གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་ཆི་ལིའི་ཙུང་ཐུང་ཕི་ཉེ་ལ་དང་ཞལ་པར་བསྐྱོན་པ།

སྤེལ་དུས་: 2020ལོ་12ཟླ་17ཚེས་ 11:50 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཟླ ༡༢ པའི་ཚེས ༡༥ ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆི་ལིའི་ཙུང་ཐུང་ཕེ་ཉི་ལ་དང་ཞལ་པར་བསྐྱོན་ཡོད།

ཞི་ཅིན་ཕིང་གིས། ཆི་ལི་ནི་ཀྲུང་གོ་དང་ཕྱི་འབྲེལ་འབྲེལ་བ་འཛུགས་མཁན་གྱི་ལ་ཏིང་ཨེ་མེ་རི་ཁའི་སྐམ་ས་ཆེན་མོའི་རྒྱལ་ཁབ་དང་པོ་དེ་ཡིན་པ་དང་། ཀྲུང་གོ་དང་ཆི་ལིའི་འབྲེལ་བའང་ཀྲུང་གོ་དང་ལ་ཏིང་ཨེ་མེ་རི་ཁའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་དང་གཉིས་ཕན་མཉམ་རྒྱལ་གྱི་དཔེ་མཚོན་དུ་གྱུར་ཡོད། ལོ་འདི་ཤར་ཚུན། ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས་རིམས་ནད་ལ་ཁ་གཏད་བཅག་པ་དང་། དཀའ་གནད་མཉམ་སེལ་བྱས་པས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་སོ་སྲུང་རོགས་རེས་བྱེད་པའི་མཛའ་གྲོགས་ཟབ་མོ་མངོན་ཡོད། ཕྱོགས་གཉིས་པོས་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་ ༥༠ སོང་ཚུན་གྱི་ཀྲུང་གོ་དང་ཆི་ལིའི་འབྲེལ་བའི་གོང་འཕེལ་གྱི་འཕེལ་རིམ་ལ་ཕྱོགས་སྡོམ་གྱིས་མུ་མཐུད་གཞན་གྱི་སྔོན་དུ་འགྲོ་བའི་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་། ཀྲུང་གོ་དང་ཆི་ལིའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བར་སྐུལ་འདེད་བཏང་ཏེ་དེ་བས་འོད་སྟོང་འཕྲོ་བའི་དུས་རབས་གསར་པ་གཏོད་དགོས་ཞེས་གསུངས་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོས་གོང་འཕེལ་གྱི་གནས་སྟངས་གསར་པ་གཏོད་པ་དང་། འགོ་འཛུགས་ས་དེ་བས་མཐོ་བའི་ཐོག་ནས་བསྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་བཏང་བ་དེས་ཆི་ལི་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་ལ་རྒྱ་ཆེ་བའི་ཁྲོམ་ར་དང་གོང་འཕེལ་གྱི་གོ་སྐབས་སྐྲུན་རྒྱུ་རེད། ཕྱོགས་གཉིས་པོས་གོང་འཕེལ་གྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་རང་མོས་ཉོ་ཚོང་གྲོས་ཆོད་རིམ་འཕར་ཐུབ་པའི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱེད་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཆི་ལིའི་ཞིང་ལས་དང་གཏེར་ལས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་སུ་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཚན་རྩལ་གསར་གཏོད་དང་གྲངས་གཞིའི་དཔལ་འབྱོར་སོགས་ཀྱི་མཉམ་ལས་འཕར་གནས་གསར་པ་གཏོད་འདོད་ཡོད། རིག་གནས་དང་སློབ་གསོ། འཕྲོད་བསྟེན། ས་གནས། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་རྒྱུ་ཡིན། རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་བཟོ་དང་བེད་སྤྱོད་བྱེད་པའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཏེ་ཆི་ལིའི་རིམས་འགོག་ཐད་རང་ནུས་དཔག་ཚོད་ཀྱིས་རྒྱབ་སྐྱོར་དང་རོགས་རམ་བྱ་རྒྱུ་ཡིན། རྒྱུན་མཐུད་གོང་འཕེལ་རུང་བ་དང་། གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པ་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གྲོས་གཞིའི་ཐད་མཐུན་སྦྱོར་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཏེ་མཉམ་དུ་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཆི་ལིའི་ཕྱོགས་ཀྱིས་ཀྲུང་གོ་དང་ལ་ཏིང་ཨེ་མེ་རི་ཁའི་སྤྱི་ཡོངས་མཉམ་ལས་ཐད་མུ་མཐུད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད་ཅེས་ནན་གསུངས་གནང་ཡོད།

ཕི་ཉེ་ལས། ཆི་ལི་དང་ཀྲུང་གོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་ ༥༠ སོང་རིང་། ཕྱོགས་གཉིས་པོའི་མཛའ་གྲོགས་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་ཞིང་བརྟན་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་སྔར་བས་ཟབ་ཏུ་སོང་བ། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཆི་ལིའི་ཕྱོགས་ཀྱིས་ཀྲུང་གོར་ཏོག་གསར་གློ་ཚད་རིམས་ནད་དང་དཔལ་འབྱོར་སླར་གསོ་སོགས་ཀྱི་ཐད་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པར་བསྔགས་བརྗོད་ཞུ་རྒྱུ་ཡིན།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོས་གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པའི་ཐད་རྒྱལ་ཁབ་ཀྱི་རང་བདག་ལེགས་སྐྱེས་བྱ་ཐབས་གསར་པ་འབུལ་རྒྱུའི་ཁྱབ་བསྒྲགས་གནང་བ་དེས་འཛམ་གླིང་ལའང་ལེགས་སྐྱེས་གསར་པ་གལ་ཆེན་ཕུལ་ཡོད། ཀྲུང་གོས་བཟོས་པའི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་འཆར་འགོད་ཀྱིས་ཆི་ལི་ཚུད་པའི་འཛམ་གླིང་ལ་གོ་སྐབས་དེ་བས་མང་བ་སྐྲུན་ཐུབ། ཆི་ལིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་ནང་ཧུར་ཐག་ཞུགས་པ། མཉམ་དུ་གཞུང་དྲང་རང་མོས་ཆེ་བའི་རང་མོས་ཉོ་ཚོང་སྒྲིག་གཞིར་སྲུང་སྐྱོབ་བྱེད་པ། རྒྱུན་མཐུད་གོང་འཕེལ་རུང་བ་དང་གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པ་སོགས་ཀྱི་གྲོས་གཞི་ཆེ་གྲས་ཐད་མཐུན་སྦྱོར་དང་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་འདོད་ཡོད། ཀྲུང་གོར་ལོ་རྒྱུས་ཡུན་རིང་ལྡན་པའི་གནའ་བོའི་ཤེས་དཔལ་དང་རྒྱང་རིང་གི་འཐབ་ཇུས་མིག་རྒྱང་ལྡན་ཡོད་པས་གོ་ལ་ཧྲིལ་པོའི་བཅོས་སྒྲིག་འཐུས་སྒོ་ཚང་དུ་གཏོང་བ་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་དེ་བས་ཡག་པ་གཅོག་པའི་ཐད་ཀྲུང་གོས་ལེགས་སྐྱེས་གལ་ཆེན་འབུལ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་ཡོད།

དེ་ཉིན། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཀྲུང་གོ་དང་ཆི་ལིའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་ ༥༠ འཁོར་བའི་ཐད་ཕན་ཚུན་གློག་འཕྲིན་བཏང་གནང་བ་དང་། རྒྱལ་ཁབ་གཉིས་པོས་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་ ༥༠ འཁོར་བ་དེ་འགོ་འཛུགས་ས་གསར་པར་བརྩིས་ནས་མཉམ་དུ་ཀྲུང་གོ་དང་ཆི་ལིའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་གོང་འཕེལ་གཏིང་ཟབ་གཏོང་རྒྱུར་མགྲིན་གཅིག་ཏུ་མོས་མཐུན་གནང་ཡོད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་གླེང་སྟེཊ་འདིར་ཤིས་ཚིག་གནང་འདུག ཞི་ཅིན་ཕིང་གི་རྣམ་བཤད་གཅེས་བསྡུས་འདིའི་དབྱིན་ཡིག་དཔར་མ་བཀྲམ་པ། ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ། ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དེབ་རྐྱང་པ་འདི་པར་དུ་སྐྲུན་འདུག མཐའ་མཚམས་སྟོབས་ཆེར་གཏོང་བའི་ལས་དོན་སྐོར་གྱི་ཚོགས་འདུ་གལ་ཆེན་ཞིག