སྤྱི་ཚེས ༢༥ དང་ ༢༦ ཉིན། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ། མིག་སྔའི་ཞིང་གསུམ་ལས་དོན་ལ་འཕྲད་པའི་དུས་བབ་ཀྱི་ལས་འགན་ལ་དབྱེ་ཞིབ་དང་ ༢༠༢༢ ལོའི་ཞིང་གསུམ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། ཚོགས་འདུ་མ་འཚོག་གོང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས། ཞིང་གསུམ་ལས་དོན་ལ་ཆེད་དོན་ཞིབ་འཇུག་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཞི་ཅིན་ཕིང་གིས་གསུངས་དོན། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པར་ངེས་པར་དུ་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་དགོས་མཁོར་དམིགས་པ་དང་། ཞིང་ལས་ཀྱི་གཞི་གདན་བརྟན་དུ་གཏོང་བ་དང་ཞིང་གསུམ་གྱི་ལས་དོན་ཡག་པོ་སྒྲུབ་པ། བྱེད་ཐབས་ནན་པོ་སྤྱོད་པ། ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཐོན་འབབ་བརྟན་པ་དང་མཁོ་སྤྲོད་འགན་ལེན་དང་། ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས། ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རག་ལས་ཐོན་རྫས་ཀྱི་མཁོ་སྤྲོད་འགན་ལེན་བྱེད་རྒྱུ་ནི་འཐབ་ཇུས་རང་བཞིན་གྱི་གནད་དོན་གལ་ཆེན་ཞིག་ཡིན་པས། ག་དུས་ཡིན་རུང་ཀྲུང་གོ་བའི་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས་པ་མ་ཟད། རང་ཁ་རང་གསོ་ཐུབ་པའང་བྱེད་དགོས། འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པར་ཚང་མར་འགན་འཁྲི་ཡོད་པས། ཏང་སྲིད་འགན་འཁྲི་མཉམ་འཁུར་ལ་ཕན་འབྲས་ངོ་མ་ཐོན་པ་བྱེད་དགོས། བཀོད་སྒྲིག་ལུགས་མཐུན་བྱས་ནས་ཐོན་ཁུལ་གཙོ་བོ་དང་། བྲིན་ཚོང་ཁུལ་གཙོ་བོ། ཐོན་སྐྱེད་དང་བྲིན་ཚོང་དོ་སྙོམས་ཁུལ་བཅས་ཀྱི་རྒྱ་ཁྱོན་དང་ཐོན་འབབ་འགན་ལེན་བྱེད་དགོས། རྨོ་ཞིང་སྲུང་སྐྱོང་གི་བླང་བྱ་ཧ་ཅང་གསལ་པོ་ཡོད་དགོས་ཤིང་། རྨོ་ཞིང་མུའུ་དུང་ཕྱུར ༡༨ མིང་དོན་མཚུངས་པ་ཞིག་ཡིན་དགོས་ཏེ། ཞིང་ཁ་ནི་ཞིང་ཁ་རང་ཡིན་དགོས་པ་མ་ཟད། ངེས་པར་དུ་ས་རྒྱུ་གཤིན་པའི་ཞིང་ཁ་ཡིན་དགོས། ཏན་ཏན་ཏིག་ཏིག་སྒོ་ནས་གྲུབ་ཆ་ལེགས་སྒྲིག་བྱས་ནས་སྲན་ཆེན་དང་སྣུམ་རྒྱུའི་འདེབས་ཁྱོན་ཆེ་རུ་བཏང་སྟེ་དཔྱད་ཞིབ་ཐེག་པའི་ཕན་འབྲས་ཐོན་པར་བྱེད་དགོས། ཤ་ཚལ་སྒོང་གསུམ་གྱི་ཧྲི་ཀྲང་གི་འགན་འཁུར་ལམ་ལུགས་དངོས་འབྲེལ་དོན་འཁྱོལ་བྱས་ཏེ་ཕག་ཤ་དང་སྔོ་ཚལ་སོགས་ཞིང་ཞོར་ཐོན་རྫས་མཁོ་སྤྲོད་ཡག་པོ་ཐུབ་པའི་འགན་ལེན་བྱེད་དགོས། ཞི་ཅིན་ཕིང་གིས་གསུངས་དོན། གྲོང་གསེབ་དར་རྒྱས་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་དེ་ཡིན་པས་མུ་མཐུད་དམ་འཛིན་ནན་པོ་དང་ཡག་པོ་བྱས་ནས། དབུལ་སྒྲོལ་མང་ཚོགས་ཀྱི་འཚོ་བ་སྔར་བས་ལེགས་སུ་གཏོང་དགོས། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་འབྲེལ་མཐུད་དམ་ཟབ་ཡོང་བར་མུ་མཐུད་སྐུལ་འདེད་བཏང་ནས་གཞི་ཁྱོན་ཆེ་བའི་དབུལ་པོ་བསྐྱར་ལོག་མི་ཡོང་བའི་འགན་ལེན་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་གྲུབ་འབྲས་རླབས་པོ་ཆེ་སྲུང་སྐྱོང་དང་སྲ་བརྟན་དུ་ཏན་ཏིག་གཏོང་དགོས། ཞིང་གསུམ་ལས་དོན་ཁྱབ་ཁོངས་ཀྱི་འགོ་ཁྲིད་ལས་བྱེད་པས་ཞིང་གསུམ་ལས་དོན་གྱི་འཇོན་ཐང་ཆེ་རུ་གཏོང་རྒྱུར་དམ་འཛིན་བྱེད་དགོས། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་དཔལ་འབྱོར་དམིགས་བསལ་ཁུལ་འདིར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ། སྨན་བཅོས་འགན་སྲུང་གིས་དམངས་ལ་ཕན་བདེ་བསྐྲུན། ཞི་ཅིན་ཕིང་ནས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ཐད་ནན་སྟོན་གནང་དོན། ཝང་ཅུན་ཀྲེང་གིས་འབྲས་སྤུངས་དགོན་དང་སེ་ར་དགོན་དུ་བརྟག་ཞིབ་གནང་བ། ཝང་ཅུན་ཀྲེང་གིས་ཁོང་རྣམ་པར་མཇལ་འཕྲད་གནང་འདུག