ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས ༣ ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་རྣམ་གཉིས་ནས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་སྤྲིངས་ནས། འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་ ༧༥ འཁོར་བར་རྟེན་འབྲེལ་ཞུས་ཡོད་པ་རེད།
ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་། ལོ་ངོ་ ༧༥ གོང་གི་དེ་རིང་། ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་སུའུ་ལེན་གྱི་ལྗར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་། འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་མཐའ་མའི་རྒྱལ་ཁ་ཐོབ་པ་ཁྱབ་བསྒྲགས་བྱས་ཡོད། ཨ་ཤེ་ཡ་ཡ་གླིང་དང་། ཡོ་རོབ་གླིང་། ཨ་ཧྥེ་རི་ཁ་གླིང་། རྒྱ་མཚོ་ཆེན་པོའི་གླིང་ཆེན་བཅས་སུ་ཁྱབ་པའི་དམག་འཁྲུག་དེའི་ནང་། རྒྱལ་ཁབ་ཁག་གི་དམག་དཔུང་དང་མང་ཚོགས་ཤི་རྨས་བྱུང་ཚད་མི་དུང་ཕྱུར ༡ ལས་བརྒལ་ཡོད་པ་དང་། མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཆེས་ཡིད་སྐྱོ་བའི་རིན་དོད་བཏང་ཡོད། ཀྲུང་ཨུ་ཕྱོགས་གཉིས་ནི་ཨ་ཤེ་ཡ་ཡ་གླིང་དང་ཡོ་རོབ་གླིང་གི་གཡུལ་ས་གཙོ་བོ་ཡིན་པའི་ངོས་ནས། འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཆེད་མི་རིགས་ཀྱི་བློས་གཏོང་ཆེན་པོ་བྱས་ནས་སུབ་ཐབས་མེད་པའི་ལོ་རྒྱུས་ཀྱི་ལེགས་སྐྱེས་ཕུལ་ཡོད། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་དཔུང་པ་མཉམ་གཤིབ་ཀྱིས་འབད་འཐབ་བྱས་པ་དང་། ཁྲག་དྲོན་ལ་བརྟེན་ནས་གཞོམ་ཞིག་མེད་པའི་རླབས་ཆེན་གྱི་མཛའ་གྲོགས་ཆགས་པ་བྱས་ཏེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་མཐོ་པོས་གོང་འཕེལ་འགྲོ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨུ་རུ་སུ་གཉིས་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཡིན་པས། འཛམ་གླིང་གི་ཞི་བདེ་དང་གོང་འཕེལ་གྱི་བྱ་གཞག་ལ་འགན་འཁྲི་ཆེན་པོ་འཁུར་ཡོད། ངོས་ནས་མུ་མཐུད་ཁྱེད་དང་ལྷན་དུ་འབད་བརྩོན་བྱས་ཏེ་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་ ༧༥ འཁོར་བར་དྲན་གསོ་ཞུ་བའི་གོ་སྐབས་དང་བསྟུན་ནས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཟབ་ཏུ་གཏོང་རྒྱུར་སྣེ་ཁྲིད་བྱ་འདོད་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་དང་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཕྱོགས་མང་རིང་ལུགས་སྲུང་སྐྱོང་དང་ལག་ལེན་ཧུར་ཐག་བྱེད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཕ་ཚ་བུ་རྒྱུད་ལ་ཡུན་རིང་ཞི་བདེ་དང་། ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས་བཅས་ཀྱི་འཛམ་གླིང་ཞིག་བསྐྲུན་འདོད་ཡོད་ཅེས་ནན་སྟོན་གནང་ཡོད་པ་རེད།
ཕུའུ་ཅིང་གིས་རྟེན་འབྲེལ་གློག་འཕྲིན་ནང་། འཛམ་གླིང་དམག་ཆེན་གཉིས་པ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་བྱུང་བའི་ཆེས་ཡ་ང་བའི་སྐྱོ་གར་ཞིག་རེད། སུའུ་ལེན་དང་ཀྲུང་གོ་ནི་ཧྥ་ཤི་སི་རིང་ལུགས་དང་དམག་རྒྱལ་རིང་ལུགས་ལ་འགོག་རྒོལ་བྱེད་པའི་གཡུལ་ས་གཙོ་བོ་ཡིན་པས། བཙན་འཛུལ་པ་ལས་རྣམ་པར་རྒྱལ་ཆེད་མི་རིགས་ཀྱི་བློས་གཏོང་ཆེན་པོ་བྱས་ཡོད། དཀའ་སྤྱད་ཚད་མེད་ཀྱི་དམག་འཁྲུག་དེའི་ནང་། ང་ཚོ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་འཐབ་འཛིང་གི་མཛའ་བཤེས་ཟབ་མོ་ཆགས་ཡོད། ད་ཆ། རོགས་རེས་ཀྱི་སྙིང་སྟོབས་དེ་རིགས་རྒྱུན་ཆད་མེད་པར་དར་སྤེལ་བྱུང་ནས། ཨུ་རུ་སུ་དང་ཀྲུང་གོའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཐེབས་ཡོད། འཛམ་གླིང་དམག་ཆེན་གཉིས་པའི་ལོ་རྒྱུས་ཀྱི་གནས་ཚུལ་ངོ་མ་སྲུང་སྐྱོང་བྱ་རྒྱུ་ནི་ང་ཚོའི་ཐུན་མོང་གི་འགན་འཁྲི་ཡིན། ལོ་རྒྱུས་འཁྱོག་བཤད་བྱེད་པ་དང་། ན་ཚུའེ་བ་དང་དམག་རྒྱལ་རིང་ལུགས་པ། དེ་བཞིན་དེའི་ངན་རོགས་བཅས་ལ་ཆེ་བསྟོད་བྱེད་པའི་སྤྱོད་ངན་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་དགོས་པ་དང་། བཅིངས་འགྲོལ་གཏོང་མཁན་གྱི་མཛད་རྗེས་གཏན་ནས་བརྗེད་དུ་འཇུག་མི་རུང་ལ་དམའ་འབེབས་ནི་དེ་བས་ཀྱང་གཏོང་མི་རུང་ཞིང་། འཛམ་གླིང་དམག་ཆེན་གཉིས་པའི་མཇུག་འབྲས་ཁས་མི་ལེན་པ་གཏན་ནས་བྱེད་མི་རུང་། ཨུ་རུ་སུ་ཕྱོགས་ཀྱིས་མུ་མཐུད་མཛའ་མཐུན་གྱི་ཀྲུང་གོ་དང་མཉམ་དུ་འབད་བརྩོན་ཆེན་པོ་བྱས་ཏེ། དམག་འཁྲུག་དང་གདོང་ཐུག་སྔོན་འགོག་དང་། གོ་ལ་ཧྲིལ་པོའི་བརྟན་ལྷིང་དང་བདེ་འཇགས་སྲུང་སྐྱོང་བྱ་འདོད་ཡོད་ཅེས་བསྟན་ཡོད་པ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་མོ་རོ་ཁོའི་རྒྱལ་པོ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་རྒྱུན་འཁྱོངས་བྱེད་དགོས། ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་ནས་ཁག་སོ་སོར་ཀྲུང་ཨུའི་ཚན་རྩལ་གསར་གཏོད་ལོའི་འགོ་ཚུགས་མཛད་སྒོར་བཀྲ་ཤིས་བདེ་ལེགས་ཞུ་བའི་ཕྱག་ཡིག་བསྐུར་གནང་བ། ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་སྨི་ཙོ་ཐཱ་ཅི་སི་དང་ལྷན་དུ་ཀྲུང་གོ་ཐག་རིང་རྒྱ་མཚོའི་སྐྱེལ་འདྲེན་ པི་ལུའེ་ཨའེ་ཕུའུ་སི་གྲུ་ཁའི་རྣམ་གྲངས་ལ་གཟིགས་སྐོར་གནང་བ།