པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དང་བཀྲ་ཤིས་ལྷུན་པོ་དགོན་ནས་ཏང་ཀྲུང་དབྱང་ལ་འབུལ་རྟེན་ཕུལ་བ།
ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་ ༡༠༠ འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་བའི་སྐབས་འདིར། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་བཀྲ་ཤིས་ལྷུན་པོ་དགོན་ནས་ཏང་ཀྲུང་དབྱང་ལ་འབུལ་རྟེན་ཕུལ་ཏེ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་འཁྲུངས་སྐར་ལ་གུས་འདུད་ཞུས་ཡོད་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངག་ལྟར། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གི་རྒྱུན་ལྡན་ལས་ཀ་འགན་གཉེར་གནང་མཁན་གྱི་ཀྲུའུ་རེན་གཞོན་པ་མེང་ཞང་ཧྥེང་གིས་འབུལ་རྟེན་བཞེས་ལེན་གནང་བ་རེད།
མེང་ཞང་ཧྥེང་གིས་པཎ་ཆེན་མཆོག་དང་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་གྲོགས་པོ་རྣམ་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་དང་། པཎ་ཆེན་མཆོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་༼བདུན་གཅིག༽གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་གནང་ནས།༼འདུ་ཤེས་བཞི༽ཆེ་རུ་གཏོང་བ་དང་། ༼བློ་སྤོབས་བཞི༽བརྟན་དུ་གཏོང་བ། ༼སྲུང་སྐྱོབ་གཉིས༽ཐུབ་པ་བྱེད་པ། ཐོག་མཐའ་བར་གསུམ་དུ་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ། བསམ་བློ་དང་ཆབ་སྲིད་བྱ་སྤྱོད་བཅས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་གནང་དགོས་པའི་ཐུགས་རེ་གནང་ཡོད་པ་རེད།
པཎ་ཆེན་མཆོག་དང་བཀྲ་ཤིས་ལྷུན་པོ་དགོན་ནས་ཏང་ཀྲུང་དབྱང་ལ་༼ཏང་གི་འོད་ཟེར་གངས་ལྗོངས་ས་མཐོར་འཕྲོས༽ཞེས་པ་དང་༼ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་སྟོབས་ཤུགས་གཅིག་ཏུ་འགྲིལ༽ཞེས་པ་བརྗོད་གཞི་གཙོ་བོར་བྱས་པའི་འབུལ་རྟེན་ཕུལ་ཡོད། ཁོང་གིས། བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་དང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་ངེས་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་འདུ་ཤེས་ཟམ་མི་ཆད་པར་བརྟན་པོར་འཛུགས་པ། རང་རྟོགས་ངང་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱས་ཏེ། དུས་རབས་གསར་པའི་བོད་ལྗོངས་ཀྱི་འཆམ་མཐུན་བརྟན་ལྷིང་ཆེད་དུ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།།