟོན་ལ་གཟིགས་གནང་བ་མ་ཟད། དེར་ཞུགས་དམག་དཔུང་གི་བློ་མཐུན་རྒན་གྲས་དང་། དམག་ཡོངས་ཀྱི་རྒན་ཡོལ་ཞུས་ཟིན་པའི་ལས་བྱེད་པ་རྒན་གྲས་ལ་དུས་ཆེན་གྱི་འཚམས་འདྲི་དང་ལོ་གསར་གྱི་སྨོན་འདུན་ཞུས་གནང་བ་རེད།
དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་སྐབས་འདིར། རྒྱལ་ས་པེ་ཅིང་གི་ཕྱོགས་གང་སར་སྤྲོ་སྣང་དང་ཞི་མཐུན་གྱི་རྣམ་པས་ཕྱུག་ཅིང་། ཀྲུང་གོའི་ཟློས་གར་ཁང་ནང་གློག་འོད་རྣམ་པར་བཀྲ། ཀྲུང་གོ་གསར་པ་འཛུགས་པ་དང་། སྲུང་སྐྱོབ། འཛུགས་སྐྲུན་བཅས་ཀྱི་ཆེད་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ཐད་ལེགས་སྐྱེས་གཟེངས་སུ་ཐོན་པ་ཕུལ་གནང་མཁན་གྱི་པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་ལས་བྱེད་པ་རྒན་གྲས་ལྷན་དུ་འཛོམས་ནས་ལོ་གསར་པར་མཉམ་དུ་བསུ་བ་ཞུས་ཡོད།
ཕྱི་དྲོའི་ཆུ་ཚོད ༤ ཙམ་ལ། ཞི་ཅིན་ཕིང་བློ་མཐུན་རྒན་གྲས་ཀྱི་ཁྲོད་དུ་ཕེབས་པ་དང་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་ཡོད། ཞི་ཅིན་ཕིང་གིས་ཚང་མ་དང་བྱམས་བརྩེའི་ཕྱག་བཏང་གནང་བ་དང་ཕན་ཚུན་འཚམས་འདྲི་ཞུས་ཤིང་། ཁོང་ཚོའི་གཟུགས་གཞི་དང་འཚོ་བའི་གནས་ཚུལ་གང་འདྲ་ཡོད་མེད་ཐད་བཀའ་འདྲི་གནང་བ་དང་། འདས་ཟིན་པའི་ལོ་གཅིག་རིང་། ཏང་དང་། རྒྱལ་ཁབ། དམག་དཔུང་བཅས་ཀྱི་བྱ་གཞག་ལ་འཕྲད་པའི་སྤྱིར་བཏང་མིན་པའི་བརྒྱུད་རིམ་དང་གང་དེར་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་ལྷན་དུ་ཕྱིར་དྲན་གནང་ཡོད། བློ་མཐུན་རྒན་གྲས་ཚོས་མགྲིན་གཅིག་ཏུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་ལེན་གཏིང་ཟབ་བསྟར་བ། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ཐུབ་པ་བྱེད་པ། དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ལག་ལེན་བསྟར་བ། གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་དང་ཆབ་སྲིད་ཀྱི་ངོ་བོ་ནམ་ཡང་མི་འགྱུར་བ་བྱེད་པ། སེམས་ཤུགས་བརྟན་པོ་དང་མཐུན་སྒྲིལ་འབད་འཐབ་བྱེད་པ་བཅས་བྱས་ཏེ། དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་པའི་འགག་སྒྲོལ་དམག་འཐབ་མུ་མཐུད་དུ་ཡག་པོ་རྒྱག་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་བསྟན་ཡོད།
རྒྱལ་ཁབ་སྟོབས་ཆེན་བསྐྱར་དར་ཡོང་བ་བྱེད་པའི་གོམ་སྟབས་ཀྱིས་ས་གཞི་ཆེན་པོར་གཡོ་འགུལ་ཐེབས་པ་དང་། ལྷུར་ལེན་འགག་སྒྲོལ་བྱེད་པའི་དཔུང་ཁག་གི་དར་ཆ་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས་ཞེས་འཁོད་པའི་སྤྲོ་སེམས་འཁོལ་བའི་གླུ་གར་ལེ་ཚན༼ངའི་གོ་བབ་དང་ངའི་ལོ་གསར༽འཁྲབ་འགོ་ཚུགས་པ་དང་བསྟུན་ནས་འཁྲབ་སྟོན་དངོས་སུ་འགོ་བཙུགས་ཡོད། འཁྲབ་སྟོན་ནང་རྟ་ཐོག་རིག་རྩལ་རུ་ཁག་གིས་དམག་ལ་ཞབས་འདེགས་ཞུ་བའི་རྣམ་པའི་ཐོག་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་ལག་ལེན་མངོན་པར་བྱས་པ་དང་། ཏང་ལ་བློ་དཀར་སེམས་དཀར་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་འགག་སྒྲོལ་བྱེད་པའི་ནང་དོན་འཁྲབ་སྟོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ། དུས་རབས་གསར་པའི་མི་དམངས་དམག་དཔུང་གི་སྤྱོད་ཚུལ་གསར་པ་དང་དྲང་བདེན་གྱི་རྣམ་པ་མངོན་གསལ་དོད་པོས་མངོན་པར་བྱས་ཡོད། སྒྲ་གདངས་མཉམ་བསྲེས་ལེ་ཚན༼རྗེས་སྙེག༽གིས་རྒྱ་ཆེའི་དཔོན་དམག་ཚོས་དུས་རབས་གསར་པའི་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པའི་ཐབས་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་ཐུན་མོང་གི་སེམས་སྒྲ་བརྩེ་བ་ཟབ་མོའི་སྒོ་ནས་མཚོན་པར་བྱས་ཡོད། རོལ་དབྱངས་གླུ་གར༼འཐབ་དགོས་ཟེར་ན་འཐབ་རྐྱང་བྱེད༽དང༼དམག་འཐབ་ལ་རྒྱལ་ཁ་ཐོབ་པའི་གཟི་བརྗིད༽ཀྱིས་དངོས་འཐབ་དངོས་སྦྱོང་གི་རྣམ་པ་གསོན་ཉམས་དོད་པོས་མཚོན་པར་བྱས་པ་དང་། དཔོན་དམག་ཚོའི་ལྕགས་ལྟར་མཁྲེགས་པའི་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་དང་དུས་རྣམ་ཀུན་དུ་དམག་གྲབས་དང་དུས་རྣམ་ཀུན་དུ་དམག་ལ་རྒྱལ་ཁ་ལེན་ཐུབ་པའི་དམག་འཐབ་ཀྱི་ཉམས་སྣང་མངོན་པར་བྱས་ཡོད།༼མཐའ་སྲུང་དམག་གླུ༽འཁྲབ་སྟོན་བྱས་ནས་མཐའ་སྲུང་དཔོན་དམག་གིས་མཐའ་སྲུང་འཐབ་ཕྱོགས་སུ་གཞི་རྐང་ཚུགས་ནས་ལས་འགན་ལྷག་བསམ་རྣམ་དག་གིས་སྒྲུབ་པའི་བརྩེ་སེམས་དང་འགན་འཁྲི་མཚོན་པར་བྱས་ཡོད།༼ཏང་གི་བུ་མོ༽དང༼དབྱི་མེང་ལ་བསྟོད་པའི༽ལེགས་འདེམས་དུམ་བུ།༼ལྗར་འགོག་དམག་སྲིད་སློབ་ཆེན་གྱི་དབྱངས་རྟ༽༼ང་ཚོ་ལམ་ཆེན་ཐོག་སྐྱོད༽སོགས་ཕུལ་བྱུང་གླུ་གཞས་མཉམ་ལེན་བྱས་ནས་དམག་འཁྲུག་གི་ལོ་ཟླར་རྗེས་དྲན་དང་འབད་འཐབ་ཀྱི་སྤོབས་སེམས་སྐུལ་སློང་བྱས་པ་རེད། ལྗོངས་རྣམ་གླུ་གར༼ཡང་བསྐྱར་གོས་འཁྲུའི་གླུ་གཞས་ལེན༽ལས་དམག་དམངས་ཀྱི་ཉ་ཆུ་ལྟ་བུའི་བརྩེ་དུང་ཟབ་མོ་དང་། ནུས་ཤུགས་གཅིག་སྒྲིལ་གྱིས་མཐའ་མཚམས་བརྟན་དུ་གཏོང་བ་དང་འགོག་སྲུང་བརྟན་པོ་བྱེད་པའི་མི་སེམས་འགུལ་པའི་རྣམ་པ་འཁྲབ་སྟོན་བྱས་ཡོད། ཟློས་གར་ཐུང་གྲས༼ངོ་བོ༽དང་མཉམ་གཞས་ཐུང་གྲས༼ཁྱོད་ཀྱི་མེ་མདའ་བདག་གིས་ལེན༽གྱིས་གསར་བརྗེའི་མེས་པོ་རྣམས་ཀྱི་འཐབ་འཛིང་གཏམ་རྒྱུད་དང་གཞོན་ནུ་དཔོན་དམག་གིས་དམག་དཔུང་སྟོབས་ཆེར་གཏོང་བའི་གཏམ་རྒྱུད་བརྗོད་པ་དང་། མི་དམངས་དམག་དཔུང་གིས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་ཐོག་མའི་བསམ་འདུན་དང་ལས་འགན་ལག་ལེན་བྱེད་པའི་དད་སེམས་བརྟན་པོ་མངོན་པར་བྱས་ཡོད། སྒྲ་གདངས་མཉམ་བསྲེས་ལེ་ཚན༼གཟི་བརྗིད་ལྡན་པའི་ངང་མདུན་སྐྱོད་བྱེད༽གླུ་གཞས་དེས་ངར་ཤུགས་འཕེལ་བར་བྱེད་པའི་འགྱུར་ཁག་གི་ཁྲོད་ནས་འཁྲབ་སྟོན་གྱི་རྣམ་པ་འཁྲུག་ཏུ་བཏང་ཞིང་། ནུས་ཤུགས་ཡོད་རྒུ་འདོན་པ་དང་དུས་བཀག་ནང་ལེགས་འགྲུབ་ཡོང་བར་བྱེད་པ་མངོན་པ། དམག་དཔུང་བཙུགས་ནས་ལོ་བརྒྱ་དང་འབད་འཐབ་ལྷོད་མེད་ཀྱིས་དམག་དཔུང་སྟོབས་ཆེར་གཏོང་བའི་ཆོད་སེམས་དང་སེམས་ཤུགས་མངོན་པར་བྱས་ཡོད། འཁྲབ་སྟོན་ཧྲིལ་པོ་སྟབས་བདེ་ལ་བབ་ཆགས་པ་དང་དམག་དཔུང་གི་ཁྱད་ཆོས་ཀྱིས་ཕྱུག་པས། དམག་དཔུང་སྟོབས་ཆེར་གཏོང་བའི་རིག་གནས་ཀྱིས་དམག་ལ་རྒྱལ་ཁ་ཐོབ་པ་དང་དྲང་སྲུང་གསར་གཏོད་བྱེད་པའི་རྣམ་པ་ཟབ་མོ་མཚོན་པར་བྱས་ཡོད།
ཀྲང་ཡིའུ་ཞ་དང་། ཧོ་ཝེ་ཏུང་། ལིའུ་ཀྲེན་ལི། ཀྲང་ཧྲེང་རྨིན་བཅས་ཀྱིས་ལྷན་དུ་འཁྲབ་སྟོན་ལ་གཟིགས་ཡོད།
འཁྲབ་སྟོན་ལ་གཟིགས་མཁན་གྲས་སུ་ད་དུང་དམག་དོན་ཨུ་ལྷན་ལས་ཁུངས་ཀྱི་སྡེ་ཁག་ཁག་དང་། པེ་ཅིང་དུ་བཅའ་སྡོད་དམག་དཔུང་གི་འབྲེལ་ཡོད་སྡེ་ཚན་གྱི་འགོ་ཁྲིད། དཔུང་སྡེའི་དཔོན་དམག་གི་འཐུས་མི་བཅས་ཡོད་པ་རེད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་སི་རི་ལན་ཁའི་ཙུང་ཐུང་དང་མཇལ་མོལ་གནང་བ། ཞི་ཅིན་ཕིང་གིས་ཀེ་ལིན་ནཱ་ཏའི་ཙུང་ལི་སྨི་ཆེར་དང་མཇལ་འཕྲད་གནང་བ། ཞི་ཅིན་ཕིང་གིས་དིང་རི་རྫོང་གི་ས་ཡོམ་ཐད་མཛུབ་སྟོན་གལ་ཆེན་གནང་བ། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཨ་རིའི་ཝ་ཧྲིང་ཐོན་ཀྲོའུ་སློབ་འབྲིང་གི་དགེ་སློབ་འཐུས་མིར་ལོ་གསར་གྱི་རྟེན་འབྲེལ་འཕྲིན་ལན་སློག་གནང་བ།