གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཝང་ཅུན་ཀྲེང་གིས་བློ་མཐུན་རྒན་གྲས་ལ་འཚམས་འདྲི་གནང་བ།

སྤེལ་དུས་: 2021ལོ་10ཟླ་25ཚེས་ 11:39 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་རག་སྡིས་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བྱམས་པ་ཕུན་ཚོགས། དེ་བཞིན་རྒྱལ་མཚན་ནོར་བུ་དང་། ལེགས་མཆོག པ་སངས་སོགས་ལས་བྲལ་དང་རྒན་ཡོལ་ཞུས་པའི་བློ་མཐུན་རྒན་གྲས་ལ་འཚམས་འདྲི་གནང་བ་རེད། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་ཁོང་ཚོ་བརྒྱུད་རང་སྐྱོང་ལྗོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་བློ་མཐུན་རྒན་གྲས་ཚོར་བྱམས་བརྩེའི་འཚམས་འདྲི་གནང་བ་དང་། འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ཚོས་རང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ལ་ལེགས་སྐྱེས་ཕུལ་བར་བླ་ན་མེད་པའི་གུས་འདུད་ཞུས་པ། ཁོང་ཚོས་དུས་ཡུན་རིང་པོའི་ནང་ལྗོངས་ཡོངས་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

འཚམས་འདྲི་གནང་རིང་ཝང་ཅུན་ཀྲེང་གིས་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་ཁོང་ཚོའི་འཚོ་བ་དང་བདེ་ཐང་གི་གནས་ཚུལ་བཀའ་འདྲི་གནང་བ་མ་ཟད། ཚང་མར་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ཀྱང་གནང་བ་རེད། ཝང་ཅུན་ཀྲེང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག སྐབས་རིམ་བྱུང་གི་ཚན་ཁག་གིས་བཏོད་པའི་རྨང་གཞི་ཡག་པོའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ“དོན་ཆེན་བཞི”ལ་དམིགས་པ་དང“འགན་ལེན་བཞི”མངོན་འགྱུར་བྱས་ནས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། གྲུབ་འབྲས་དེ་ལྟར་ཐོབ་དོན་ནི་གཙོ་བོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་སྒྱུར་ཕྱོགས་སྟོན་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འོད་སྟོང་འཕྲོ་བའི་སྣེ་ཁྲིད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་བཅས་ལ་བརྟེན་ནས་བྱུང་བ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་རྒྱབ་སྐྱོར་ཤུགས་ཆེན་དེ་བཞིན་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་ལས་བྱུང་བ། འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ཚོས་ལས་གནས་ཐོག་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ་དང་ལས་བྲལ་དང་རྒན་ཡོལ་ཞུས་ཀྱང་སྔར་བཞིན་ལྗོངས་ཡོངས་ཀྱི་ལས་དོན་ལ་ཐུགས་ཁུར་ཟབ་མོ་གནང་བ་ལས་བྱུང་བ་ཞིག་རེད་ཅེས་གསུངས་པ་རེད།

ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་ཞུས་པ་དང་། ཁོང་ཚོས་གཟུགས་པོར་བདག་གཅེས་དང་ལེགས་ཆ་འདོན་སྤེལ་བྱས་ཏེ་སྔར་རྒྱུན་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། ཁོང་གིས་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ནི་ལྗོངས་ཡོངས་ཀྱི་རྩ་ཆེའི་རྒྱུ་ནོར་ཡིན་པས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རྒན་བཀུར་རྒན་གཅེས་དང་ལྷག་བསམ་རྣམ་དག་གིས་ཞབས་འདེགས་ཞུས་ཏེ་ཆབ་སྲིད་ཐད་བརྩི་འཇོག་དང་། བསམ་བློའི་ཐད་ཐུགས་ཁུར། འཚོ་བའི་ཐད་ལྟ་རྟོག སྙིང་སྟོབས་ཐད་གོང་བཀུར་བཅས་བྱས་ནས་ཞབས་ཞུ་འགན་ལེན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་ཞེས་གསུངས་པ་རེད།

འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ཚོས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་རང་ལྗོངས་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་དགའ་ཚོར་ཆེན་པོ་གནང་ཡོད། ཁོང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ནུས་ཤུགས་ལྷག་མ་འདོན་སྤེལ་ཧུར་ཐག་བྱས་ནས་སྔར་རྒྱུན་བཞིན་རང་ལྗོངས་ཀྱི་བྱ་གཞག་ཁག་གི་འཕེལ་རྒྱས་ལ་དོ་ཁུར་དང་ནུས་ཤུགས་ཡོད་རྒུས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་ཁག་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། ཁོང་ཚོས་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་དང་། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་རྒྱབ་སྐྱོར་ཤུགས་ཆེན། ལྗོངས་ཡོངས་ཀྱི་གོང་འོག་ཚང་མའི་མཐུན་སྒྲིལ་འབད་འཐབ་དང་འབད་བརྩོན་ལྷོད་མེད་བཅས་ཡོད་པས་བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཡོང་ངེས་རེད་ཅེས་གསུངས་པ་རེད།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

​ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོཊ་འཚོགས་པ། ཞི་ཅིན་ཕིང་ནས་འགྲིམ་འགྲུལ་ཚོགས་ཆེན་ལ་གཙོ་དོན་གསུང་བཤད་གནང་བ། ཞི་ཅིན་ཕིང་ནས་ཀྲུང་དབྱང་མི་དམངས་འཐུས་ཚོགས་ལས་དོན་གྲོས་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་བ། ཞི་ཅིན་ཕིང་ནས་རྒན་རྒོན་ཚོར་དུས་ཆེན་གྱི་སྨོན་འདུན་ཞུས་གནང་བ། ལྗོངས་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་འདུ་འཚོགས་པ།