སྤྱི་ཟླ ༥ པའི་ཚེས ༢༣ ཉིན་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༧༠ འཁོར་བའི་ཉིན་མོ་ཡིན། ལོ་ངོ་ ༧༠ སོང་རིང་དང་ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་། སྤྱི་ཚོགས་ཀྱི་གནས་བབ་ཧྲིལ་པོ་དེ་བས་བརྟན་ལྷིང་དང་། དཔལ་འབྱོར་རིག་གནས་དེ་བས་དར་རྒྱས་ཕུན་སུམ་ཚོགས་པ། འབྱུང་ཁམས་ཁོར་ཡུག་དེ་བས་ཡག་པ། མི་དམངས་ཀྱི་འཚོ་བ་དེ་བས་བདེ་ཞིང་སྐྱིད་པ་བཅས་བྱུང་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་རྐྱང་ཞིག་འཛམ་གླིང་སྐྱེ་བོ་ཀུན་གྱི་མཐོང་ཆོས་སུ་གྱུར་ཡོད་པ་རེད།
སྤྱི་ཚེས ༢༣ ཉིན་ལྷ་སའི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་བོད་ཞི་བས་བཅིངས་འགྲོལ་བཏང་བའི་དྲན་གསོའི་རྡོ་རིང་གི་མདུན་དང་། མངའ་རིས་ས་ཁུལ་གྱི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་། བོད་ལྗོངས་བཅིངས་འགྲོལ་གྱི་གྲོང་ཚོ་དང་པོ་སྟེ་ཆབ་མདོ་སྐམ་ཐོག་གྲོང་ཚོ་སོགས་སུ་བོད་ལྗོངས་ས་གནས་ཁག་དང་མི་རིགས་ཁག་གི་མང་ཚོགས་ནས་རྒྱལ་དར་བསྒྲེངས་ནས་རྒྱལ་གླུ་བླངས་པ་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་ཕུལ་བ། རིག་རྩལ་འཁྲབ་སྟོན་བྱས་པ་སོགས་ཀྱི་རྣམ་པར་བརྟེན་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུས་ཡོད་པ་རེད།
བོད་ལྗོངས་ནི་རྒྱལ་ཡོངས་ཀྱི་དབུལ་ཕོངས་ཐོན་མང་ཤོས་དང་དབུལ་སྒྲོལ་བྱེད་དཀའ་ཤོས་ཀྱི་གཅིག་བསྡུས་ཡུག་སྦྲེལ་གྱི་ཆེས་དབུལ་ཕོངས་ས་ཁུལ་ཡིན། དབུལ་སེལ་ནི་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་སྔར་ནས་ད་བར་གྱི་སྲིད་ཇུས་ཤིག་ཡིན་པ་དང་། ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། གནད་སྨིན་སྲིད་ཇུས་དང་གནད་འཕིགས་དབུལ་སྐྱོར་བརྒྱུད་དེ་བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་གཏོར་ལ་རྒྱལ་ཁ་བླངས་ཡོད་པ་དང་། ལྗོངས་ཡོངས་སུ་ཡིག་ཚགས་དང་གཱ་ཤོག་བཟོས་པའི་མི་འབོར་ཁྲི ༦༢.༨ ཚང་མ་དབུལ་གྲོལ་ཐུབ་ཡོད།
ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༧༠ སོང་རིང་། བོད་ལྗོངས་ཀྱིས་མི་རིགས་ཁག་གི་མཐུན་སྒྲིལ་ལ་སྐུལ་འདེད་བཏང་བ་དང་མཐའ་དར་དམངས་ཕྱུག་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། མཐའ་མཚམས་ཤང་ཡུལ་སྨད་དུ་ཐོག་མའི་ཐེམ་དུད ༡ དང་མི ༣ ནས་ད་ལྟའི་ཐེམ་དུད ༦༧ དང་མི་གྲངས ༢༣༤ བར་མང་དུ་ཕྱིན་ནས། མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་འདི་རྣམ་པ་གསར་རྐྱང་ཞིག་ཏུ་གྱུར་ཡོད། སྤྱི་ལོ ༢༠༢༠ ལོར་ཡུལ་སྨད་ཤང་གི་འབྲོག་པ་མི་རེའི་བཀོལ་སྤྱོད་རུང་བའི་ཡོང་འབབ་སྒོར ༣༤༠༠༠ ལས་བརྒལ་ཡོད་པ་རེད།
ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༧༠ སོང་རིང་། བོད་ལྗོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་རྒྱུན་མཐུད་ངང་གོང་འཕེལ་མགྱོགས་པོ་བྱུང་ཡོད། སྤྱི་ལོ ༢༠༠༦ ལོར་མཚོ་བོད་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་པ། སྤྱི་ལོ ༢༠༡༤ ལོར་ལྷ་གཞིས་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་པ། སྤྱི་ལོ ༢༠༢༡ ལོར་ལྷ་ཉིང་ལྕགས་ལམ་བསྐྲུན་ཚར་ལ་ཉེ་བ་དང་མེ་འཁོར་ཤར་གཏོང་ཐུབ་གྲབས་ཡོད་པ། ཁྲོན་བོད་ལྕགས་ལམ་བསྐྲུན་མུས་ཡིན་པ། རྒྱལ་སྤྱི་དང་རྒྱལ་ནང་གི་མཁའ་ལམ ༡༤༠ ཟིན་པ་དང་གྲོང་ཁྱེར ༦༦ ལ་གནམ་གྲུ་ཤར་གཏོང་ཐུབ་ཡོད། མཚོ་བོད་དང་ཁྲོན་བོད། བོད་དབུས་རྒྱུད་ས་ཁུལ། མངའ་རིས་བཅས་ཀྱི་གློག་ཤུགས་མཁའ་ལམ་བཞི་སྔ་རྗེས་སུ་བསྐྲུན་ཟིན་པ། རང་རྒྱལ་གྱི་འབྱུང་ཁམས་སྲུང་ར་གལ་ཆེན་ཞིག་ཡིན་པའི་ངོས་ནས་བོད་ལྗོངས་ཀྱིས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ ༡༡ དང་། རྒྱལ་ཁབ་ཀྱི་ས་གཤིས་སྤྱི་གླིང་ ༣ རྒྱལ་ཁབ་ཀྱི་ནགས་ཚལ་སྤྱི་གླིང་ ༩ བཅས་བསྐྲུན་ཟིན་པ། གཙོད་ཀྱི་གྲངས་འབོར་ཁྲི ༣༠ ཟིན་པ་དང་། ཁྲུང་ཁྲུང་སྐེ་ནག ༨༠༠༠ ཟིན་པ། བོད་ལྗོངས་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་དེ་སྤྱི་ལོ ༡༩༥༡ ལོའི་ལོ་གྲངས ༣༥.༥ ནས་སྤྱི་ལོ ༢༠༡༩ ལོའི་ལོ་གྲངས ༧༡.༡ བར་མཐོ་རུ་ཕྱིན་ཡོད། མིག་སྔར། བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་དེ་ཁྱོན་ཡོངས་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་བཞིན་ཡོད་པ་རེད།།