འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་མོལ་ཐེངས་བཅུ་གཉིས་པ་དེ་སྤྱི་ཚེས ༡༧ ཉིན་གྱི་དགོང་མོ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་འཚོགས་ཤིང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་གཙོ་སྐྱོང་གནང་བ་དང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། རྒྱ་གར་གྱི་ཙུང་ལི་མོ་ཏི། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མ་ཕུའུ་ས། པར་ཙིར་གྱི་ཙུང་ཐུང་པོ་སུའོ་ན་ལུའོ་བཅས་མཇལ་མོལ་ནང་ཞུགས་ཡོད་པ་རེད།
ཞི་ཅིན་ཕིང་གིས་འགོ་བརྗོད་དུ༼སོ་སྲུང་རོགས་རེས་ཀྱིས་མཉམ་དུ་རིམས་ནད་འགོག་བཅོས་བྱེད་པ་དང་། ལག་གདང་སྦྲེལ་ནས་ཕྱར་བ་གྲུ་འདེགས་ཀྱིས་མཉམ་ལས་ལ་སྐུལ་འདེད་གཏོང་དགོས༽ཞེས་པའི་གསུང་བཤད་གལ་ཆེན་གནང་ཡོད། ཞི་ཅིན་ཕིང་གིས། མིག་སྔར། དུས་རབས་ཀྱི་རིམས་ནད་དང་ལོ་བརྒྱའི་འགྱུར་ལྡོག་གཉིས་སྣོལ་འདྲེས་ངང་འབྱུང་བ་དང་། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད། མིའི་རིགས་ཀྱི་སྤྱི་ཚོགས་ལ་ལོ་བརྒྱའི་རིང་ཚབས་ཆེ་ཤོས་ཀྱི་འགོས་ནད་མཆེད་བཞིན་ཡོད་པ་དང་། འཛམ་གླིང་གི་དཔལ་འབྱོར་དུས་རབས་གོང་མའི་ལོ་རབས ༣༠ པར་ཉམས་རྒུད་ཆེན་པོ་བྱུང་བ་ནས་བཟུང་པའི་ཉམས་རྒུད་ཚབས་ཆེ་ཤོས་དེ་འབྱུང་བཞིན་ཡོད། དུས་སྐབས་གལ་ཆེན་འདི་འདྲ་ཞིག་གི་སྐབས་སུ། ཐེངས་འདིའི་གྲོས་མོལ་བྱས་པར་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད། ཞི་བདེ་དང་གོང་འཕེལ་ཡོང་བ་བྱེད་པའི་དུས་རབས་ཀྱི་བརྗོད་བྱ་གཙོ་བོར་འགྱུར་བ་བྱུང་མེད་པ་དང་། འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དུ་འགྱུར་བའི་དུས་རབས་ཀྱི་འཕེལ་ཕྱོགས་ཀྱང་ལྡོག་ཕྱོགས་སུ་འགྱུར་མི་སྲིད་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད། ང་ཚོས་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུར་བསམ་བློ་གཏོང་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། བྱ་སྤྱོད་ངོ་མའི་ཐོག་ནས་མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱ་ཆེད་འབུལ་དགོས་པའི་ལེགས་སྐྱེས་འབུལ་དགོས།
དེ་ཡང་། དང་པོ། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ནས་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱ་དགོས། ཕྱོགས་མང་དང་ཕྱོགས་རྐྱང་པའི་བར་དང་། དྲང་བདེན་དང་བཙན་དབང་བར་གྱི་འཐབ་རྩོད་ལ་ཁ་གཏད་གཅོག་སྐབས། འབོ་གསེར་རྒྱལ་ཁབ་ཀྱིས་བློ་རྩ་བརྟན་པོས་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་དང་། ཕྱོགས་མང་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས། མཉམ་འབྲེལ་རྒྱལ་ཚོགས་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་སྲུང་སྐྱོང་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བ་བྱེད་པའི་རྒྱལ་སྤྱིའི་མ་ལག་སྲུང་སྐྱོང་། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་རྨང་གཞི་བྱེད་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བཅས་བྱེད་དགོས། ཕན་ཚུན་བར་རང་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་ནས་བདམས་པའི་སྤྱི་ཚོགས་ཀྱི་ལམ་ལུགས་དང་། དཔལ་འབྱོར་མ་དཔེ། གོང་འཕེལ་བགྲོད་ལམ་བཅས་ལ་བརྩི་འཇོག་བྱ་དགོས། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་དར་སྤེལ་གཏོང་བ་དང་། གྲོས་མོལ་དང་དབྱེ་འབྱེད་གྲོས་མོལ་བྱེད་པར་བརྟེན་ནས་ཕྱོགས་འགལ་སེལ་བ། ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་པ། ཕྱོགས་རྐྱང་པའི་བཀག་སྡོམ་དང་ལག་རིང་བདག་སྐྱོང་ལ་ངོ་རྒོལ་བྱེད་པ་བཅས་བྱས་ནས། ཞི་བདེ་བརྟན་ལྷིང་གི་གོང་འཕེལ་ཁོར་ཡུག་ཅིག་མཉམ་དུ་གཏོད་དགོས།
གཉིས་པ། མཐུན་སྒྲིལ་རོགས་ལས་རྒྱུན་འཁྱོངས་བྱས་ནས་མཉམ་ཤུགས་ལ་བརྟེན་ནས་རིམས་ནད་ཀྱི་འགྲན་སློང་ཁྱད་བསད་བྱ་དགོས། རྒྱལ་སྤྱིའི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འགག་རྩའི་འགོ་ཁྲིད་ཀྱི་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་དགོས་མཁོ་ཡོད་པའི་འབོ་གསེར་རྒྱལ་ཁབ་ལ་རིམས་འགོག་སྨན་མཁོ་འདོན་བྱ་རྒྱུར་བསམ་བློ་ཧུར་ཐག་གཏོང་འདོད་ཡོད། འབོ་གསེར་རྒྱལ་ཁབ་ཀྱི་རིམས་འགོག་སྨན་ཞིབ་འཇུག་གསར་སྤེལ་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་སྲོལ་རྒྱུན་གྱི་གསོ་རིག་དང་སྨན་རྫས་ཞིབ་བསྡུར་ཚོགས་འདུ་འཚོགས་ནས་སྲོལ་རྒྱུན་གྱི་གསོ་རིག་དང་སྨན་རྫས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཐད་ཀྱི་ནུས་པ་འཚོལ་ཞིབ་བྱ་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན། མཐུན་སྒྲིལ་གྱིས་ཕྱོགས་འགལ་གྱི་ཚབ་བྱེད་པ་དང་། རྗེས་དཔག་གིས་ཕྱོགས་ཞེན་སེལ་ཏེ། རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་རིམས་ནད་འགོག་བཅོས་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།
གསུམ་པ། སྒོ་འབྱེད་གསར་གཏོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་འདེད་གཏོང་དགོས། ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་དཔལ་འབྱོར་བརྟན་པོ་ཡོང་བ་བྱ་དགོས། སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་ཡོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། མི་སྣ་དང་དངོས་ཟོག་རྒྱལ་མཚམས་ལས་བརྒལ་ནས་འཁོར་རྒྱུག་བྱ་རྒྱུ་སྟབས་བདེ་ཅན་དུ་འགྱུར་བའི་གྲོས་འགོ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བདེ་འཇགས་ངང་ཤར་བགྲོད་ཐུབ་རྒྱུར་འགན་སྲུང་བྱེད་དགོས། རིམས་ནད་བེད་སྤྱད་ནས་གོ་ལ་ཧྲིལ་པོ་ཅན་མེད་པར་བཟོ་བའི་བྱ་སྤྱོད་སྤེལ་ཚེ། མཐར་སོ་སོའི་རྒྱལ་ཁབ་དང་རྒྱལ་ཁབ་ཁག་གི་ཐུན་མོང་གི་ཁེ་ཕན་ལ་གནོད་འཚེ་ཕོག་རྒྱུ་རེད། བློ་བརྟན་འགྱུར་མེད་ངང་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་བསྐྲུན་ནས། རྒྱལ་ཁབ་ཀྱི་བདེ་འཇགས་ཁ་གཡར་སར་བྱས་ཏེ་དོན་ངོ་མར་སྲུང་སྐྱོང་རིང་ལུགས་ལག་བསྟར་བྱེད་པར་ངོ་རྒོལ་བྱེད་དགོས། ཚན་རྩལ་གསར་གཏོད་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས། སྒོ་འབྱེད་དང་། དྲང་སྙོམས། དྲང་གཞག མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྥུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་དུ་འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ལས་གསར་བརྗེ་གསར་པའི་རོགས་ཟླའི་འབྲེལ་བའི་གསར་གཏོད་རྟེན་གཞི་འཛུགས་རྒྱུ་ཡིན། འབོ་གསེར་རྒྱལ་ཁབ་ཀྱིས་ཀྲུང་གོས་སྤེལ་བའི་༼འཛམ་གླིང་ཡོངས་ཀྱི་གྲངས་གཞིའི་བདེ་འཇགས་གྲོས་འགོར༽རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད།
བཞི་པ། དམངས་འཚོ་སྔོན་ལ་འཇོག་པ་རྒྱུན་འཁྱོངས་ཀྱིས་གོ་ལ་ཧྲིལ་པོའི་རྒྱུན་མཐུད་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ ༢༠༣༠ ལོའི་རྒྱུན་མཐུད་གོང་འཕེལ་གྱི་གྲོས་རིམ་དོན་འཁྱོལ་བྱ་རྒྱུ་དེ་རྒྱལ་སྤྱིའི་གོང་འཕེལ་མཉམ་ལས་ཀྱི་ལྟེ་བར་འཇོག་དགོས་པ་དང་། དབུལ་ཕོངས་སེལ་རྒྱུ་དེ་དམིགས་འབེན་ཨང་དང་པོར་བརྩིས་ནས། ཐོན་ཁུངས་དེ་བས་མང་བ་དབུལ་ཕོངས་ཉུང་དུ་གཏོང་བ་དང་། སློབ་གསོ། འཕྲོད་བསྟེན། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ལ་ཕྱོགས་ལྷུང་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ནས་གཅིག་འགྱུར་འཆར་འགོད་དང་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས། དེ་བས་འདྲ་མཉམ་དང་དོ་སྙོམས་ཀྱི་གོ་ལ་ཧྲིལ་པོའི་གོང་འཕེལ་ཀྱི་རོགས་ཟླའི་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་བཏང་ཐོག གོང་འཕེལ་ཀྱི་གྲུབ་འབྲས་དེ་བས་མང་བས་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཕན་པ་ཐོབ་པ་བྱེད་དགོས་པ་དང་། དེ་བས་ལེགས་པའི་སྒོ་ནས་ཉམས་ཞན་མི་ཚོགས་ཀྱི་དགོས་མཁོ་སྐོང་དགོས།
ལྔ་པ། སྦགས་མེད་ཐན་ཉུང་རྒྱུན་འཁྱོངས་ཀྱིས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པའི་ཧྥ་རི་སིའི་གྲོས་ཆོད་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་། ཐུན་མོང་ཡིན་ལ་ཁྱད་པར་ཡང་ཡོད་པའི་འགན་འཁྲིའི་རྩ་དོན་ལ་བརྩི་སྲུང་ཞུས་ཏེ། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ལ་དེ་བས་མང་བའི་རོགས་རམ་མཁོ་འདོན་བྱེད་དགོས། ཀྲུང་གོས་རྒྱལ་ཁབ་ཀྱི་རང་བདག་ལེགས་སྐྱེས་འབུལ་ནུས་ཆེ་རུ་གཏོང་རྒྱུ་དང་། དེ་བས་ནུས་ལྡན་གྱི་སྲིད་ཇུས་དང་བྱེད་ཐབས་བཟུང་ནས། དབྱང་གཉིས་ཐན་འགྱུར་འབུད་བཤངས་བྱེད་ཚད་དེ་སྤྱི་ལོ ༢༠༣༠ ལོའི་གོང་ཚད་གཞི་མཐོ་ཤོས་ལས་མི་བརྒལ་བའི་བརྩོན་ལེན་བྱས་ནས། སྤྱི་ལོ ༢༠༦༠ ལོའི་གོང་ཐན་བཏང་སྙོམས་མངོན་འགྱུར་ཐུབ་རྒྱུར་འབད་བརྩོན་ཆེན་པོས་བརྩོན་ལེན་བྱེད་རྒྱུའི་ཁྱབ་བསྒྲགས་བྱས་ཟིན། ང་ཚོས་ཁ་བཤད་ལག་བསྟར་ཐུབ་པ་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། ཀྲུང་གོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པ་འགོ་འཛུགས་རྒྱུ་དང་། ང་ཚོས་ཚན་རིག་དང་མཐུན་པའི་སྒོ་ནས་གོང་འཕེལ་ཀྱི་དུས་རིམ་གསར་པ་ཁོང་དུ་ཆུད་པ་བྱེད་པ་དང་། གོང་འཕེལ་ཀྱི་འདུ་ཤེས་གསར་པ་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་གོང་འཕེལ་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་རྒྱུ་ཡིན། ཀྲུང་གོས་སྒོ་འབྱེད་ཀྱི་རྒྱལ་སྒོ་རྒྱག་མི་སྲིད་པར་སྒོ་མོ་ཇི་ཙམ་ཕྱེ་བ་དེ་ཙམ་གྱིས་ཆེ་རུ་འགྲོ་ངེས་རེད། ཀྲུང་གོས་འཛམ་གླིང་གི་ཁྲོམ་རར་སྔར་ལས་ལྷག་པའི་སྒོ་ནས་ཧུར་ཐག་ངང་ཞུགས་རྒྱུ་དང་། ཕྱི་ཕྱོགས་མཉམ་ལས་སྔར་བས་རང་འགུལ་ངང་ནས་ཟབ་སྤེལ་བྱས་ཏེ། འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་གོང་འཕེལ་ཡོང་བར་གོ་སྐབས་དང་བར་སྟོང་སྔར་བས་མང་པོ་བསྐྲུན་རྒྱུ་ཡིན་ཞེས་གསུངས་པ་རེད།
མཇུག་ཏུ་ཞི་ཅིན་ཕིང་གིས། ང་ཚོ་ཚང་མ་གྲུ་གཟིངས་གཅིག་གི་ཐོག་ཏུ་གནས་ཡོད། རླུང་རླབས་དྲག་པོའི་དུས་སུ་ང་ཚོས་དེ་བས་ཀྱང་ཁ་ཕྱོགས་ཡང་དག་འཛིན་དགོས་ཤིང་། དལ་ལྷོད་རན་པོ་དང་། མཐུན་སྒྲིལ་མཉམ་ལས། རླུང་བརྟེན་རླབས་གཤག་བཅས་བྱེད་པ་དང་། བརྟན་པོའི་ངང་རྒྱང་རིང་དུ་བསྐྱོད་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་དགོས་ཞེས་ནན་སྟོན་གནང་བ་རེད།
རྒྱལ་ཁབ་ལྔའི་འགོ་ཁྲིད་པས་འབོ་གསེར་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་དང་། གོ་ལ་ཧྲིལ་པོའི་བརྟན་ལྷིང་དང་། ཐུན་མོང་བདེ་འཇགས། གསར་གཏོད་འཕར་སྣོན་བཅས་ཡོང་བར་སྐུལ་འདེད་གཏོང་བའི་བརྗོད་བྱ་གཙོ་བོར་དམིགས་ནས། རིམས་ནད་འགོག་པའི་མཉམ་ལས་ཇུས་ཆེན་ལ་མཉམ་གྲོས་དང་། འབོ་གསེར་གོང་འཕེལ་གཏོང་བའི་འཆར་གཞི་བཀོད་ཡོད། འབོ་གསེར་མཉམ་ལས་དང་མིག་སྔའི་རྒྱལ་སྤྱིའི་དུས་བབ་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་ནས་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་བྱུང་ཡོད་པ་རེད།
རྒྱལ་ཁབ་ལྔའི་འགོ་ཁྲིད་མི་སྣས། ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་དམིགས་ཏེ། རྒྱལ་ཁབ་ལྔ་པོས་མཐུན་སྒྲིལ་རོགས་རེས་བྱས་ཏེ། རིམས་འགོག་སྨན་ཁབ་དང་སྨན་རྫས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་མཐུན་སྦྱོར་ནུས་པ་གལ་ཆེན་འདོན་པར་རྒྱབ་སྐྱོར་བྱས་ཐོག རིམས་ནད་ཆབ་སྲིད་ཅན་དུ་འགྱུར་བར་ངོ་རྒོལ་བྱེད་པ་དང་། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་ཡོང་བར་སྲུང་སྐྱོང་བྱས་ནས། འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་དགོས། འབོ་གསེར་རྒྱལ་ཁབ་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བར་སྐུལ་འདེད་བཏང་ནས་ཉོ་ཚོང་མ་འཇོག་དང་། གྲངས་འཛིན་དཔལ་འབྱོར། ཚན་རྩལ་གསར་གཏོད། ནུས་ཁུངས། གནམ་གཤིས་འགྱུར་བ་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། འཇིགས་སྐུལ་ལ་ངོ་རྒོལ་དང་། རུལ་སུངས་ལ་ངོ་རྒོལ། བར་སྣང་ཁམས་ཀྱི་བདེ་འཇགས་དང་དྲ་རྒྱའི་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཚུད་པའི་ཆབ་སྲིད་བདེ་འཇགས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པ་དང་། རྒྱལ་ཁབ་ཁག་གི་བདག་དབང་དང་། བདེ་འཇགས། མངའ་ཁོངས་ས་ཆ་ཆ་ཚང་བཅས་ལ་བརྩི་འཇོག་བྱེད་པ། ཞི་བའི་ཐབས་ལ་བརྟེན་ནས་རྩོད་གཞི་ཐག་གཅོད་བྱེད་རིགས་དམ་པ་དོན་དུ་གཉེར་དགོས། མི་ཆོས་རིག་གནས་སྤེལ་རེས་ཀྱི་མཉམ་ལས་རྒྱ་སྐྱེད་དུ་བཏང་ནས་དམངས་ཁྲོད་ཀྱི་མཛའ་གྲོགས་ཟབ་ཏུ་གཏོང་དགོས། འགོ་ཁྲིད་པས་མོས་མཐུན་བྱུང་བའི་རྒྱལ་སྤྱིའི་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་མུ་མཐུད་འབྲེལ་གཏུག་དམ་ཟབ་དང་། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་དང་། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱིས་འཐུས་ཚབ་བྱེད་པའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་སྲུང་སྐྱོང་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
རྒྱལ་ཁབ་ལྔའི་འགོ་ཁྲིད་པས་ད་དུང་འབོ་གསེར་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལམ་སྲོལ་གྱི་འགན་འཁུར་མི་སྣས་གནང་བའི་ལས་དོན་སྙན་ཞུ་གསན་པ་རེད།
མཇལ་མོལ་ཐོག འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་མོལ་ཐེངས་བཅུ་གཉིས་པའི་མོ་སི་ཁོའི་བསྒྲགས་གཏམ་ཞེས་པར་གྲོས་འཆམ་བྱུང་བ་རེད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་སྐབས་གསུམ་པའི་ཧྥ་རི་སིའི་ཞི་བདེ་གླེང་སྟེགས་ལ་བརྙན་མཐོང་ཐོག་ནས་ཤིས་ཚིག་གསུངས་པ། ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་དྲུག་ཅུ་རེ་གཉིས་དང་ཨང་དྲུག་ཅུ་རེ་གསུམ་པར་མཚན་རྟགས་བཀོད་པ། རྒྱལ་ཡོངས་རིག་གནས་དང་ཡུལ་སྐོར་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས། ཞི་ཅིན་ཕིང་གིས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་རྒྱལ་སྤྱིའི་ཚན་རྩལ་དང་གསར་གཏོད་གླེང་སྟེགས་སྐབས་དང་པོའི་ཚོགས་ཆེན་འགོ་ཚུགས་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།