གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ནས་མཉམ་སྡེབ་སློབ་སྦྱོང་འདིའི་ཐོག་གསུང་བཤད་གནང་འདུག

སྤེལ་དུས་: 2021ལོ་12ཟླ་08ཚེས་ 12:04 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཟླ ༡༢ པའི་ཚེས ༦ ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་བྱེད་པའི་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་སོ་ལྔ་པ་བྱས་ཡོད།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། རང་རྒྱལ་འདི་ཉིད་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སུ་སླེབས་ཡོད་པ་དང་།འཛམ་གླིང་ལ་ལོ་བརྒྱར་འབྱུང་དཀའ་བའི་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པའི་ཁར། བསྒྱུར་བཅོས་གོང་འཕེལ་བརྟན་པོ་ཡོང་བར་བྱེད་པའི་ལས་འགན་དཀའ་ཚེགས་ཆེ་ཞིང་། ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏིང་ཟབ་གཏོང་དགོས་པས་ཁྲིམས་སྐྱོང་གི་རྩ་བ་བརྟན་གཏོང་དང་། སྔོན་དཔག་བརྟན་གཏོང་།ཕུགས་ལ་ཕན་པ་བཅས་ཀྱི་ནུས་པ་སྔར་བས་འདོན་སྤེལ་བྱེད་དགོས། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུའི་ཐོག་སྐྱོད་དགོས་པ་དང་།ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་གཙོ་བོར་བཞག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་ལ་སྔར་བས་སྐུལ་འདེད་དང་། སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་སྟེ། སྒོ་ཀུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཆེད་ཁྲིམས་སྐྱོང་གི་འགན་སྲུང་མཁོ་འདོན་ནུས་ལྡན་བྱེད་དགོས་ཞེས་ནན་སྟོན་གནང་བ་རེད།

ཀྲུང་གོ་ཁྲིམས་རིག་པ་ཚོགས་པའི་ཚོགས་གཙོ་གཞོན་པ་བློ་མཐུན་ཞུས་ཞན་མིང་གིས་གནད་དོན་དེའི་ཐད་གསལ་འགྲེལ་གནང་བ་དང་ལས་དོན་ཐད་ཀྱི་གྲོས་འགོ་བཏོན་གནང་བ་རེད།ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་བློ་མཐུན་ནས་ཁོང་གི་འགྲེལ་བརྗོད་ལ་གཟབ་ནན་ངང་གསན་གནང་བ་མ་ཟད་གྲོས་བསྡུར་ཡང་གནང་ཡོད།

ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གལ་ཆེན་གནང་ཡོད།ཁོང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་ཏང་ཀྲུང་དབྱང་གིས་སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་དེ་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ནང་བཅུག་ནས་སྐུལ་འདེད་ནུས་ལྡན་གཏོང་བ་དང་།སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཐད་འཐབ་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱེད་པ། ཀྲུང་དབྱང་ཁྱོན་ཡོངས་བསྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་སྒྲིག་འཛུགས་བྱས་པ།ཏང་གིས་ཁྲིམས་བཙུགས་ལ་འགོ་ཁྲིད་བྱེད་པ་དང་།ཁྲིམས་བསྟར་ལ་འགན་ལེན་བྱེད་པ། ཁྲིམས་འཛིན་ལ་རྒྱབ་སྐྱོར་བྱེད་པ།ཁྲིམས་སྲུང་ལ་སྣེ་ཁྲིད་བྱེད་པ་བཅས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་པས་སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྤྱིའི་གནས་སྟངས་གྲུབ་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་འབེན་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་དང་། སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུ་དེ་རེད།ང་ཚོས་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་བྱེད་པའི་གཙོ་གནད་དེར་དམ་འཛིན་བྱེད་པ་དང་།ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདགཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་གཅིག་གྱུར་ནུས་ལྡན་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་། ཁྲིམས་ལྟར་སྲིད་སྐྱོང་བ། ཁྲིམས་ལྟར་སྲིད་འཛིན་པ་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཅན་དུ་འཛུགས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། སྒོ་ཀུན་ནས་ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་ཟབ་ཏུ་གཏོང་བ། བཅའ་ཁྲིམས་ཁྲིམས་སྲོལ་མ་ལག་དང་ཁྲིམས་སྐྱོང་ལག་བསྟར་མ་ལག ཁྲིམས་སྐྱོང་ལྟ་སྐུལ་མ་ལག ཁྲིམས་སྐྱོང་འགན་སྲུང་མ་ལག་བཅས་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་འཛུགས་སྐྱོང་ལ་གཅིག་འགྱུར་ཐོག་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་བྱེད་དགོས་ཞེས་བསྟན་འདུག

ཞི་ཅིན་ཕིང་གིས།ང་ཚོ་སྒོ་ཀུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་།ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་གསར་པར་ཞུགས་ཟིན།གོང་འཕེལ་གྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། གོང་འཕེལ་གྱི་གནས་སྟངས་གསར་པ་གྲུབ་པ།སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ།མི་དམངས་མང་ཚོགས་ཀྱི་དམངས་གཙོ་དང་ཁྲིམས་སྐྱོང་། གཞུང་དྲང་། དྲང་བདེན། བདེ་འཇགས། ཁོར་ཡུག་སོགས་ཀྱི་དགོས་མཁོ་གསར་པ་སྐོང་བ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་བ། ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་ཚང་མས་ཁྲིམས་སྐྱོང་འཛུགས་སྐྱོང་ལ་རེ་བ་གསར་པ་དང་མཐོ་པོ་མང་པོ་བཏོན་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་བྱེད་པར་བྱ་གཞག་གོང་འཕེལ་གྱི་དགོས་མཁོ་དང་བསྟུན་པ་དང་། མ་ལག་ལྟ་བ་རྒྱུན་འཁྱོངས་བྱེད་པ། སྒོ་ཀུན་ནས་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་འདུག

ཞི་ཅིན་ཕིང་གིས། ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་བྱེད་པའི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་།ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིགས་གཞུང་ལག་བསྟར་བྱེད་དགོས།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་མ་ལག་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གྲུབ་ཆའི་ཆ་ཤས་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཞེས་པའི་གཏན་འཁེལ་ངོ་བོ་འདིར་དམ་འཛིན་ཡག་པོ་བྱས་ཏེ་ཆབ་སྲིད་དང་ཁྲིམས་སྐྱོང་། བསྒྱུར་བཅོས་དང་ཁྲིམས་སྐྱོང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཀུན་སྤྱོད་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བ།ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཁྲིམས་སྲོལ་ལྟར་ཏང་སྐྱོང་བ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཐོགཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་།མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་རྒྱུར་འགན་ལེན་བྱེད་པ་སོགས་ཀྱི་གནད་དོན་ཆེ་གྲས་ཐད་རིག་པ་གསལ་པོ་དང་ལངས་ཕྱོགས་བརྟན་པོ་ཡོང་བ་བྱེད་དགོས།དུས་ནམ་ཡང་མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་སྐྱོང་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་། མི་དམངས་ལ་བརྟེན་དགོས་པ། མི་དམངས་ལ་ཕན་བདེ་སྐྲུན་པ། མི་དམངས་ལ་སྲུང་སྐྱོབ་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ་མི་དམངས་ཀྱི་ཁེ་ཕན་མཚོན་པ་དང་། མི་དམངས་ཀྱི་བསམ་འདུན་བརྗོད་པ། མི་དམངས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ།མི་དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས་ཞེས་གསུངས་གནང་བ་རེད།

ཞི་ཅིན་ཕིང་གིས། རྒྱལ་ཁབ་ཀྱི་བདེ་འཇགས་དང་། ཚན་རྩལ་གསར་གཏོད། སྤྱི་པའི་འཕྲོད་བསྟེན། སྐྱེ་དངོས་བདེ་འཇགས། འབྱུང་ཁམས་ཤེས་དཔལ། ཉེན་ཁ་འགོག་ཟོན་སོགས་ཁྱབ་ཁོངས་གལ་ཆེན་གྱི་ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་དགོས་པ་དང་། དམངས་འཚོའི་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་བཅོས་སྐྱོང་ནང་དགོས་མཁོ་ཆེ་བ་དང་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུར་མེད་དུ་མི་རུང་བའི་བཅའ་ཁྲིམས་ལམ་ལུགས་འཐུས་སྒོ་ཚང་དུ་ཧུར་ཐག་གཏོང་དགོས། སྒྲིག་སྲོལ་ལྟར་ཏང་སྐྱོང་བ་ལས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་ལ་ཐོན་པའི་ཆབ་སྲིད་ཀྱི་འགན་ལེན་ནུས་པ་འདོན་སྤེལ་བྱས་ནས། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཏང་ནང་གི་ཁྲིམས་སྲོལ་གཅིག་ལ་གཅིག་བརྟེན་གྱི་རྣམ་པ་ཞིག་ཆགས་པ་བྱེད་དགོས། ཁྲིམས་འཛུགས་སྤུས་ཚད་ཀྱི་འགག་རྩ་དེ་དམ་འཛིན་བྱས་ནས།ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། དམངས་གཙོའི་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། འཛུགས་པ་དང་། བཟོ་བཅོས། མེད་པ་བཟོ་བ།འགྲེལ་བཤད་རྒྱག་པ།རྩོམ་སྒྲིག་བྱེད་པ་བཅས་ལ་གཅིག་གྱུར་འཆར་འགོད་བྱེད་པ། ཁྲིམས་འཛུགས་ཀྱི་ལས་ཕྱོད་མཐོ་རུ་གཏོང་བ། ཁྲིམས་འཛུགས་ཀྱི་བརྒྱུད་རིམ་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་གཏོང་དགོས། རིམ་ཁག་ཁྲིམས་འཛུགས་ལས་ཁུངས་དང་ལས་དོན་སྡེ་ཁག་གིས་ཁྲིམས་འཛུགས་ཀྱི་གོ་རིམ་ལ་བརྩི་སྲུང་དང་།ཁྲིམས་འཛུགས་ཀྱི་དབང་ཚད་ནན་སྲུང་བྱས་ཏེ།དབང་ཚད་ལས་བརྒལ་ནས་ཁྲིམས་འཛུགས་དང་།ཁྲིམས་འཛུགས་བསྐྱར་མ་བྱེད་པ།རྨོངས་ཚོད་ཀྱིས་ཁྲིམས་འཛུགས་བཅས་བྱེད་རིགས་སྔོན་འགོག་ཏན་ཏིག་བྱས་ཏེ།སྡེ་ཁག་གི་ཁེ་ཕན་དང་ས་གནས་སྲུང་སྐྱོང་རིང་ལུགས་ཀྱི་ཤུགས་རྐྱེན་ཐེབས་པའི་རིགས་སྔོན་འགོག་ནུས་ལྡན་བྱ་དགོས། བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་འགན་སྲུང་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཅིག་གྱུར་དང་། ལ་རྒྱ། དབང་གྲགས་བཅས་ལ་སྲུང་སྐྱོང་བྱས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡོད་ཚད་ངེས་པར་དུ་རྩད་གཅོད་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་དང་འགོ་ཁྲིད་ལས་བྱེད་པ་ཚང་མས་དར་ཆ་གསལ་སྟོན་གྱིས་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་རང་ཚུགས་ངང་འགན་དབང་སྤྱོད་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་ལས། འགན་དབང་སྤྱད་དེ་ཁྲིམས་འཛིན་ལ་ཐེ་ཇུས་དང་གྱོད་གཞིར་ཐེ་ཇུས་གཏན་ནས་བྱེད་མི་ཆོག་ཅེས་ནན་སྟོན་གནང་བ་རེད།

ཞི་ཅིན་ཕིང་གིས།ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས། མི་དམངས་མང་ཚོགས་ལ་བཅའ་ཁྲིམས་ལམ་ལུགས་རེ་རེ་དང་། ཁྲིམས་འཛིན་གཏན་འབེབས་རེ་རེ།ཁྲིམས་འཛིན་གྱོད་གཞི་རེ་རེ་བཅས་ཀྱི་ཁྲོད་དྲང་གཞག་དྲང་བདེན་མྱོང་ཚོར་ཐུབ་པ་བྱ་རྒྱུའི་དམིགས་ཚད་ལ་དམིགས་ཏེ།ཁྲིམས་འཛིན་སྒྲིག་གཞིའི་ཕྱོགས་བསྡུས་ཆ་འགྲིག་ཚང་བའི་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས། དྲང་གཞག་དང་། ཕན་ཆེ། དབང་གྲགས་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་གང་མགྱོགས་འཛུགས་དགོས། སྤྱི་ཚོགས་དྲང་གཞག་དྲང་བདེན་གྱི་ཁྲིམས་སྐྱོང་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།ཁྲིམས་བསྟར་དབང་ཆ་དང་།ཁྲིམས་འཛིན་དབང་ཆ།ལྟ་ཞིབ་དབང་ཆ་བཅས་བེད་སྤྱོད་ལམ་སྲོལ་འཐུས་ཚང་དུ་གཏོང་བ། དབང་ཆ་ཚོད་འཛིན་དང་ལྟ་སྐུལ་བྱ་རྒྱུ་འཐུས་ཚང་དུ་གཏོང་དགོས། མ་ལག་ཆ་ཚང་བ་དང་། སྒྲིག་སྲོལ་དང་མཐུན་པ།ལས་ཕྱོད་ཆེ་བ་བཅས་ཀྱི་ཁྲིམས་བསྟར་ཁྲིམས་འཛིན་གྱི་ཚོད་འཛིན་ལྟ་སྐུལ་མ་ལག་གང་མགྱོགས་འཛུགས་དགོས། ཁྲིམས་འཛུགས་དབང་ཆ་དང་། ཁྲིམས་བསྟར་དབང་ཆ། ལྟ་ཞིབ་དབང་ཆ། ཁྲིམས་འཛིན་དབང་ཆར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་། སྤྱི་བདེ་ལས་ཁུངས། ཞིབ་དཔྱོད་ལས་ཁུངས། འདྲི་གཅོད་ལས་ཁུངས། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་བཅས་ཀྱིས་རང་འགན་རང་འཁུར་བྱ་རྒྱུ་འཐུས་ཚང་དུ་གཏོང་བ། མྱུལ་ཞིབ་དབང་ཆ་དང་། ཞིབ་དཔྱོད་དབང་ཆ། འདྲི་གཅོད་དབང་ཆ། ལག་བསྟར་དབང་ཆ་བཅས་ཕན་ཚུན་ཚོད་འཛིན་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཁྲིམས་སྐྱོང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ་དང་།ཁྲིམས་རྩོད་པ་དང་།གཞུང་དཔང་། ཁྲིམས་འཛིན་གསལ་འབྱེད།ཁྲུན་གཅོད། འདུམ་འགྲིག་སོགས་བཅའ་ཁྲིམས་ཞབས་ཞུའི་དཔུང་ཁག་གོང་འཕེལ་མགྱོགས་སུ་གཏོང་བ།ཁྲིམས་འཛིན་མི་སྣའི་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཏང་དང་། རྒྱལ་ཁབ། མི་དམངས། བཅའ་ཁྲིམས་བཅས་ལ་བློ་དཀར་སེམས་དཀར་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལས་དོན་དཔུང་ཁག་ཅིག་ནུས་ཤུགས་ཡོད་རྒུས་འཛུགས་སྐྱོང་བྱེད་དགོས། སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་གཏིང་ཟབ་ཏུ་བཏང་ནས། ཁྲིམས་བསྟར་ཁྲིམས་འཛིན་ཁྱབ་ཁོངས་ཀྱི་རུལ་སུངས་ལ་ཁྲིམས་ལྟར་མུ་མཐུད་རྡུང་རྡེག་གཏོང་བ་དང་། ནག་འཇོམས་ངན་སེལ་རྒྱུན་རྣམ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་འདུག

ཞི་ཅིན་ཕིང་གིས། རྒྱལ་ནང་གི་ཁྲིམས་སྐྱོང་དང་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་བརྒྱབ་ནས། རང་རྒྱལ་གྱི་ཁྲིམས་དེ་མངའ་ཁོངས་ཕྱི་རོལ་དུ་སྤྱོད་གོ་ཆོད་པའི་བཅའ་ཁྲིམས་ཀྱི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས། ཁྲིམས་བསྟར་ཁྲིམས་འཛིན་གྱི་མཉམ་ལས་རྒྱ་ཆེ་རུ་གཏོང་རྒྱུ་དེ་ཕྱོགས་གཉིས་པོའི་ཕྱོགས་མང་འབྲེལ་བ་འཛུགས་སྐྱོང་གི་གྲོས་གཞི་གལ་ཆེན་ནང་བཅུག་ནས། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་འཛིན་གྱི་ཕན་ནུས་ཆེ་རུ་གཏོང་བ་དང་།རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་ཞེས་ནན་སྟོན་གནང་བ་རེད།

ཞི་ཅིན་ཕིང་གིས། ཁྲིམས་སྐྱོང་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་ཁྲིམས་ལུགས་རིག་པའི་རིག་ཚན་མ་ལག་དང་། རིག་གཞུང་མ་ལག སྐད་ཆ་ཤོད་དབང་མ་ལག་བཅས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་དགོངས་པ་དེ་ཁྲིམས་ལུགས་རིག་པའི་རིག་ཚན་ཁག་གི་བསླབ་གཞི་རྩོམ་འབྲི་དང་སློབ་ཁྲིད་ལས་དོན་ཁྲོད་དོན་འཁྱོལ་བྱས་ཏེ། ཕུགས་བསམ་དད་སེམས་བརྟན་པོ་དང་། ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བརྩེ་སེམས་ཟབ་མོ། ཁྲིམས་ལུགས་རིག་པའི་རྩ་བ་བརྟན་པོ་བཅས་ཀྱི་ཁྲིམས་སྐྱོང་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱེད་དགོས། ཁྲིམས་རྩོད་པའི་དཔུང་ཁག་ལ་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱ་ཆེའི་ཁྲིམས་རྩོད་པས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་ཞུ་བ་དང་།རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལ་བརྩི་བཀུར་ཞུ་བ་སོགས་པའི་ལས་ཞུགས་ཀྱི་གཞི་རྩའི་བླང་བྱར་རང་རྟོགས་ངང་བརྩི་སྲུང་ཞུ་བར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། ཏང་དང་མི་དམངས་བློ་ཡིད་ཚིམ་པའི་ཁྲིམས་རྩོད་པ་ཡག་པོ་ཞིག་བྱ་དགོས། དམངས་ཡོངས་ཀྱིས་ཁྲིམས་སྲུང་བར་སྐུལ་འདེད་གཏོང་རྒྱུ་དེ་རྨང་གཞིའི་ལས་གཞིར་བརྩི་བ་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་།རྒྱ་ཆེའི་མང་ཚོགས་ལ་རང་རྟོགས་ངང་ཁྲིམས་སྲུང་བ་དང་། དོན་དག་འཕྲད་སྐབས་ཁྲིམས་འཚོལ་བ། གནད་དོན་ཐག་གཅོད་བྱེད་སྐབས་ཁྲིམས་ལ་བརྟེན་པ་བཅས་བྱ་རྒྱུའི་ཁྲིད་སྟོན་བྱེད་དགོས།རང་རྒྱལ་གྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་དང་ཁྲིམས་སྐྱོང་ལག་ལེན་གྱི་ཉམས་མྱོང་ཕྱོགས་སྡོམ་བྱེད་དགོས་པ་དང་། རང་རྒྱལ་གྱི་ཕུལ་བྱུང་སྲོལ་རྒྱུན་ཁྲིམས་སྐྱོང་རིག་གནས་རྒྱས་བཤད་བྱེད་པ་དང་། ཀྲུང་གོའི་ཁྲིམས་སྐྱོང་གཏམ་རྒྱུད་ཡག་པོ་ཤོད་དགོས་ཞེས་བསྟན་འདུག

ཞི་ཅིན་ཕིང་གིས།རིམ་ཁག་ཏང་ཨུད་ཀྱིས་བྱེད་པོའི་འགན་འཁྲི་ཡག་པོ་འཁུར་བ་དང་། བཀོད་སྒྲིག་གལ་ཆེན་དང་། ལས་འགན་གལ་ཆེན། གཙོ་གནད་ལས་དོན་བཅས་ལ་གཅིག་འདུས་བྱེད་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། རང་འགུལ་ངང་བྱས་རྗེས་འཇོག་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱེད་དགོས། འཐབ་ཕྱོགས་ཁག་དང་སྡེ་ཚན་ཁག་གིས་མཉམ་འཛིན་སྤྱི་སྒྲུབ་དང་། འགན་འཁྲི་ཏན་ཏིག་འཁུར་བ། མཉམ་ཤུགས་ཆགས་པ་བཅས་བྱས་ནས། ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་ནན་སྟོན་གནང་བ་རེད།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོགས་འཚོགས་པ། ཞི་ཅིན་ཕིང་ནས་རྒྱལ་སྤྱིའི་གླེང་སྟེཊ་འདི་ལ་ཤིས་ཚིག་སྒྲོན་གནང་འདུག ཞི་ཅིན་ཕིང་གིས་ལས་དོན་གྲོས་ཚོགས་འདིའི་ཐོག་འདི་ལྟར་གསུངས། ཞི་ཅིན་ཕིང་ནས་དམག་ཡོངས་ཀྱི་རྒྱབ་ཕྱོཊ་མཁོ་སྒྲུབ་ཐད་ནན་སྟོན་གནང་བ།