གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

སྤེལ་དུས་: 2020ལོ་11ཟླ་26ཚེས་ 10:56 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས ༢༤ ཉིན་གྱི་དགོང་མོ་འཇར་མན་གྱི་ཙུང་ལི་མོ་ཁེར་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་ཡོད།

ཞི་ཅིན་ཕིང་གིས། ཉིན་ཤས་གོང་། ང་རང་དང་སྐུ་ཉིད་མཉམ་དུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་པ་ཡིན། ང་ཚོས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན། ལག་གདང་སྦྲེལ་ནས་རིམས་ནད་འགོག་བཅོས། འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བ་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་དགོས་པའི་འདོད་ཚུལ་འཛིན་ཡོད། མིག་སྔར། ཡོ་རོབ་ཚུད་པའི་གོ་ལ་ཧྲིལ་པོའི་ས་ཁུལ་ཁག་གཅིག་ལ་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཚོད་བགམ་ཐེངས་གཉིས་པ་འཕྲད་བཞིན་ཡོད་པས། ལག་གདང་སྦྲེལ་ནས་རིམས་ནད་འགོག་བཅོས་བྱ་རྒྱུ་ནི་སྔར་བཞིན་ཕྱོགས་ཁག་གི་ལས་འགན་ཨང་དང་པོ་དེ་རེད། ཀྲུང་གོའི་ཕྱོགས་ཀྱིས་འཇར་མན་ཕྱོགས་བར་རིམས་འགོག་སྨན་གྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དང་། རིམས་འགོག་སྨན་དེ་ཉིད་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་ལ་བརྩིས་ནས་གཞུང་དྲང་ངང་བགོ་བཤའ་རྒྱག་རྒྱུར་སྐུལ་འདེད་གཏོང་བ། ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཕན་པ་ཐོབ་པ་བྱ་འདོད་ཡོད་ཅེས་ནན་གསུངས་གནང་ཡོད།

ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་ཚུན། ཀྲུང་གོ་དང་འཇར་མན་ཕྱོགས་གཉིས་ཀྱིས་སྟབས་བསྟུན་བྱེད་ཐབས་ལ་བརྟེན་ནས་འབྲེལ་གཏུག་རྒྱུན་འཁྱོངས་དང་དངོས་གཉེར་མཉམ་ལས་ལ་མུ་མཐུད་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་བཞིན་ཡོད་པ་དང་། ནང་མཁོ་རྒྱ་ཆེར་གཏོང་བ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་འཇར་མན་ཕྱོགས་ལ་གོ་སྐབས་གསར་པ་སྦྱིན་རྒྱུ་རེད། ང་ཚོས་ཀྱང་འཇར་མན་དང་ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་སྒོ་འབྱེད་རྒྱུན་འཁྱོངས་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་སྐད་ཆ་ཤོད་རེས་དང་མཉམ་ལས་བྱེད་པའི་གཙོ་ཁྲིད་ཀྱི་རྣམ་པ་དང་གཉིས་ཕན་མཉམ་རྒྱལ་གྱི་རྩ་དོན་ཁོང་དུ་ཡག་པོ་བྱེད་དགོས། རེས་སྐོར་གསར་པའི་ཀྲུང་གོ་དང་འཇར་མན་སྲིད་གཞུང་གི་གྲོས་མོལ་གྱིས་ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་འཆར་འགོད་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།

ཞི་ཅིན་ཕིང་གིས། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཁྲོད་ཀྲུང་གོ་དང་ཡོ་རོབ་བར་གྱི་མཉམ་ལས་ལ་གོ་ལ་ཧྲིལ་པོའི་རང་བཞིན་དང་འཐབ་ཇུས་རང་བཞིན་སྔར་བས་ཆེ་བ་ལྡན་ཡོད། ཕྱོགས་གཉིས་པོས་ཕན་ཚུན་ཡིད་ཆེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་རྒྱག་པ། ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱེད་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། ད་ལོའི་སྤྱི་ཟླ ༩ པར། ང་རང་ནས་སྐུ་ཉིད་དང་ཡོ་རོབ་མནའ་འབྲེལ་གྱི་ཀྲུའུ་ཞི་གཉིས་པོ་དང་བརྙན་ལམ་ཐོག་ནས་ཐུག་འཕྲད་ཞུས་ནས་ཐུན་མོང་ངོས་འཛིན་མི་ཉུང་བ་ཞིག་བྱུང་ཡོད་ལ། མིག་སྔར་དེ་དག་དོན་འཁྱོལ་བྱེད་བཞིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་མཉམ་དུ་དུས་མཚམས་རྗེས་མའི་ཀྲུང་གོ་དང་ཡོ་རོབ་ཀྱི་གྲོས་རིམ་གལ་ཆེན་ཐད་མུ་མཐུད་འབྲེལ་གཏུག་དམ་ཟབ་བྱེད་པ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་མ་འཇོག་གྲོས་ཆོད་ཀྱི་དབྱེ་འབྱེད་གྲོས་མོལ་དུས་བཀག་ལྟར་ལེགས་གྲུབ་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་བ། ཀྲུང་གོ་དང་ཡོ་རོབ་ཀྱི་ཁོར་ཡུག་དང་། གནམ་གཤིས། གྲངས་གཞིའི་གླེང་མོལ་བཅས་ཀྱི་ལམ་སྲོལ་འཛུགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་ཀྱི་གནོད་མེད་རོགས་ཟླ་དང་གྲངས་གཞིའི་རོགས་ཟླ་བཏོད་ཐོག དུས་བབ་གསར་པའི་འོག་ཀྲུང་གོ་དང་ཡོ་རོབ་ཀྱི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྟོབས་ཆེའི་སྒུལ་ཤུགས་བསྣན་འདོད་ཡོད་ཅེས་གསུངས་ཡོད་པ་རེད།

མོ་ཁེར་གྱིས། མིག་སྔར་འཛམ་གླིང་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པ་དང་ཡོ་རོབ་ལ་རིམས་ནད་ཀྱི་ཕོག་ཐུག་ཐེངས་གཉིས་པ་འཕྲད་བཞིན་ཡོད། ཀྲུང་གོས་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱས་ནས་དཔལ་འབྱོར་སྔོན་ལ་སླར་གསོ་བྱུང་བ་དེ་ནི་འཇར་མན་གྱི་ཁེ་ལས་ལ་ཕན་པ་ཡོད་པའི་གཏམ་བཟང་ཞིག་རེད། ཕྱོགས་གཉིས་པོས་རིམས་འགོག་སྨན་གྱི་མཉམ་ལས་ཐད་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས་ཚོང་དོན་མ་འཇོག་དང་ནུས་རྒྱུ་གསར་པའི་རླངས་འཁོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་ཀྱིས་འབྲེལ་ཡོད་ཕྱོགས་ཁག་དང་ས་ཁོངས་ཀྱི་ཁྱོན་ཡོངས་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད་བཞག་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ཀྲུང་གོའི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱེད་ཤུགས་ཆེ་རུ་བཏང་ནས་ལོ་འདིའི་ནང་ཡོ་རོབ་དང་ཀྲུང་གོའི་མ་འཇོག་གྲོས་ཆོད་ཀྱི་དབྱེ་འབྱེད་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་དུས་ཡུན་རིང་འབྲིང་གི་དམིགས་ཚད་དང་བསམ་འདུན་ཁྱབ་བསྒྲགས་བྱས་པར་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་དང་། ཀྲུང་གོའི་ཕྱོགས་དང་མཉམ་དུ་གནམ་གཤིས་འགྱུར་ལྡོག་དང་འབྱུང་ཁམས་ཁོར་ཡུག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མུ་མཐུད་དུས་མཚམས་རྗེས་མའི་འཇར་མན་དང་ཀྲུང་གོ་དང་། ཡོ་རོབ་དང་ཀྲུང་གོའི་ཆབ་སྲིད་ཀྱི་གྲོས་རིམ་གལ་ཆེན་ཐད་འབྲེལ་གཏུག་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་འདོད་ཡོད། ང་རང་ནས་འཇར་མན་དང་ཀྲུང་གོ་དང་། ཡོ་རོབ་དང་ཀྲུང་གོའི་བར་གྱི་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་ལེགས་པོ་ཡོང་བར་སྐུལ་འདེད་གཏོང་བར་མུ་མཐུད་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་དང་སློབ་གྲྭ་ཆེན་མོ་བའི་གྲོགས་པོ་རྣམ་པ་ཞེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ། ཞི་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་མོལ་ཐེངས་བཅུ་གཉིས་པར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ། ཞི་ཅིན་ཕིང་གིས་ཅང་སུའུ་རུ་རྟོག་ཞིབ་གནང་བ། ཞི་ཅིན་ཕིང་གིས་སྐབས་གསུམ་པའི་ཧྥ་རི་སིའི་ཞི་བདེ་གླེང་སྟེགས་ལ་བརྙན་མཐོང་ཐོག་ནས་ཤིས་ཚིག་གསུངས་པ། ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་དྲུག་ཅུ་རེ་གཉིས་དང་ཨང་དྲུག་ཅུ་རེ་གསུམ་པར་མཚན་རྟགས་བཀོད་པ།