ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས༼གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལེགས་གཏོང་གི་ལོ་ལྔའི་བྱ་སྤྱོད་ཇུས་གཞི་སྤྱི་ལོ ༢༠༢༡ ལོ་ནས་སྤྱི་ལོ ༢༠༢༥ ལོ་བར༽བཀྲམ་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
༼ཇུས་གཞིའི༽ནང་། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་གཏན་འཁེལ་གནང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་གཙོ་གནད་ལས་འགན་ཞིག་ཡིན་ལ། རྒྱ་ཆེའི་ཞིང་པའི་རྩ་བའི་བདེ་རྩ་དང་འབྲེལ་བ་ཡོད་པ་དང་། ཞིང་པ་མང་ཚོགས་ཀྱི་བདེ་ཐང་དང་འབྲེལ་བ་ཡོད་པ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་དང་འབྲེལ་བ་ཡོད་པ་བཅས་ཀྱང་རེད། སྤྱི་ལོ ༢༠༡༨ ལོར་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་ལོ་གསུམ་གྱི་བྱ་སྤྱོད་ལག་བསྟར་བྱས་ཚུན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་ལེན་ནན་ཏན་བསྟར་ཏེ་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལ་ཁྱོན་ཡོངས་ནས་སྐུལ་འདེད་ཏན་ཏིག་བཏང་བ་དང་གྲོང་གསེབ་ཏུ་ཡུན་རིང་ལྷགས་པའི་བཙོག་ཟིང་ཞན་གསུམ་གྱི་རྣམ་པར་འགྱུར་ལྡོག་བཏང་བས་གྲོང་ཚོའི་ཁོར་ཡུག་རྩ་བའི་ཆ་ནས་གཙང་ལ་གྲལ་འགྲིག་པ་དང་གོ་རིམ་ལྡན་པར་གྱུར་པ་དང་། ཞིང་པ་མང་ཚོགས་ཀྱི་ཁོར་ཡུག་འཕྲོད་བསྟེན་འདུ་ཤེས་ལ་དགའ་འོས་པའི་འགྱུར་ལྡོག་བྱུང་བ་དང་འཚོ་བའི་སྤུས་ཚད་ཡོངས་ཁྱབ་མཐོ་རུ་སོང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཕྱིར་འདེགས་སྐྱོར་ནུས་ལྡན་བྱས་ཡོད། འོན་ཀྱང་རང་རྒྱལ་གྱི་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་གི་སྤྱིའི་སྤུས་ཚད་མཐོ་པོ་མེད་པ་དང་། ད་དུང་ས་ཁོངས་འཕེལ་རྒྱས་དོ་སྙོམས་མེད་པ་དང་། གཞི་རྩའི་འཚོ་བའི་སྒྲིག་བཀོད་འཐུས་སྒོ་ཚང་པོ་མེད་པ། བདག་སྐྱོང་ལམ་སྲོལ་འཐུས་ཚང་མེད་པ་སོགས་ཀྱི་གནད་དོན་གནས་ཡོད་པ་དེ་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་བླང་བྱ་དང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ཞིང་པ་མང་ཚོགས་ཀྱི་རེ་འདོད་དང་ད་དུང་ཧེ་བག་ཡོད་ཅེས་ནན་བཤད་བྱས་ཡོད།
བྱ་སྤྱོད་ཀྱི་དམིགས་ཚད་ནི། སྤྱི་ལོ ༢༠༢༥ ལོར་སླེབས་སྐབས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་སྐྱེ་ཁམས་སྡོད་མལ་ལ་འཚམ་པ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ཐད་ཡར་རྒྱས་གསར་པ་ཡོང་བ་བྱ་རྒྱུ་དང་། གྲོང་གསེབ་ཏུ་གཙང་སྦྲ་དོད་པའི་གསང་སྤྱོད་ཁྱབ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ནས་གསང་སྤྱོད་ཀྱི་བཙོག་གཅིན་གཞི་རྩའི་ཆ་ནས་ཐག་གཅོད་ནུས་ལྡན་ཐུབ་པ་བྱ་རྒྱུ། གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་བྱེད་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ནས་གང་བྱུང་དུ་ཕྱིར་འབུད་བྱེད་པར་དོ་དམ་ཚོད་འཛིན་ཐུབ་པ་བྱ་རྒྱུ། གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་གནོད་མེད་ངང་གཙང་སེལ་བྱེད་པའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་ཆ་རྐྱེན་ཡོད་པའི་གྲོང་ཚོར་འཚོ་བའི་གད་སྙིགས་རིགས་དབྱེ་དང་འབྱུང་རྩ་ནས་ཉུང་དུ་གཏོང་རྒྱུ། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྐྱོང་གི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་ཕུགས་ཕན་བདག་སྐྱོང་ལམ་སྲོལ་གཞི་རྩའི་ཆ་ནས་འཛུགས་རྒྱུ། ཤར་རྒྱུད་ས་ཁུལ་དང་དབུས་ནུབ་རྒྱུད་ཀྱི་གྲོང་ཁྱེར་ཉེ་འདབས་སོགས་རྨང་གཞི་དང་ཆ་རྐྱེན་ཡོད་པའི་ས་ཁུལ་དུ་གྲོང་གསེབ་སྡོད་མལ་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་།གྲོང་གསེབ་ཀྱི་གཙང་སྦྲ་དོད་པའི་གསང་སྤྱོད་གཞི་རྩའི་ཆ་ནས་ཁྱབ་གདལ་གཏོང་བ། གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་བྱེད་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་བ། གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་སྤྱིར་ན་གནོད་མེད་ངང་ཐག་གཅོད་དང་འབྲེལ་རིགས་དབྱེ་ཐག་གཅོད་ཀྱི་ཚོད་ལྟའི་དཔེ་སྟོན་ལས་དོན་ལ་སྐུལ་འདེད་གཏོང་བ། ཕུགས་ཕན་བདག་སྐྱོང་ལམ་སྲོལ་ཁྱོན་ཡོངས་ནས་འཛུགས་པ་བཅས་བྱ་རྒྱུ། དབུས་ནུབ་རྒྱུད་དུ་རྨང་གཞི་ཅུང་ལེགས་པ་དང་གཞི་རྩའི་ཆ་ནས་ཆ་རྐྱེན་འཛོམས་པའི་ས་ཁུལ་དུ་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་གསེབ་ཁྱིམ་དུད་ཀྱི་གསང་སྤྱོད་ལེགས་བཅོས་བྱེད་འདོད་ཡོད་རིགས་ཚང་མ་ལེགས་བཅོས་བྱེད་པ། གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་བྱེད་ཚད་མཐོ་རུ་ནུས་ལྡན་གཏོང་བ། གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་བསྡུ་འདྲེན་གཙང་སེལ་མ་ལག་རྩ་བའི་ཆ་ནས་ཁྱོན་ཡོངས་ལ་ཁྱབ་པ། ཕུགས་ཕན་བདག་སྐྱོང་ལམ་སྲོལ་སྤྱིར་ན་འཛུགས་པ་བཅས་བྱ་རྒྱུ། ཐག་རིང་ལུང་ཁུག་ཏུ་གནས་པ་དང་དཔལ་འབྱོར་དར་རྒྱས་འགྲོ་འགོར་བའི་ས་ཁུལ་དུ་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་མངོན་གསལ་དོད་པོས་ལེཌ་སུ་གཏོང་བ་དང་། གྲོང་གསེབ་ཏུ་གཙང་སྦྲ་དོད་པའི་གསང་སྤྱོད་ཁྱབ་ཚད་རིམ་བཞིན་མཐོ་རུ་གཏོང་བ། གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་གཙང་སེལ་ཆུ་ཚད་མཐོ་རུ་གཏོང་བ། གྲོང་ཚོའི་རྣམ་པ་མུ་མཐུད་ལེགས་སུ་འགྲོ་བ་བཅས་བྱ་རྒྱུ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་ནས་མཉམ་སྡེབ་སློབ་སྦྱོང་འདིའི་ཐོག་གསུང་བཤད་གནང་འདུག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོགས་འཚོགས་པ། ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་གི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་པ། ཝང་ཅུན་ཀྲེང་གིས་ནག་ཆུའི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་ཏེ་གལ་ཆེའི་གསུང་བཤད་གནང་བ། ཝང་ཅུན་ཀྲེང་གིས་མངའ་རིས་ཀྱི་འཐུས་མི་ཚོཌ་པར་ནན་བཤད་འདི་འདྲ་གནང་བ།