ཚེ་གང་ཞིང་ཁ་བཏབ་ཀྱང་བསྟན་འཛིན་གྱི་སེམས་ལ་ནས་ཀྱི་བག་ལེབ་དང་ནས་ཐུག་སོགས་ཐོན་རྫས་རིགས་མང་པོ་ཐོན་ཡོང་སྙམ་པ་བསམ་བློར་འཁོར་མྱོང་མེད་ལ། ཉིན་ཞིག་རང་ཁྱིམ་གྱི་ཞིང་ཁར་བཏབ་པའི་ནས་འབྲུ་སྒོ་རྩ་ནས་གོང་ཚད་མཐོ་པོས་བཙོང་ཐུབ་པ་དེ་བས་ཀྱང་བསམ་བློར་འཁོར་མྱོང་མེད།
དགུང་ལོ ༧༥ ལ་སླེབས་པའི་བགྲེས་སོང་བསྟན་འཛིན་ནི་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་ལུང་བཟང་གྲོང་ཚོའི་གྲོང་མི་ཡིན་པ་དང་། གྲོང་ཚོ་དེས་ས་བབ་སྨི ༣༨༤༧ ཟིན་པའི་ཁོད་ཡངས་པའི་ས་ཆར་ནས་འདེབས་ཀྱི་ཡོད། ལོ་ངོ་སྟོང་ཕྲག་རིང་འཛམ་གླིང་གི་ཕུ་ཅུས་ཐང་འདུས་ཚད་མང་ཤོས་ཀྱི་འབྲུ་རིགས་དེ་ནི་ས་ཆ་དེ་གའི་ཟས་ལྕོག་སྟེང་གི་ཟ་མ་གཙོ་བོ་དེ་རེད།
དེ་གོང་ང་ཚོས་ནས་བསྔོས་ནས་རྩམ་པ་འཐག་གི་ཡོད། ནམ་ཞིག་ནས་ལ་ཐོན་རྫས་སྣ་ཁ་འདི་འདྲ་མང་པོ་ཡོང་སྲིད་པ་སེམས་ལ་འཁོར་མྱོང་མེད། བཟའ་འབྲུ་ནས་ཕྱུག་འགྱུར་གྱི་འབྲུ་རིགས་སུ་གྱུར་པ་ནི་སྤྱི་ལོ ༢༠༡༦ ལོར་བོད་ལྗོངས་བདེ་ཆེན་ཉི་འོད་གཞིས་ཀ་ཚད་ཡོད་ཀུང་སི་བཙུགས་པ་དང་འབྲེལ་བ་ཡོད་པ་རེད།
བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་དུ་ཡོད་པའི་ཀུང་སི་དེས་ནས་ལ་བརྟེན་ནས་ཐོན་རྫས་ལས་སྣོན་བྱས་པ་དང་། ནས་ཀྱི་ཐོན་ལས་གོང་འཕེལ་གཏོང་བ་དམིགས་ཚད་དུ་བྱས་ཡོད། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་སོགས་ཚན་ཞིབ་སྒྲིག་གཞི་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ། ནས་ཀྱི་རྩིང་འབྲུའི་རིགས་དང་། འཕྲོད་སྦྱོར་ཟས་རིགས། ལས་སྣོན་རྩེ་གྲས་གྲུབ་ཆ་བླངས་པའི་རིགས། ཁོམ་གསེང་ཟས་རིགས་བཅས་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས ༤ ཙམ་བཟོས་ཡོད།
སྤྱི་ལོ ༢༠༡༩ ལོར་ནས་ཀྱི་བཀལ་ཐུག་དང་ནས་ཀྱི་བག་ལེབ་སོགས་བདེ་ཐང་ཐོན་རྫས་རབ་དང་རིམ་པ་ཁྲོམ་རར་བཏོན་པ་དང་། ཀུང་སིར་འབྲུ་རིགས་ནས་མཁོ་ཚད་ཆེ་རུ་སོང་བ་དང་། བསྟན་འཛིན་གྱིས་ཀྱང་རང་ཁྱིམ་གྱི་སྒོ་ཁར་ནས་བཙོང་འགོ་ཚུགས་ཡོད།
ན་ནིང་ནས་མུའུ ༤༠ བཏབ་ཡོད། རྒྱ་མ་རེར་སྒོར ༢.༤ ཡི་རིན་གོང་ལྟར། རྒྱ་མ་ཁྲི ༧ བདེ་ཆེན་ཀུང་སིར་བཙོངས་པར་ཡོང་འབབ་སྒོར་ཁྲི ༡༧ ཙམ་རག་ཡོད་པ་དང་། འབྲུ་རིགས་བཙོངས་པ་ལས་བསྟན་འཛིན་གྱིས་ནས་ཕྱེ་ཐོན་རྫས་ཀྱི་བྲོ་བ་ཐེངས་དང་པོ་མྱོང་ཐུབ་ཡོད།
སྒོ་ཁར་ནས་འཚོང་བ་ཧ་ཅང་སྟབས་བདེ་པོ་ཡོད་ལ་རིན་གོང་ཡང་ཡུལ་གཞན་དུ་བཙོངས་པ་དང་བསྡུར་ན་མཐོ་བ་འདུག ལོ་གསུམ་བཞི་ཙམ་གྱི་གོང་ཁྱིམ་གྱི་ནས་ལྷག་མ་བཙོང་དགོས་ཚེ། རླངས་འཁོར་གླས་ནས་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་དང་ས་དགའ་རྫོང་སོགས་ལ་འགྲོ་དགོས་ཀྱི་ཡོད། རླངས་འཁོར་ནང་ཐེངས་གཅིག་ལ་ནས་རྒྱ་མ་ཁྲི་2ཙམ་ལས་ཤོང་གི་མེད་ལ། སྟབས་ལེགས་ན་སྒོར་ཁྲི ༤ ཙམ་ལ་བཙོང་ཐུབ། སྐབས་རེར་ཅ་དངོས་དང་བརྗེ་པོ་རྒྱག་དགོས་ཤིང་། ནས་དང་བལ་བརྗེས་ན་དངུལ་སྨར་རག་གི་མེད་ཅེས་བསྟན་འཛིན་གྱིས་བཤད།
ཐག་དེ་ཙམ་མི་རིང་བའི་བོད་ལྗོངས་བདེ་ཆེན་ཉི་འོད་གཞིས་ཀ་ཚད་ཡོད་ཀུང་སིའི་འཁོར་ཁང་དུ་ལས་མི་རྣམས་ལས་ཀར་བྲེལ་བཞིན་ཡོད་ལ་བཟོ་ཁང་ནས་དྲི་ཞིམ་ལྷང་ལྷང་འཐུལ་བཞིན་ཡོད། ཀུང་སིའི་ནས་ཀྱི་སྦི་རག་ཐོན་སྐྱེད་བྱེད་ས་བསྐྲུན་ཚར་ཞིང་མི་འགྱང་བར་ཐོན་སྐྱེད་བྱ་རྒྱུ་རེད། དངོས་སུ་ཐོན་སྐྱེད་བྱས་རྗེས་སྔོན་དཔག་ལྟར་ན། ནས་ལས་སྣོན་བྱེད་འབོར་ཏུན་ཁྲི ༡༠ ཟིན་ཏེ་ཞིང་འབྲོག་མང་ཚོགས་ཀྱིས་ནས་བཙོང་བ་དང་། ཐག་ཉེ་སར་གླ་པ་རྒྱུག་པ། ཐོན་ལས་ཀྱི་ཁེ་སྤོགས་བགོ་བ་སོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་ཁྲིད་སྟོན་སྔར་བས་ལེགས་པ་ཐུབ་རྒྱུ་རེད།
སླད་ཕྱིན། ཀུང་སིས་ད་དུང་ཚན་རྩལ་གྱི་ནུས་པར་བརྟེན་ཏེ་ནས་འབྲུ་རེ་རེ་སྔར་བས་སྣ་མང་དང་། ཞིབ་ཕྲ། སྤུས་ལེགས་བཅས་ཀྱི་སྒོ་ནས་དུད་སྣེའི་འཛད་སྤྱོད་པའི་སྤྱན་ལམ་དུ་བཀྲམ་སྟེ། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་རོགས་པར་འགྱུར་དུ་འཇུག་རྒྱུ་ཡིན་པ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གི་བདེ་སྐྱིད་ལྡན་པའི་གསར་གཏོད་འབབ་འཕར་ལམ་བུ། བོད་ལྗོངས་གཞིས་རྩེས་ཡིད་རྟོན་ལ་བརྟེན་ནས་ཞིང་འབྲོག་པའི་ཕྱུག་འགྱུར་ལམ་བུ་བཏོད་པ། ཞིང་པ་གསར་པས་བློ་ཁོག་ཆེན་པོས་གྲོང་གསེབ་དར་རྒྱས་ཀྱི་གདོང་སྐྱོད་པ་བྱས་པ། བཞད་མཐོང་སྨོན་རྫོང་ཆབ་ཁ་གྲོང་ཚོའི་རང་བྱུང་ཆུ་ཚན་དང་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ།