ཉེ་ཆར། དིང་རི་རྫོང་མེ་མོ་དར་རྒྱས་སྐྱེལ་འདྲེན་ཚད་ཡོད་ཀུང་སིས ༢༠༢༡ ལོའི་མཉམ་ལས་ཁང་གི་ཁེ་སྤོགས་བགོ་འགྲེམས་བྱེད་པའི་མཛད་སྒོ་འཚོགས་པ་རེད། རྩྭ་སྐོར་ཤང་མེ་མོ་གྲོང་ཚོའི་མང་ཚོགས་ཚོས་ལུས་ལ་གཟབ་མཆོར་སྤྲས་ཏེ་ཁེ་སྤོགས་ལེན་ཞིང་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིར་ཁེ་སྤོགས་བསྡོམས་འབོར་སྒོར ༡༧༨༣༩༨༠ བགོ་འགྲེམས་བྱས་པ་མ་ཟད། ད་དུང་གྲོ་ཞིབ་དང་འབྲས། ཟངས་ཁོག་སོགས་ཀྱི་འཚོ་བའི་མཁོ་ཆས་སྤྲད་ཡོད་པས། གྲོང་ཚོ་ཡོངས་ཀྱི་དུད་ཚང་ ༡༤༨ དང་མི་གྲངས ༧༡༢ ལ་ཕན་པ་ཐོབ་ཡོད།
ཁེ་སྤོགས་བགོ་འགྲེམས་བྱེད་པའི་མཛད་སྒོ་མཇུག་འགྲིལ་རྗེས། གྲོང་ཚོ་ཨུ་ལྷན་གྱི་ཐང་ཆེན་དུ་དགའ་སྤྲོའི་དགོད་སྒྲས་ཁེངས་ཤིང་། མེ་མོ་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་དིང་རིའི་ལྷོ་གཞས་སོགས་ཀྱི་ཞབས་བྲོ་འཁྲབ་སྟོན་བྱས་ཏེ་བདེ་སྐྱིད་འཚོ་བའི་གླུ་དབྱངས་དང་མཛེས་སྡུག་ཡིད་དབང་འཕྲོག་པའི་སྟངས་སྟབས་ལ་བརྟེན་ནས་ཏང་གི་བཀའ་དྲིན་ལ་བསྟོད་གླུ་ཕུལ་བ་དང་དུས་རབས་གསར་པའི་གླུ་དབྱངས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་བའི་བརྗིད་ཆེའི་སྟོབས་ཤུགས་གཅིག་སྒྲིལ་བྱས་པ་རེད། །