རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས ༡༣ ཉིན་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ཀེ་ལིན་ནཱ་ཏའི་ཙུང་ལི་སྨི་ཆེར་དང་མཇལ་འཕྲད་གནང་བ་རེད།
སྨི་ཆེར་གྱིས་བོད་ལྗོངས་དིང་རིར་ས་ཡོམ་བརྒྱབ་པའི་ཐད་ཀྲུང་གོ་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་ཡོད། ཞི་ཅིན་ཕིང་གིས་དེའི་ཐད་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་གིས། ད་ཐེངས་ཀྱི་ས་ཡོམ་དེ་ཀྲུང་གོའི་ལྷོ་ནུབ་ཀྱི་ས་བབ་མཐོ་བའི་ས་ཁུལ་དུ་བརྒྱབ་ཅིང་། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་ཐུང་ཐུང་ནང་རོགས་སྐྱོབ་དང་གནས་སྐབས་བཀོད་སྒྲིག་ལེགས་གྲུབ་བྱས་ཟིན་པ་མ་ཟད། དུས་ཡུན་ཐུང་ཐུང་ནང་བསྐྱར་སྐྲུན་ཡང་བྱ་རྒྱུ་ཡིན། ཀྲུང་གོ་སྲིད་གཞུང་ལ་ཡོམ་འགོག་གེགས་སེལ་ཐད་རྒྱལ་ཁ་ཐོབ་པའི་ཡིད་ཆེས་དང་ནུས་པ་ལྡན་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་ཀེ་ལིན་ནཱ་ཏའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་ཞིང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་རྒྱུན་ཆད་མེད་པ་བརྟན་དུ་ཕྱིན་པ་དང་། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ། མི་དམངས་ཀྱི་མཛའ་གྲོགས་ཉིན་བཞིན་ཟབ་ཏུ་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀེ་ལིན་ནཱ་ཏ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་གོ་དང་ཀེ་ལིན་ནཱ་ཏའི་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཀེ་ལིན་ནཱ་ཏའི་འབྲེལ་བ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུ་དེ་ནི་ཀྲུང་གོ་དང་ཀེ་ལིན་ནཱ་ཏ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད། ཕྱོགས་གཉིས་པོས་ཕྱི་འབྲེལ་སླར་གསོ་བྱས་ནས་ལོ ༢༠ སོང་རིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་གོང་འཕེལ་ཐད་ཐོབ་པའི་ལེགས་གྲུབ་ལྡན་པའི་ཉམས་མྱོང་ཕྱོགས་བསྡོམས་བྱས་ནས། ཀྲུང་གོ་དང་ཀེ་ལིན་ནཱ་ཏའི་འབྲེལ་བ་ཡུན་རིང་ཆུ་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་ཆེད་འཆར་གཞི་གསར་པ་འགོད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀེ་ལིན་ནཱ་ཏ་ཕྱོགས་ཀྱིས་རང་བདག་ངང་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་གོང་འཕེལ་གྱི་འགྲོ་ལམ་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་། ཀེ་ལིན་ནཱ་ཏ་ཕྱོགས་དང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཁྱབ་ཁོངས་ཁག་གི་མཛའ་གྲོགས་འགྲོ་འོང་ཟབ་ཏུ་གཏོང་འདོད་ཡོད། ཀྲུང་གོའི་འཕེལ་རྒྱས་ཀྱིས་ཀེ་ལིན་ནཱ་ཏ་ཚུད་པའི་རྒྱལ་ཁབ་ཁག་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་གཏོད་རྒྱུ་ཡིན། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་དབར་གྱི་མཉམ་ལས་ཀྱི་སྒྲོམ་གཞིའི་ནང་ཀེ་ལིན་ནཱ་ཏའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་རམ་བྱས་ཏེ། ནུས་རྒྱུ་གསར་པ་དང་ལྗང་མདོག་ཐཱན་ཉུང་། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་སུ་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་གསར་པ་གཏོད་འདོད་ཡོད། ཀེ་ལིན་ནཱ་ཏ་ཕྱོགས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་གནོད་འགོག་གནོད་སེལ་གྱི་ནུས་པ་ཆེ་རུ་གཏོང་རྒྱུར་ཀྲུང་གོ་ཕྱོགས་ནས་རྒྱབ་སྐྱོར་བྱ་རྒྱུ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གླིང་ཕྲན་རྒྱལ་ཁབ་ཆུང་ཆུང་གིས་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ཐད་དོ་ཁུར་བྱས་པ་དང་རེ་འདུན་ཞུས་པར་མཐོང་ཆེན་བྱ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་པོས་ད་དུང་མི་སྣའི་འགྲོ་འོང་ཟབ་ཏུ་གཏོང་བ་དང་། རིག་གནས་དང་སློབ་གསོ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། དམངས་སེམས་འབྲེལ་འདྲིས་ལ་སྔར་བས་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་གཏོང་བཞིན་པ་དང་། ཀེ་ལིན་ནཱ་ཏ་དང་མཉམ་དུ་གོ་ལ་ཧྲིལ་པོའི་གོང་འཕེལ་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་བཅས་དོན་འཁྱོལ་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཅ་ལེ་པིའི་རྒྱལ་ཁབ་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ས་ཁུལ་དེའི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མུ་མཐུད་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་བྱས་ནས། ཕྱོགས་གཉིས་པོའི་ཁྱོན་ཡོངས་མཉམ་ལས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
སྨི་ཆེར་གྱིས་ན་ནིང་སྤྱི་ཟླ ༧ པར་རྒྱ་མཚོའི་རླུང་འཚུབ་དྲག་པོའི་གནོད་འཚེ་ཕོག་རྗེས་ཀྲུང་གོས་དུས་ཐོག་ཏུ་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་ཡོད། སྨི་ཆེར་གྱིས། འདས་ཟིན་པའི་ལོ ༢༠ རིང་ཀེ་ལིན་ནཱ་ཏ་དང་ཀྲུང་གོའི་འབྲེལ་བ་ཟམ་མི་ཆད་པར་གཏིང་ཟབ་ཏུ་ཕྱིན་ཡོད། ཀེ་ལིན་ནཱ་ཏ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་ཡི་ཡོད། ཀྲུང་གོའི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་ལ་ངེས་པར་དུ་བརྩི་འཇོག་ཐོབ་པ་བྱེད་དགོས། ཀེ་ལིན་ནཱ་ཏ་ཕྱོགས་ལ་ཀེ་ལིན་ནཱ་ཏ་དང་ཀྲུང་གོའི་འབྲེལ་བ་ལས་ཕན་པ་མང་པོ་ཐོབ་ཡོད་ཅིང་། ཀྲུང་གོའི་དབར་གྱི་མཉམ་ལས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། ཀྲུང་གོར་འགོ་ཁྲིད་བྱས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་རླབས་པོ་ཆེ་བཏོད་དེ་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ལ་མིག་དཔེ་བསྟན་ཡོད། ཀེ་ལིན་ནཱ་ཏ་ཕྱོགས་ཀྱིས་ཀྲུང་གོའི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་ལ་སློབ་སྦྱོང་བྱེད་འདོད་ཡོད། ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་སྣེ་ཁྲིད་པ་ཞིག་ཡིན་ཞིང་། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཆེ་ཆུང་ཚང་མ་འདྲ་མཉམ་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་ཁག་གི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་ལ་བརྩི་འཇོག་བྱེད་པ། རྒྱལ་སྤྱིའི་བྱ་དོན་ཁྲོད་གཏམ་སྤྱོད་གཅིག་མཐུན་ཡིན་ཞིང་། ནུས་པ་སྔར་བས་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད། ཀེ་ལིན་ནཱ་ཏ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་བློ་བརྟན་འགྱུར་མེད་ངང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་དོན་འཁྱོལ་ཡག་པོ་བྱས་ནས། འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
ཝང་དབྱི་མཇལ་འཕྲད་ནང་ཞུགས་ཡོད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་དིང་རི་རྫོང་གི་ས་ཡོམ་ཐད་མཛུབ་སྟོན་གལ་ཆེན་གནང་བ། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཨ་རིའི་ཝ་ཧྲིང་ཐོན་ཀྲོའུ་སློབ་འབྲིང་གི་དགེ་སློབ་འཐུས་མིར་ལོ་གསར་གྱི་རྟེན་འབྲེལ་འཕྲིན་ལན་སློག་གནང་བ། ཞི་ཅིན་ཕིང་གི་ལོ་གསར་ཤིས་ཚིག་གིས་ལས་བྱེད་མང་ཚོཊ་ལ་སྐུལ་མ་ཐེབས་པ། ཞི་ཅིན་ཕིང་གིས་ཧའེ་ནན་གྱི་ལས་དོན་སྙན་སེང་གསན་པ།