སྤྱི་ཟླ ༥ པའི་ཚེས ༨ ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་ལ་ཞལ་པར་བསྐྱོན་ཡོད།
ཞི་ཅིན་ཕིང་གིས་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་ཏེ་སྤྱི་ཟླ ༥ པའི་ཚེས ༩ ཉིན་སུའུ་ལན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་ ༧༥ འཁོར་བར་ཕུ་ཅིང་དང་ཨུ་རུ་སུའི་མི་དམངས་ལ་དུས་ཆེན་གྱི་བཀྲ་ཤིས་སྨོན་འདུན་ཞུས་གནང་ཡོད། ཞི་ཅིན་ཕིང་གིས། འཛམ་གླིང་དམག་ཆེན་གཉིས་པ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་སྔར་ན་མེད་པའི་གོད་ཆག་ཆེན་པོ་ཞིག་ཡིན། ཀྲུང་གོ་དང་ཨུ་རུ་སུ་འདི་ཉིད་ཨེ་ཤ་ཡ་དང་ཡོ་རོབ་ཀྱི་འཐབ་ས་གཙོ་བོ་ཡིན་པའི་ངོས་ནས་མི་རིགས་ཀྱི་བློས་གཏོང་ཤུགས་ཆེན་བྱས་ཤིང་། འཛམ་གླིང་དམག་ཆེན་གཉིས་པར་མཐའ་མའི་རྒྱལ་ཁ་ཐོབ་པ་དང་མིའི་རིགས་འཇིགས་ཉེན་ལས་སྐྱོབ་ཆེད་བསུབ་ཐབས་མེད་པའི་ལེགས་སྐྱེས་ཕུལ་ཡོད། ལོ་རྒྱུས་དེ་ནི་ནམ་ཡང་ངེས་དགོས་པ་ཞིག་ཡིན། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་དཔུང་པ་མཉམ་གཤིབ་ངང་འཐབ་འཛིང་བྱས་ཏེ་རླབས་ཆེའི་མཛའ་གྲོགས་བཏོད་དེ་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ལ་རྫོགས་མཐའ་མེད་པའི་སྒུལ་ཤུགས་མཁོ་འདོན་བྱས་ཡོད། འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁ་ཐོབ་མཁན་རྒྱལ་ཁབ་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་བསྐོས་ལས་འཛིན་རྒྱལ་ཁབ་ཡིན་པའི་ངོས་ནས། ཀྲུང་གོ་དང་ཨུ་རུ་སུས་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོབ་དང་མིའི་རིགས་ཀྱི་གོང་འཕེལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་དམིགས་བསལ་གྱི་འགན་འཁྲི་འཁུར་ཡོད། ཀྲུང་གོའི་ཕྱོགས་ནས་ཨུ་རུ་སུ་དང་མཉམ་དུ་འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་དང་རྒྱལ་སྤྱིའི་གཞུང་དྲང་དྲང་བདེན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་དང་ལག་ལེན་བསྟར་བ། སྔ་བར་ཕྱི་གསུམ་དུ་འཛམ་གླིང་གི་ཞི་བདེ་སྐྲུན་མཁན་དང་། གོ་ལ་ཧྲིལ་པོའི་གོང་འཕེལ་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་མཁན་བཅས་བྱེད་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། མིག་སྔར། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཏོག་གསར་གློ་ཚད་རིམས་ནད་དང་འཐབ་རྩོད་བྱེད་བཞིན་ཡོད། ཁྱེད་ཉིད་སྐུ་ངོ་མའི་བཀོད་འདོམས་འོག་ཨུ་རུ་སུའི་ཕྱོགས་ཀྱི་སྔོན་འགོག་ཚོད་འཛིན་བྱ་ཐབས་ལ་རིམ་བཞིན་ཕན་འབྲས་ཐོན་བཞིན་ཡོད་པ་དང་། ཨུ་རུ་སུས་མཐར་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པར་ཀྲུང་གོས་ཡིད་ཆེས་ཆེན་པོ་བྱེད་པ་དང་། མུ་མཐུད་ཨུ་རུ་སུའི་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ནས་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཕྱར་བ་གྲུ་འདེགས། མཐུན་སྒྲིལ་རོགས་རེས་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་འདུ་ཤེས་ལག་ལེན་ཧུར་ཐག་བསྟར་བ་དང་། ལག་གདང་སྦྲེལ་ཏེ་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཁམས་བདེ་ཐང་དང་འབྲེལ་བའི་སྲུང་སྐྱོབ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱེད་དགོས། ཀྲུང་གོ་དང་ཨུ་རུ་སུ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་འབད་བརྩོན་འོག་ང་ཚོས་ནད་དུག་མཐའ་དག་ལས་རྣམ་པར་རྒྱལ་ནས་དམག་འཐབ་དེར་མཐར་རྒྱལ་ཁ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་ཡོད།
ཕུ་ཅིང་གིས། ཨུ་རུ་སུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་མི་དམངས་ནས་འཛམ་གླིང་དམག་ཆེན་གཉིས་པར་རྒྱལ་ཁ་ཐོབ་ཆེད་བློས་གཏོང་ཤུགས་ཆེན་བྱས་ཡོད། སུའུ་ལན་གྱི་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་ ༧༥ འཁོར་བར་རྟེན་འབྲེལ་ཞུ་བའི་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་འདིར་ཨུ་རུ་སུའི་ཕྱོགས་ནས་ཀྲུང་གོ་དང་ཁྱོན་ཡོངས་འཐབ་ཇུས་རོགས་ལས་ལ་ཤུགས་སྣོན་བརྒྱབ་སྟེ། འཛམ་གླིང་གི་ཞི་བདེ་མཉམ་དུ་སྲུང་སྐྱོབ་བྱེད་པའི་ཆོད་སེམས་མངོན་པ་བྱེད་པ་ལས་ལོ་རྒྱུས་ལ་གཡོ་བཅོས་དང་ལོ་རྒྱུས་གཏིང་བརྗེད་དུ་གཏོང་བའི་རེ་ངན་བཅངས་པའི་གཏམ་སྤྱོད་གང་ཡང་སྤེལ་དུ་འཇུག་གི་མིན། ཀྲུང་གོས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དང་སྨན་བཅོས་འགོག་སྲུང་ཡོ་བྱད་མཁོ་འདོན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཨུ་རུ་སུའི་ཕྱོགས་ནས་ཀྲུང་གོའི་སྔོན་འགོག་ཚོད་འཛིན་གྱི་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་། རིམས་འགོག་སྨན་ཁབ་ཞིབ་བཟོའི་མཉམ་ལས་བྱ་རྒྱུ་ཡིན། ཨུ་རུ་སུའི་ཕྱོགས་ནས་སྟོབས་ཤུགས་ཁག་གཅིག་གིས་རིམས་ནད་ལ་ཁ་གཡར་ནས་ཀྲུང་གོར་སྐྱོན་འཛུགས་བྱེད་པར་ངོ་རྒོལ་བྱས་ཏེ་ཀྲུང་གོའི་ཕྱོགས་ལ་མཐའ་གཅིག་ཏུ་ལངས་རྒྱུ་ཡིན། ཨུ་རུ་སུའི་ཕྱོགས་ནས་ཀྲུང་གོ་དང་མཉམ་དུ་འབོ་གསེར་རྒྱལ་ཁབ་དང་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་སོགས་སྒྲོམ་གཞིའི་འོག་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ང་རང་ནས་ཁྱེད་དང་འབྲེལ་བ་ཟབ་མོ་བྱ་རྒྱུ་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་དང་ཕོར་ཐིའུ་ཀལ་གྱི་ཙུང་ཐུང་གིས་ཞལ་པར་ཐོག་ནས་བཀའ་མོལ་གནང་བ། ཞི་ཅིན་ཕིང་གིས་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་ལ་ཞལ་པར་བསྐྱོན་པ། ཞི་ཅིན་ཕིང་གིས་དབྱི་རན་གྱིས་ཙུང་ཐུང་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ། ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་སྨི་ཙོ་ཐཱ་ཅི་སི་དང་ལྷན་དུ་ཀྲུང་གོ་ཐག་རིང་རྒྱ་མཚོའི་སྐྱེལ་འདྲེན་ པི་ལུའེ་ཨའེ་ཕུའུ་སི་གྲུ་ཁའི་རྣམ་གྲངས་ལ་གཟིགས་སྐོར་གནང་བ།