གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ནས་འགྲིམ་འགྲུལ་ཚོགས་ཆེན་ལ་གཙོ་དོན་གསུང་བཤད་གནང་བ།

སྤེལ་དུས་: 2021ལོ་10ཟླ་15ཚེས་ 12:35 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སྤྱི་ཚེས ༡༤ ཉིན་གྱི་དགོང་མོ་བརྙན་ལམ་ཐོག་ནས་སྐབས་གཉིས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལ་ཧྲིལ་པོའི་རྒྱུན་མཐུད་འགྲིམ་འགྲུལ་ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་༼འཛམ་གླིང་དང་འབྲེལ་འདྲིས་དང་དུས་རབས་དང་འཚམ་མཐུན་བྱས་ཏེ། རྒྱུན་མཐུད་གོང་འཕེལ་གྱི་ལམ་བུའི་ཐོག་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད༽ཅེས་པའི་གཙོ་དོན་གསུང་བཤད་ཀྱང་གནང་བ་རེད།

ཞི་ཅིན་ཕིང་གིས། འགྲིམ་འགྲུལ་ནི་དཔལ་འབྱོར་གྱི་ཁྲག་རྩ་ལྟ་བུ་དང་ཤེས་དཔལ་གྱི་འབྲེལ་ཐག་ལྟ་བུ་རེད། གནའ་བོའི་དར་གོས་ལམ་བུའི་འཕེལ་རྒྱས་ནས་མཚོ་འགྲུལ་དུས་རབས་ཀྱི་འཕོ་འགྱུར་བར་དང་། དེ་ནས་དེང་རབས་ཀྱི་འགྲིམ་འགྲུལ་དྲ་རྒྱ་ཕྱོགས་བཞི་མཚམས་བརྒྱད་ལ་ཁྱབ་པའི་བར། འགྲིམ་འགྲུལ་གྱིས་དཔལ་འབྱོར་རྒྱུན་འཁོར་དང་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་བཏང་བས། འཛམ་གླིང་འདི་ཉིད་དམ་པོར་འབྲེལ་བའི་སའི་གོ་ལའི་གྲོང་ཚོ་ཞིག་ཏུ་གྱུར་ཡོད། མིག་སྔར། ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་དུས་གཅིག་ཏུ་ཐོན་པ་འདིས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་ལ་འགྲན་སློང་ཚབས་ཆེན་བཟོས་ཡོད་པས། ང་ཚོས་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་ནས་གོ་ལ་ཧྲིལ་པོའི་འགྲིམ་འགྲུལ་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། རྨང་གཞིའི་སྒྲིག་བཀོད་སྦྲེལ་མཐུད་དང་། ཉོ་ཚོང་མ་འཇོག་ཤར་བགྲོད། ཤེས་དཔལ་མཉམ་འདྲེས་མཐུན་སྦྱོར་བཅས་ཀྱི་ལེའུ་གསར་པ་རྩོམ་དགོས།

དེ་ཡང་གཅིག་ནས། སྒོ་དབྱེའི་མཉམ་འགུལ་རྒྱུན་འཁྱོངས་བྱས་ནས་མཉམ་འབྲེལ་མཉམ་མཐུད་ལ་སྐུལ་འདེད་གཏོང་དགོས། སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། མཐོང་ཆུང་ཅན་དང་ཟུར་འབུད་ཅན་གྱི་སྒྲིག་སྲོལ་དང་མ་ལག་མི་གཏོད་པར། དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དུ་འགྱུར་རྒྱུ་དེ་སྔར་བས་སྒོ་འབྱེད་དང་། ཁོང་ཡངས། ཀུན་ཕན། དོ་མཉམ། མཉམ་རྒྱལ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། རྨང་གཞིའི་སྒྲིག་བཀོད་འབྲེལ་མཐུད་དང་ ལམ་ལུགས་སྒྲིག་སྲོལ་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས། སྐམ་ས་དང་། རྒྱ་མཚོ། མཁའ་དབྱིངས། དྲ་བ་བཅས་གནས་བཞི་གཞི་གཅིག་ཅན་གྱི་མཉམ་འབྲེལ་མཉམ་མཐུད་ལ་སྐུལ་འདེད་གཏོང་དགོས།

གཉིས་ནས། ཐུན་མོང་གོང་འཕེལ་རྒྱུན་འཁྱོངས་བྱས་ནས་དྲང་གཞག་ཀུན་ཕན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཁག་མཉམ་དུ་འཕེལ་རྒྱས་ཕྱིན་ན་གཞི་ནས་འཕེལ་རྒྱས་ངོ་མ་དེ་ཡིན་པ་དང་། ཐུན་མོང་ཕྱུག་འགྱུར་བྱུང་ན་གཞི་ནས་ཕྱུག་འགྱུར་ངོ་མ་དེ་ཡིན། འཕེལ་རྒྱས་ཀྱི་དོ་མི་མཉམ་པའི་གནད་དོན་ཐག་གཅོད་ལེགས་པོ་བྱས་ན། ད་གཟོད་མིའི་རིགས་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྔར་ལས་རྒྱ་ཆེ་བའི་མདུན་ལྗོངས་གཏོད་ཐུབ། འགྲིམ་འགྲུལ་སྔོན་ལ་འཇོག་པའི་ནུས་པ་འདོན་སྤེལ་བྱས་ཐོག་ས་ཁུལ་དབུལ་པོའི་འགྲིམ་འགྲུལ་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས། ས་ཁུལ་དབུལ་པོའི་དཔལ་འབྱོར་དང་དམངས་འཚོ་དེ་ལམ་བུར་བརྟེན་ནས་འཕེལ་རྒྱས་ཡོང་བ་བྱེད་དགོས། དར་རྒྱས་ཆེ་བའི་རྒྱལ་ཁབ་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ཆེས་དར་རྒྱས་མེད་པའི་རྒྱལ་ཁབ་དང་སྐམ་སའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་སྔར་ལས་ལྷག་པ་བྱས་ཏེ་ཐུན་མོང་ཐོག་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

གསུམ་ནས། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་འགུལ་ནུས་ཆེ་རུ་གཏོང་དགོས། རིག་ལྡན་འགྲིམ་འགྲུལ་དང་རིག་ལྡན་ཟོག་འགྲེམས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། གྲངས་གཞི་ཆེ་མོ་དང་། དྲ་འབྲེལ། མིས་བཟོས་རིག་ནུས། ས་ཁོངས་སྦྲེལ་མཐུད་སོགས་ལག་རྩལ་གསར་པ་དང་འགྲིམ་འགྲུལ་ལས་རིགས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ། མི་དང་དངོས་ཟོག་བདེ་ལྷག་ངང་ཤར་བགྲོད་ཐུབ་པ་བྱེད་དགོས།

བཞི་ནས། འབྱུང་ཁམས་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས་སྦགས་མེད་ཐཱན་ཉུང་མངོན་འགྱུར་ཡོང་བ་བྱེད་དགོས། སྦགས་མེད་ཐཱན་ཉུང་འཕེལ་རྒྱས་གཏོང་བའི་དཔལ་འབྱོར་མ་ལག་འཛུགས་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྱོན་ཡོངས་ནས་སྦགས་མེད་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་རྒྱུ་ནི་ད་གཟོད་རྒྱུན་མཐུད་འཕེལ་རྒྱས་ཡོང་བའི་ཡུན་རིང་གི་འཐབ་ཇུས་ཡིན། སྦགས་མེད་ཐཱན་ཉུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་བྱེད་སྟངས་གང་མགྱོགས་ཆགས་པ་བྱས་ནས། སྦགས་མེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ནུས་རྒྱུ་གསར་པ་དང་། རིག་ནུས་ཅན། གྲངས་འཛིན་ཅན། སྤྱོད་བདེ་ཅན་བཅས་ཀྱི་འགྲིམ་འགྲུལ་སྒྲིག་ཆས་ཁྱབ་གདལ་གཏོང་བ། སྦགས་མེད་འགྲོ་སྐྱོད་ལ་སྐུལ་ལྕག་གཏོང་བ་བཅས་བྱས་ཏེ། འགྲིམ་འགྲུལ་སྔར་བས་ཁོར་སྲུང་དང་འགྲོ་སྐྱོད་སྔར་བས་ཐཱན་ཉུང་ཡོང་བ་བྱེད་དགོས།

ལྔ་ནས། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་དགོས།མཉམ་གྲོས་མཉམ་མཛུགས་མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་ལག་ལེན་བསྟར་ཐོག གོ་ལ་ཧྲིལ་པོའི་ཐོན་ཁུངས་སྐུལ་སློང་བྱས་ནས། གོ་ལ་ཧྲིལ་པོའི་འགྲན་རྩོད་ལ་ཁ་གཏད་གཅོག་པ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་གནས་བབ་ལ་སྲུང་སྐྱོང་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ ༢༠༣༠ ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་དོན་འཁྱོལ་བྱེད་པར་དམིགས་ཏེ།དབུལ་ཕོངས་ཉུང་གཏོང་དང་། འཕྲོད་བསྟེན།འགྲིམ་འགྲུལ་ཟོག་འགྲེམས།རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་མཉམ་ལས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། ཕྱོགས་ཁག་གིས་ཀྲུང་གོས་བཏོན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོའི་ནང་ཧུར་ཐག་ཞུགས་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་། མི་རབས་ཁ་ཤས་ཀྱིས་རི་ལ་ལམ་འབྱེད་པ་དང་ཆུ་ལ་ཟམ་པ་བསྐྲུན་ནས་འགྲིམ་འགྲུལ་རྒྱལ་ཁབ་ཆེན་པོ་བསྐྲུན་ཡོད་པ་དང་། འགྲིམ་འགྲུལ་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བཞིན་ཡོད། ང་ཚོས་འགྲིམ་འགྲུལ་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་ཐོག་གི་ཆེས་ཆེ་ཤོས་ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བ་དང་། མྱུར་བགྲོད་གཞུང་ལམ་དྲ་བ།འཛམ་གླིང་རིམ་པའི་གྲུ་ཁའི་ཚོགས་བཅས་བསྐྲུན་ཡོད་པ་དང་། མཁའ་འགྲུལ་དང་མཚོ་འགྲུལ་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་ཡོད། ང་ཚོས་གསར་གཏོད་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་བྱས་པས། མྱུར་བགྲོད་ལྕགས་ལམ་དང་གནམ་གྲུ་ཆེ་གྲས་སོགས་སྒྲིག་ཆས་བཟོ་སྐྲུན་ཐད་འགག་སྒྲོལ་གལ་ཆེན་བྱུང་བ་དང་། ནུས་ཁུངས་གསར་པའི་རླངས་འཁོར་གྱིས་གོ་ལ་ཧྲིལ་པོའི་བསྡོམས་འབོར་གྱི་ཕྱེད་ཀ་ཡན་ཟིན་པ། ཀང་ཀྲུའུ་ཨའོ་ཟམ་ཆེན་དང་པེ་ཅིང་ཏ་ཞིན་རྒྱལ་སྤྱིའི་གནམ་གྲུ་ཐང་སོགས་འགྲིམ་འགྲུལ་ལས་གཞི་ཆེན་པོ་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ་སོགས་འགྲིམ་འགྲུལ་དེ་ཉིད་ཀྲུང་གོའི་དེང་རབས་ཅན་གྱི་ལམ་སྣེ་གཏོད་མཁན་གྱི་གདོང་ལེན་པར་གྱུར་ཡོད། ང་ཚོས་འཛམ་གླིང་ཧྲིལ་པོ་དང་འགྲིམ་འགྲུལ་འབྲེལ་བ་རྒྱུན་འཁྱོངས་བྱས་པས། གོ་ལ་ཧྲིལ་པོའི་མཚོ་ཐོག་སྐྱེལ་འདྲེན་སྦྲེལ་མཐུད་བྱེད་ཚད་མཐོ་ཤོས་དང་དངོས་ཟོག་ཉོ་ཚོང་འབོར་གྲངས་མང་ཤོས་ཀྱི་དཔལ་འབྱོར་མ་ལག་ཅིག་ཏུ་གྱུར་ཡོད། ཏོག་གསར་གློ་ཚད་རིམས་ནད་ཐོན་རིང་། ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་དང་རྒྱང་སྐྱོད་ཟོག་འདྲེན་གྲུ་གཟིངས་ཀྱིས་ཉིན་མཚན་དབྱེར་མེད་དུ་འགྲོ་སྐྱོད་བྱས་ནས་གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད་ཅིང་། དེའི་ཐོག་ནས་ཀྲུང་གོའི་འགན་འཁྲི་འཁུར་སེམས་མཚོན་ཡོད་ཅེས་གསུངས་གནང་ཡོད།

ཞི་ཅིན་ཕིང་གིས།ཀྲུང་གོས་མུ་མཐུད་ཕྱོགས་མང་རིང་ལུགས་ངོ་མའི་དར་ཆ་མཐོན་པོར་བསྒྲེངས་ནས། འཛམ་གླིང་དང་འབྲེལ་བ་རྒྱུན་འཁྱོངས་བྱེད་པ་དང་དུས་རབས་དང་མཐུན་པ་བྱས་ཏེ།རང་ངོས་འཕེལ་རྒྱས་གཏོང་བ་དང་ཆབས་ཅིགགོ་ལ་ཧྲིལ་པོའི་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན།ཀྲུང་གོས་ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་འཛུགས་པའི་ཁ་ཕྱོགས་འགྱུར་མི་སྲིད་པ་དང་། ཉོ་ཚོང་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་འགྱུར་མི་སྲིད། ཀྲུང་གོའི་སྒོ་དབྱེའི་སྒོ་ཆེན་ཇི་ཙམ་ཕྱེ་ན་དེ་ཙམ་གྱིས་ཆེ་རུ་འགྲོ་བ་ལས་ནམ་ཡང་རྒྱག་མི་སྲིད། ཀྲུང་གོས་མུ་མཐུད་སྤུས་ཚད་མཐོ་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་།རྒྱལ་ཁབ་ཁག་གི་རྨང་གཞིའི་སྒྲིག་བཀོད་མཉམ་འབྲེལ་མཉམ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། སྦགས་མེད་ཀྱི་དར་གོས་ལམ་བུ་དང་གྲངས་འཛིན་གྱི་དར་གོས་ལམ་བུ་མགྱོགས་མྱུར་བསྐྲུན་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས།ཀྲུང་གོས་ཀྲུང་གོའི་རྒྱལ་སྤྱིའི་རྒྱུན་མཐུད་འགྲིམ་འགྲུལ་གསར་གཏོད་དང་ཤེས་བྱའི་ལྟེ་གནས་བསྐྲུན་ནས་གོ་ལ་ཧྲིལ་པོའི་འགྲིམ་འགྲུལ་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་བ་རེད།

མཇུག་ཏུ། ཞི་ཅིན་ཕིང་གིས།ང་ཚོས་ལག་གདང་སྦྲེལ་ནས་མཉམ་འབྲེལ་མཉམ་མཐུད་དང་གཉིས་ཕན་མཉམ་རྒྱལ་གྱི་ཡང་དག་བགྲོད་ལམ་ཐོག་བསྐྱོད་དེ།ཡུན་རིང་ཞི་བདེ་དང་།ཡོངས་ཁྱབ་བདེ་འཇགས།ཐུན་མོང་དར་རྒྱས།སྒོ་དབྱེ་ཁོག་ཡངས། དྭངས་གཙང་མཛེས་ལྡན་བཅས་ཀྱི་འཛམ་གླིང་ཞིག་ཐུན་མོང་ཐོག་བསྐྲུན་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

ཏིང་ཞུའེ་ཞང་དང་། ལིའུ་ཧོ། ཚའེ་ཆི། ཝང་དབྱི། ཧོ་ལི་ཧྥེང་སོགས་འགོ་ཚུགས་མཛད་སྒོར་ཞུགས་ཡོད། སྐབས་གཉིས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལ་ཧྲིལ་པོའི་རྒྱུན་མཐུད་འགྲིམ་འགྲུལ་ཚོགས་ཆེན་དེ་སྤྱི་ཟླ ༡༠ ཚེས ༡༤ ཉིན་ནས་ཚེས ༡༦ ཉིན་བར་དྲ་ཐོག་དྲ་འོག་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་པེ་ཅིང་དུ་འཚོག་བཞིན་ཡོད། ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་དང་། ཐུ་ཁུ་མན་སི་ཐན་གྱི་ཙུང་ཐུང་པེར་ཏེ་མུའུ་ཧ་མེ་ཏུའོ་ཧྥུའུ། ཨེ་ཙེ་ཨོ་པི་ཡའི་ཙུང་ཐུང་ས་ཧོ་ལེ-ཝོ་ཁེ། ཕ་ན་མའི་ཙུང་ཐུང་ཁོའར་ཏི་སོ། ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལུའེ་ཐེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི་སོགས་ཀྱིས་གདན་ཞུས་ལྟར་བརྙན་ལམ་རྣམ་པའི་ཐོག་ནས་ཤིས་ཚིག་གསུངས་ཡོད་པ་རེད། རྒྱལ་ཁབ ༡༧༡ གི་འཐུས་མི་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ནས་ཀྲུང་དབྱང་མི་དམངས་འཐུས་ཚོགས་ལས་དོན་གྲོས་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་བ། ཞི་ཅིན་ཕིང་ནས་རྒན་རྒོན་ཚོར་དུས་ཆེན་གྱི་སྨོན་འདུན་ཞུས་གནང་བ། ཞི་ཅིན་ཕིང་ནས་ཚོཊ་ཆེན་འདིའི་ཐོག་བརྗོད་དོན་གཙོ་བོའི་གསུང་བཤད་གནང་བ། ཞི་ཅིན་ཕིང་ནས་མཛད་སྒོ་འདིའི་ཐོག་གསུང་བཤད་གལ་ཆེན་གནང་འདུག ཞི་ཅིན་ཕིང་ཚོགས་ཆེན་འདི་ལ་ཞུགས་རྒྱུ་རེད་འདུག