ལས་གནས་ཐོག་ཏུ་ཐོན་སྐྱེད་བྲེལ། གྲུབ་འབྲས་གསར་པ་གཏོད་ལ་བརྩོན།
ཇོ་མོ་གླང་མའི་འདབས་ཀྱི་གཞིས་རྩེ་གྲོང་ཁྱེར་དུ་སྔོན་མའི་བྲེལ་བརྩོན་གྱི་རྣམ་པ་སླར་ཡང་མངོན་ཞིང་། གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་གོ་རིམ་ལྡན་པའི་སྒྲིག་འཛུགས་འོག་གྲོང་ཁྱེར་ཡོངས་ཀྱི་ཁེ་ལས་ཆེ་གྲས་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་དོན་འཁྱོལ་ནན་པོ་བྱེད་པ་དང་ཆབས་ཅིག་རིམ་དབྱེ་རིགས་དབྱེ་དང་གོ་རིམ་ལྡན་པའི་སྒོ་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་འཕེལ་རྒྱས་གཉིས་ཀར་འཐུས་ཤོར་མི་འགྲོ་བ་དང་གཉིས་ཀར་སྐུལ་འདེད་བཏང་སྟེ། འདི་ལོའི་རྣམ་གྲངས་ལས་འགན་ཁག་འགོ་ཡག་པོ་ཚུགས་ཐུབ་པ་བྱས་ཡོད།
སྤྱི་ཟླ ༣ ཚེས ༩ ཉིན་གྱི་སྔ་དྲོ། གསར་འགོད་པས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་དུ་ཡོད་པའི་བསམ་གྲུབ་རྩེ་ཆུས་བདེ་ཆེན ༣༩༠༠ གཞིས་ཀ་ཚད་ཡོད་ཀུང་སིར་བསྐྱོད་སྐབས། ཐོན་སྐྱེད་འཁོར་ཁང་ནང་བཟོ་པ ༣༠ ལྷག་ཙམ་གྱིས་ལ་ལས་ཐོན་རྫས་ཐུམ་སྒྲིལ་རྒྱག་པ་དང་། ལ་ལས་ཐོན་རྫས་དབོར་བ། ལ་ལས་འཕྲུལ་འཁོར་ལ་བརྟག་དཔྱད་བཅས་བྱེད་པའི་བྲེལ་བརྩོན་གྱི་རྣམ་པས་ཁེངས་ཡོད་པ་རེད།
བསམ་གྲུབ་རྩེ་ཆུས་བདེ་ཆེན ༣༩༠༠ གཞིས་ཀ་ཚད་ཡོད་ཀུང་སིའི་ཐོན་སྐྱེད་བཟོ་གྲྭའི་ཁྲང་ཀྲང་ལའོ་ཧུའུ་ཅེས་གསར་འགོད་པར་ཀུང་སིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ནན་པོ་བྱས་པ་དང་། སྤྱི་ཟླ ༣ ཚེས ༡ ཉིན་ལས་འགོ་བསྐྱར་འཛུགས་བྱས་ཡོད། ད་ཆ་ལས་མི ༣༡ ལས་གནས་ཐོག་ཕྱིར་ལོག་བྱས་ཡོད། མིག་སྔར་ཉིན་རེར་རྩམ་པ་ཏུན ༨༠ ཐོན་སྐྱེད་བྱས་ཏེ། ཕྱོགས་ཡོངས་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཐུབ་ཉེར་ཡོད་ཅེས་བཤད་བྱུང་།
ས་སྐྱ་རྫོང་དགེ་ལྡིང་གྲོང་རྡལ་མཐོ་གསར་གངས་ལྷ་ཨར་འདམ་ཚད་ཡོད་ཀུང་སིའི་ལས་མི་ཚེ་དབང་དངོས་གྲུབ་ཀྱིས་འཁོར་ཁང་གི་སྒྲིག་ཆས་ལ་ཞིབ་བཤེར་བྱེད་བཞིན་པར་གསར་འགོད་པར་ད་ཆ་ཐོན་སྐྱེད་སླར་གསོ་ཐུབ་པས་ཟླ་རེར་གླ་ཆ་སྒོར ༨༠༠༠ ལྷག་ཙམ་ལེན་རྒྱུ་ཡོད་ཅེས་བཤད།
ཚེ་དབང་དངོས་གྲུབ་ནི་དགེ་ལྡིང་གྲོང་རྡལ་དགེ་ལྡིང་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་ཡིན་པ་དང་། མཐོ་གསར་གངས་ལྷ་ཨར་འདམ་ཚད་ཡོད་ཀུང་སིས་གསོ་སྦྱོང་བྱས་རྗེས། ལས་ཀར་བཅུག་ནས་ད་ཆ་ལག་རྩལ་པ་ཞིག་ཏུ་འགྱུར་ཏེ། སྤྱི་ལོ ༢༠༡༨ ལོར་དབུལ་ཞྭ་ཕུད་ཐུབ་པ་བྱུང་ཡོད།
མཐོ་གསར་གངས་ལྷ་ཨར་འདམ་ཚད་ཡོད་ཀུང་སིའི་གཞུང་ལས་ཁང་གི་ཀྲུའུ་རེན་ཤི་ལོག་གིས་ཀུང་སིས་ཕྱོགས་གཅིག་ནས་ལས་མིར་དོ་དམ་བྱས་ནས་ལོགས་སུ་འཇོག་པ་དང་ལྟ་ཞིབ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་བོད་དུ་ཕྱིར་ལོག་མཁན་ལས་མི་གོ་རིམ་ལྡན་པའི་ངང་ལས་གནས་ཐོག་ཕྱིར་ལོག་ཐུབ་པ་བྱས་ཡོད་ལ། གཅིག་ཤོས་ནས་སྔ་སྣུར་དུ་སྒྲིག་ཆས་ལ་ཞིབ་བཤེར་ཉམས་བཟོ་དང་རྒྱུ་ཆ་གྲ་སྒྲིག་སོགས་ཀྱི་ལས་དོན་སྤེལ་བར་བརྟེན་རྒྱུན་གཏན་ཐོན་སྐྱེད་འགན་ལེན་ཐུབ་ཡོད། ད་ཆ་མི ༢༥༥ ལས་གནས་ཐོག་ཕྱིར་ལོག་ཟིན་ནས་ཐོན་སྐྱེད་ཀྱི་ལས་ཀ་བྱེད་བཞིན་ཡོད་ཅེས་བཤད།
པ་སྣམ་རྫོང་ཀྲུང་ཞིང་གནས་མཆོག་ཞིང་འབྲོག་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་སྔོ་ཚལ་དྲོད་ཁང་ཆེ་མོའི་ནང་ལ་ཕུག་དང་། པད་ཚལ། སྲོ་ལོ་སྔོན་པོ་སོགས་ཡག་པོ་སྐྱེས་ཡོད་པ་དང་། ལས་མི་ཚོས་རྩྭ་ངན་འཐུ་བ་དང་། སྔོ་ཚལ་བཀོག་པ། ཤོག་སྒམ་ནང་བླུགས་པ་སོགས་ཀྱི་ལས་ཀ་བྱེད་བཞིན་ཡོད།
རིམས་ནད་ཐོན་རིང་སྔོ་ཚལ་འདང་ངེས་མཁོ་འདོན་བྱ་ཆེད། པ་སྣམ་རྫོང་སྲིད་གཞུང་གིས་ཞིང་ཞོར་ཐོན་ཟོག་འཁོར་རྒྱུག་ཁེ་ལས་དང་། སྔོ་ཚལ་ཐོན་སྐྱེད་རྟེན་གཞི། སྔོ་ཚལ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་བཅས་དང་མཐུན་སྦྱོར་ཧུར་ཐག་བྱས་ནས་སྔོ་ཚལ་འདེབས་ཁྱོན་ཆེ་རུ་བཏང་སྟེ་སྔོ་ཚལ་འདང་ངེས་མཁོ་འདོན་བྱས་པ་རེད།
སྤྱི་ཟླ ༣ ཚེས ༡༠ ཉིན་བར་གཞིས་རྩེ་གྲོང་ཁྱེར་དུ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་རྣམ་གྲངས ༣༣ ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར ༢.༣༤ བཏང་བ་དང་། ཐག་རིང་འགྲུལ་སྐྱེལ་དང་། མྱུར་སྐྱེལ། སྐྲ་བཞར་སོགས་ཀྱི་ཞབས་ཞུའི་ལས་རིགས་མང་པོ་རྒྱུན་གཏན་ལྟར་སླར་གསོ་ཐུབ་ཡོད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
གཞི་རིམ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་ཆེ་རུ་གཏོང་དགོས། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱིས་ས་ཚིགས་ཕན་ཚུན་ཁ་གཏད་སྒྲིག་འཛུགས་ངང་མང་ཚོགས་ལས་ཞུགས་ཐུབ་པ་བྱས། ས་དགའ་རྫོང་གིས་ནོར་ལུག་སྐྱེ་བསུ་དང་ཕྱུགས་ཕྲུག་གསོ་ཚགས་ཀྱི་ལས་དོན་ལ་འགན་ལེན་བྱས་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ལས་དོན་གཏིང་ཟབ་ཕྱོགས་སུ་སྤེལ་དགོས།