ཀྲུང་གོ་དང་དབྱི་ཐ་ལིའི་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་ ༥༠ འཁོར་བའི་མཚམས་འདིར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས ༤ ཉིན་གྱི་དགོང་མོ་དབྱི་ཐ་ལིའི་ཙུང་ཐུང་མཱ་ཐ་ལེ་ལ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་སྟེ་ཕན་ཚུན་བཀྲ་ཤིས་བདེ་ལེགས་ཞུས་གནང་ཡོད།
ཞི་ཅིན་ཕིང་གིས། དུས་རབས་ཕྱེད་ཀའི་རིང་རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་གང་ཞིག་བྱུང་རུང་། ཀྲུང་གོ་དང་དབྱི་ཐ་ལིའི་རྒྱལ་ཁབ་གཉིས་པོས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་དང་། གཉིས་ཁེ་གཉིས་ཕན། ཕན་ཚུན་དཔྱད་གཞིར་འཛིན་པ་དང་རོགས་རེས་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་པས་ཁྱོན་ཡོངས་འཐབ་ཇུས་རོགས་པར་གྱུར་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་སྐྲུན་པ་དང་། ལམ་ལུགས་མི་འདྲ་བ་དང་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་རྒྱལ་ཁབ་ཀྱིས་ཕྱོགས་གཉིས་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མིག་དཔེ་བཏོན་ཡོད། གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་སྐབས། ཀྲུང་གོ་དང་དབྱི་ཐ་ལི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ཛ་དྲག་སྐབས་སུ་བརྩེ་བ་མངོན་པ་དང་ལག་གདང་སྦྲེལ་ནས་རིམས་ནད་འགོག་བཅོས་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་སུ་དཀའ་ངལ་མཉམ་སེལ་བྱེད་པའི་མིག་དཔེ་བཏོན་ཡོད། ཕྱོགས་གཉིས་པོས་སྔར་སོང་གནས་ཚུལ་ལ་ཕྱོགས་སྡོམ་དང་། འབྱུང་འགྱུར་ལ་ཁ་ཕྱོགས་པ། སྔ་འཛིན་ཕྱི་གཏོད་བཅས་བྱས་ནས་དུས་སྐབས་གསར་པར་ཀྲུང་གོ་དང་དབྱི་ཐ་ལིའི་འབྲེལ་བ་འཕེལ་རྒྱས་དེ་བས་ཆེ་བ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་དང་སྤྱི་ལོ ༢༠༣༥ ལོའི་རྒྱང་རིང་དམིགས་འབེན་བཟོ་རྒྱུའི་སྐོར་གྱི་གྲོས་འགོར་གྲོས་འཆམ་བྱུང་ཡོད། ཀྲུང་གོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་འགོ་འཛུགས་ས་དེ་བས་མཐོ་བའི་ཐོག་ནས་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ་ཡིན། དབྱི་ཐ་ལི་ཚུད་པའི་རྒྱལ་ཁབ་ཁག་ཀྲུང་གོའི་འཕེལ་རྒྱས་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས་གཉིས་ཕན་མཉམ་རྒྱལ་ཡོང་བ་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་དང་དབྱི་ཐ་ལི་ཕྱོགས་གཉིས་པོས་བང་རིམ་ཁག་གི་འགྲོ་འོང་རྒྱུན་འཁྱོངས་བྱས་ནས་ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཤེས་དཔལ་སྤེལ་རེས་དང་སྐད་ཆ་ཤོད་རེས་ལ་སྐུལ་འདེད་བཏང་སྟེ་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས། མིའི་རིགས་ནི་བདེ་སྡུག་མཉམ་མྱོང་གི་ལས་དབང་ཐུན་མོང་མ་ལག་ཅིག་ཡིན། ཞི་བའི་ངང་འཕེལ་རྒྱས་དང་། ཕྱར་བ་གྲུ་འདེགས། མཉམ་ལས་མཉམ་རྒྱལ་བཅས་ནི་ཡང་དག་པའི་བགྲོད་ལམ་ཡིན། དབྱི་ཐ་ལི་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་གཞིར་བཟུང་རིམས་ནད་ལ་ཁ་གཏད་གཅོག་རྒྱུར་ཀྲུང་གོའི་ཕྱོགས་ནས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། དབྱི་ཐ་ལིའི་ཕྱོགས་ལ་མུ་མཐུད་རོགས་རམ་བྱས་ཏེ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་སོགས་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་ཐུན་མོང་ཐོག་རྒྱབ་སྐྱོར་བྱས་ཏེ་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཐུན་མོང་མ་ལག་མཉམ་སྐྲུན་བྱེད་འདོད་ཡོད། དབྱི་ཐ་ལི་ཕྱོགས་ཀྱིས་སང་ལོ་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུར་ཀྲུང་གོའི་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་དང་། དབྱི་ཐ་ལི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་ཉི་ཤུ་ཚོགས་པས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་དང་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་འདོན་རྒྱུ་ཡིན་ཞེས་ནན་གསུངས་གནང་ཡོད་པ་རེད།
མཱ་ཐ་ལེ་ལ་ཡིས། ང་རང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཐད་གནང་བའི་གདེང་འཇོག་ལ་རྦད་དེ་ཡིད་མཐུན་ཞུ་རྒྱུ་ཡིན། དབྱི་ཐ་ལི་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་ ༥༠ སོང་རིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་མཛའ་གྲོགས་འཕེལ་རྒྱས་རྒྱུན་འཁྱོངས་ཐུབ་པ་དང་འགྲོ་འོང་དང་མཉམ་ལས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པས། དོན་དེའི་ཐད་དབྱི་ཐ་ལི་ཕྱོགས་ནས་སྤོབས་སེམས་བཅངས་ཀྱི་ཡོད། ད་ལོ་ནས་བཟུང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་རིམས་ནད་ལ་ཁ་གཏད་གཅོག་སྐབས་ཕན་ཚུན་རོགས་རམ་དང་ཕན་ཚུན་རྒྱབ་སྐྱོར་བྱས་པ་དང་། ལྷག་པར་དུ་དབྱི་ཐ་ལི་དཀའ་ངལ་ཆེ་ཤོས་ཀྱི་སྐབས་སུ་ཀྲུང་གོས་རྩ་ཆེའི་རོགས་སྐྱོར་བྱས་ཡོད། དབྱི་ཐ་ལི་དང་ཀྲུང་གོའི་མཛའ་གྲོགས་ཀྱིས་ཚོད་བགམ་ཐེག་པ་དང་ཇེ་ལེགས་སུ་འགྲོ་བཞིན་ཡོད། དབྱི་ཐ་ལི་ཕྱོགས་ནས་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བའི་སྙིང་དོན་ལ་གཞིགས་པ་དང་། ཀྲུང་གོ་ཕྱོགས་བར་གྱི་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་མཉམ་ལས་རྒྱ་ཆེར་བཏང་ནས་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་དང་དབྱི་ཐ་ལི་རྒྱལ་ཁབ་གཉིས་པོས་སྔ་རྗེས་སུ་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུ་ཡིན་པས་ཕྱོགས་གཉིས་པོའི་བར་ཕན་ཚུན་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད། རིམས་ནད་དང་གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་གཅོག་སྐབས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ཏེ་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་ཁབ་ཉི་ཤུའི་ཚོགས་པ་སོགས་སྒྲིག་གཞི་ནང་གི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཀྱི་ཆེད་དུ་ཤེས་དཔལ་གྱི་གནའ་བོའི་རྒྱལ་ཁབ་གཉིས་ཀྱིས་འབུལ་འོས་པའི་ལེགས་སྐྱེས་འབུལ་འདོད་ཡོད། ཀྲུང་གོའི་འཕེལ་རྒྱས་ཀྱིས་ཡོ་རོབ་དང་ཀྲུང་གོའི་བར་གྱི་མཉམ་ལས་ལ་གོ་སྐབས་ཆེན་པོ་སྤྲོད་རྒྱུ་ཡིན་པས། དབྱི་ཐ་ལི་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་དེའི་ནང་ཐེ་ཞུགས་ཧུར་ཐག་བྱེད་འདོད་ཡོད། ང་རང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་དབར་གྱི་མཛའ་ཤེས་ལ་གཅེས་འཛིན་བྱེད་ཀྱི་ཡོད་ལ་རིམས་ནད་མཇུག་སྒྲིལ་རྗེས་གང་མགྱོགས་ཀྲུང་གོར་འཚམས་འདྲིར་ཡོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
༼བདེན་འཚོལ༽དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ། ༄༅། ། ཞི་ཅིན་ཕིང་གིས་ཨར་སའེ་པོ་ལི་ཝེ་ཡའི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། ཞི་ཅིན་ཕིང་གིས་ཀྲུང་གོ་ཟློས་གར་སློབ་གླིང་ལ་འཕྲིན་ལན་སྤྲིངས་གནང་བ། ཨ་འགོག་ཁྲའོ་རོཊ་བྱས་ནས་ལོ་ངོ་༧༠འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན། ཞི་ཅིན་ཕིང་གིས་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏ་ལ་ཐུགས་གསོའི་གློག་འཕྲིན་གནང་བ།